ཟླ་བ་ཚེ་རིང་། (ཧྥ་རན་སི།)
སྔོན་གླེང་།
ཕྱི་ཟླ་བདུན་པའི་ཚེས་གཅིག་ནི་ཧོང་ཀོང་གི་བདག་དབང་ཕྱིར་སྤྲོད་བྱས་པའི་ཉིན་མོ་ཡིན་ཞིང་། ད་ལོ་ནི་བདག་དབང་ཕྱིར་སྤྲོད་བྱས་ནས་མི་ལོ་ཉེར་གསུམ་འཁོར་བའི་ལོ་ཡིན། ཕྱི་ལོ་༡༨༤༢ལོར་མན་ཇུ་སྲིད་གཞུང་གིས་ཧོང་ཀོང་ཟུར་བཅད་ཀྱིས་དབྱིན་ཇི་གཞུང་ལ་སྤྲད། ༡༩༨༤ ལོར་དབྱིན་རྒྱ་གཉིས་ཀྱིས་ཧོང་ཀོང་ཀི་བདག་དབང་ཕྱིར་སྤྲོད་ཐད་<< དབྱིན་རྒྱ་མཉམ་སྦྲེལ་བསྒྲགས་གཏམ་>>ལ་མོས་མཐུན་མཚན་རྟགས་བཀོད་ཅིང་། ༡༩༩༧ ལོའི་ཟླ་༧ ཚེས་༡ ཉིན་ཧོང་ཀོང་གི་བདག་དབང་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་དང་འབྲེལ། རྒྱལ་སྲུང་དང་ཕྱི་འབྲེལ་ལས་ཧོང་ཀོང་ལ་མི་ལོ་ལྔ་བཅུའི་རིང་<<རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་>>ལག་བསྟར་བྱ་ཆོག་པ་དང་། ཕྱི་ལོ་༢༠༥༧ ལོར་ཡང་བསྐྱར་ཧོང་ཀོང་ཀི་མ་འོངས་མདུན་ལམ་ཐད་གྲོས་མོལ་བྱ་རྒྱུ་གཏན་འབེབས་བྱས།
འོན་ཀྱང་། ཁ་སང་སྟེ་ཕྱི་ལོ་༢༠༢༠ ལོའི་ཟླ་༦ ཚེས་༣༠ ཉིན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུའི་སྟེང། ཧོང་ཀོང་གི་<<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>གཏན་འབེབས་བྱས་ཏེ། དེ་རིང་ནས་ལག་བསྟར་བྱེད་གཏན་འཁེལ་ཡོད། འདིས་གོ་དོན་ནི་ད་ནས་བཟུང་ཧོང་ཀོང་གི་<<རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་>> ཀྱི་རང་དབང་རང་སྐྱོང་གི་ལེའུ་དེ་མཇུག་རྫོགས་ནས། རྒྱ་ནག་གི་མངའ་ཁུལ་གཞན་ལྟར་དམངས་གཙོ་དང་སྨྲ་བརྗོད་རང་དབང་སོགས་འཆི་ལམ་དུ་བརྫངས་བ་ཡིན། ཧོང་ཀོང་ལ་དེ་རིང་གི་གནས་སྟངས་འདི་ཤར་བ་ནི་སྟོས་དབང་མིན་པར། མང་བོ་ཞིག་གིས་སྔོན་ཚུན་ནས་ཚོད་དཔག་བྱས་ཡོད། ཧོང་ཀོང་གི་གློག་བརྙན་<<ལོ་བཅུ་>>ནི་དེའི་ཁྲོད་ཀྱི་གཅིག་ཡིན་ཞིང་། ཁོས་དེ་རིང་གི་གནས་སྟངས་འདི་འབྱུང་བར་ལོ་ལྔའི་སྔོན་ནས་ཞིབ་ཚགས་ཀྱིས་”མ་འོངས་ལུང་བསྟན་”གནང་ཡོད།
གཅིག དབང་ཤེས་ལྔ་ལས་གྲུབ་པའི་ལོ་བཅུ།
<<ལོ་བཅུ།•十年•Ten Years >>ནི་ཕྱི་ལོ་༢༠༡༥ ལོར་ཕབ་བསྐྲུན་འགྲེམ་སྤེལ་བྱས་པའི་གློག་བརྙན་ཞིག་ཡིན། ཧོང་ཀོང་གི་གཞོན་སྐྱེས་གློག་བརྙན་འཁྲབ་འཁྲིད་པ་ཝའུ་ཅཱ་ལིང་(伍嘉良)གིས་གཙོ་འགན་འཁུར་ཞིང་། གཏམ་རྒྱུད་ཀྱི་རྣམ་པ་མི་འདྲ་བའི་རང་དབང་གི་གློག་བརྙན་ཐུང་ངུ་ལྔ་མཉམ་དུ་སྦྲེལ་བའི་ཕྱོགས་བསྒྲིགས་གློག་བརྙན་ཞིག་ཡིན། གློག་བརྙན་ཧྲིལ་བོ་འཁྲབ་འཁྲིད་པ་ཀོ་ཀྲིན་(郭臻)གྱི་<<ཧྥོའུ་བཀྭའ་།•浮瓜•Extras>>’ཆུ་ཁར་གཡེང་བའི་ཤིང་འབྲས་’དང་། ཧོང་ཧྥེ་ཕོན་(黄飞鹏)གྱི་<<དགུན་འབུ།•冬蝉•Season of the End>> ཨོ་ཝུན་ཅེ་(欧文杰)ཡི་<<ཁ་སྐད།•方言•Dialect>> ཀྲིག་ཀོན་ཝའེ་(周冠威)ཡི་<<རང་ལུས་སྲེག་མཁན།•自焚者•Self-Immolator>> ཝའུ་ཅཱ་ལིང་རང་ཉིད་ཀྱི་<< རང་སའི་བྱ་སྒོང་།•本地蛋•Local Egg>>བཅས་ཀྱིས་གྲུབ་ཡོད། གསར་སྐྱེས་འཁྲབ་འཁྲིད་པ་ལྔ་བོས་རང་རང་གི་བསམ་པའི་འཆར་སྒོ་དང་བསྟུན་ནས། ལོ་བཅུའི་རྗེས་ཏེ། ཕྱི་ལོ་༢༠༢༥ ལོར་ཧོང་ཀོང་ནང་འབྱུང་ངེས་པའི་སྤྱི་ཚོགས་གནད་དོན་ཁག་ཅིག་གསལ་སྟོན་བྱེད་ཐབས་བྱས་ཡོད་ལ། ཁོ་ཚོའི་གཏམ་རྒྱུད་སོ་སོའི་ངོ་བོ་དང་ཁྱད་ཆོས་མི་འདྲ་ནའང་། ཚང་མའི་བསྟན་དོན་ནི། ལོ་བཅུའི་རྗེས་སུ་ཧོང་ཀོང་ཇི་འདྲ་བ་ཞིག་ཏུ་འགྱུར་མིན་དེ་ཡིན།
བརྙན་ཐུང་ལྔ་བོའིབརྗོད་དོན་ནི་”རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལག་བསྟར་བྱེད་བཞིན་པའི་ཧོང་ཀོང་གི་འགྱུར་ལྡོག་སྟེ། ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་དང་རིག་གཞུང་།ལྷག་པར་དུ་ཧོང་ཀོང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། སྨྲ་བརྗོད་རང་དབང་སོགས་ཡིན་ཞིང་། དེང་སྲིད་དོན་གྱི་ཚོར་ཤུགས་རྣོ་བའི་”རང་སྲིད་རང་སྐྱོང་”དང་། “ཧོང་ཀོང་རང་བཙན་”ལྟ་བུའི་ལམ་ལུགས་འཐབ་རྩོད་དང་སྲིད་དོན་དགོས་འདུན་ཡང་བསྣན་ཡོད། གློག་བརྙན་ནང་། འབྱུང་འགྱུར་ཧོང་ཀོང་གིས་དམངས་གཙོ་དང་རང་དབང་ལ་ཚོད་འཛིན། སྨྲ་བརྗོད་དང་འོས་བསྡུ་ལ་བཀག་རྒྱ། སྤྱི་ཚོགས་དང་དཔལ་འབྱོར་ཉམ་ཆག རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་སྐད་ཡིག་བོར་བརླག རང་ས་རང་ཡུལ་གྱི་རིག་དངོས་གཏོར་བཤིག་གི་དཀའ་ངལ་ལ་གདོང་ལེན་དགོས་ཤིང་། གདོང་ལེན་དེ་དག་གི་ཁྲོད་ངོ་རྒོལ་བར་དྲག་གནོན་དང་འཛིན་བཟུང་། བཀག་ཉར་དང་བཙོན་འཇུག མནར་གཅོད་དང་ཁྲིམས་ཆད་སོགས་གཏོང་ངེས་པ་མ་ཟད། འུ་ཐུག་ཐབས་ཟད་དང་ཚད་ལས་བརྒལ་བའི་བསམ་སྤྱོད་འོག སྤྱི་ཚོགས་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཡང་ཐོན་ཡོང་བའི་མ་འོངས་”ལུང་བསྟན་”གནང་ཡོད། གློག་བརྙན་ནང་གི་གཏམ་རྒྱུད་ལྔ་བོ་སྒེར་ཚུགས་ཅན་དང་རང་སྐྱ་འཕེར་བ་ཡིན་ནའང་། རྒྱུན་ཐག་གི་ཆ་ནས་སྔ་ཕྱི་ཚང་མར་ཧ་ཅང་གི་ཚགས་དམ་པའི་འབྲེལ་གྲུབ་ཅིག་ཡོད། འབྲེལ་གྲུབ་དེ་བརྒྱུད་ནས་མུན་ནག་དུས་རབས་ནང་གི་མི་གཤིས་འདེམ་གསེས་དང་འཆི་གསོན་གྱི་འཕག་འཚག་སྟེ། འབྱུང་འགྱུར་ཧོང་ཀོང་གིས་ད་ལྟའི་གནས་བབ་ལ་བསམ་གཞིགས་དང་། མ་འོངས་འཐབ་རྩོད་ལ་ཁ་ཕྱོགས་དགོས་པའི་དྲན་སྐུལ་བཏང་ཡོད།
མགོ་འཛུགས་གཏམ་རྒྱུད་<<ཧྥོའུ་བཀྭའ་>>ཡིས་ཕྱི་ལོ་༢༠༢༥ ལོར་ཧོང་ཀོང་ནང་<<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>> བདེ་བླག་ངང་གཏན་འབེབས་ཡོང་ཆེད། ཕྱི་ལོ་༢༠༢༠ལོའི་ལྔ་གཅིག་དུས་ཆེན་སྲུང་གཙིའི་སྐབས། རྒྱ་ནག་དབུས་གཞུང་དང་ཧོང་ཀོང་ས་གནས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་ཐོག གསང་སྟབས་ཀྱིས་མི་གསོད་ཁྲག་སྦྱོར་རམ་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་གཞི་ཞིག་རྩོམ་བཞིན་པའི་བརྒྱུད་རིམ་གློག་བརྙན་གྱི་བརྗོད་སྙིང་དུ་བཟུང་ཡོད་ལ། གཏམ་རྒྱུད་འདིས་ང་ཚོར་ཆབ་སྲིད་ཀྱི་གདུག་རྩུབ་དང་། མང་ཚོགས་ཀྱི་སྐྱོ་སྡུག་གི་ཡ་ང་བའི་ཕྱོགས་ངོས་དེ་མཐོང་དུ་འཇུག་ཅིང་། དབང་ཆ་གཅིག་བུར་རྔམ་པའི་སྲིད་གཞུང་ཞིག་ལ་མཚོན་ན། མི་དམངས་ནི་རང་གི་སྲིད་དོན་རྩེད་ཆས་སམ་འཇུག་རྡེའུ་དང་། ཡང་ན་རང་གི་དགོས་འདུན་སྒྲུབ་བྱེད་ཀྱི་ལག་ཆ་ཙམ་ཡིན་པ་ཚོར་དུ་འཇུག
གཏམ་རྒྱུད་གཉིས་པ་<<དགུན་འབུ་>>ཡིས་རྨི་འཕྲུལ་རང་བཞིན་གྱི་ཐབས་ལམ་སྤྱད་ནས། ཕྱི་ལོ་༢༠༢༥ ལོར་ཧོང་ཀོང་ནང་<<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>གཏན་འབེབས་བྱུང་རྗེས། སྲིད་གཞུང་གིས་གོམ་པ་རེ་རེ་བཞིིན་ཧོང་ཀོང་གི་ས་གནས་རིག་དངོས་རྩ་གཏོར་བཏང་སྟེ། ཤུལ་དུ་འདྲ་ཆགས་དང་བཅོས་རྫུན་གྱི་ལོ་རྒྱུས་ཤིག་གསར་བསྐྲུན་བྱེད་པར་བྲེལ་ཞིང་། མི་རྣམས་ཀྱིས་གུ་དོག་པའི་ཁོར་ཡུག་ནང་། ཆག་ཧྲལ་དུ་བཏང་བའི་རིག་དངོས་ཀྱི་ཆ་ཤས་རྣམས་བཏུས་ནས་དཔེ་གཟུགས་སམ་”དམར་དཔེ”(标本•Specimen)བཟོ་བར་བྲེལ། དམར་དཔེ་ལ་བརྟེན་ནས་རང་སྟེང་གི་རིག་གཞུང་དང་ཕྱིར་དྲན་རྣམས་ཉར་ཚགས་དང་རྒྱུན་འཁྱོངས་ཡོང་བར་འབད། འོན་ཀྱང་། གཏོར་བཤིག་གི་མགྱོགས་ཚད་ཉར་ཚགས་ཀྱི་འཁྱོར་འགྲོས་ལས་བརྒལ་ཞིང་། གཏོར་བརླག་གི་དོ་ཟླར་མི་ཡོང་བའི་མི་རྣམས་ཀྱིས་རང་ཉིད་ཚོར་ཤེས་བྲལ་བའི་དཔེ་གཟུགས་སུ་བཟོས་ནས། ཡོད་ཚད་ཤུལ་མེད་དུ་སོང་བ་མཐོང་རྗེས་ཀྱི་རྟོག་ཤེས་དང་སྡུག་བསྔལ་ལ་གཡོལ་ཐབས་བྱེད་བཞིན་པའི་སྐྱོ་གར་ཞིག་བསྟན་ཡོད།
ཧོང་ཀོང་བ་ཚོས་རང་གི་ཡུལ་སྐད་ལ་ཀོང་ཏུང་སྐད་(广东话•Cantonese)དུ་འབོད། སྐད་རིགས་དེ་ཧོང་ཀོང་གི་རྒྱུན་སྤྱོད་ཁ་སྐད་ཡིན། ཁྱད་ཆོས་གཙོ་བོ་ནི་རང་ལ་ཐུན་མོང་མ་ཡིན་པའི་སྒྲ་གདངས་དང་དབྱངས་འགྲོས། ཐ་སྙད་དང་བརྡ་ཆད། གཏམ་དཔེ་དང་ཚིག་རྩུབ། གྲོང་ཚིག་དང་ཚིག་སྐྱགས་སོགས་ཕྱུག་པོ་ཡོད་པ་མ་ཟད། དབྱིན་སྐད་དང་སྐད་ཡིག་གཞན་པའི་འདྲེས་ལྷད་ཆེ་ཞིང་། ལས་རིགས་འདྲ་མིན་གྱི་ཆེད་ལས་བརྡ་ཆད་ཀྱིས་ཀྱང་ཕྱུག་ཡོད། གཏམ་རྒྱུད་གསུམ་པ་<<ཁ་སྐད་>>ཀྱིས་ཕྱི་ལོ་༢༠༢༥ ལོར་སླེབས་རྗེས། མི་རྣམས་ཀྱིས་རིམ་བཞིན་ཧོང་ཀོང་ནང་<<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>གཏན་འབེབས་དང་ལག་བསྟར་དགོས་པའི་ལས་དབང་དང་དངོས་ཡོད་དང་ལེན་བྱས་རྗེས། སྲིད་གཞུང་གིས་ཕྱོགས་ཡོངས་ནས་རྒྱའི་སྤྱི་སྐད་(普通话•Mandarin)ལག་བསྟར་གྱི་སྲིད་ཇུས་སྤེལ་ཞིང་། སློབ་གྲྭ་དང་གནམ་ཐང་གི་རྒྱང་སྒྲོག ཟ་ཁང་དང་ཚོང་ཁང་གི་ཞབས་ཞུ། ཆུང་ས་རླངས་འཁོར་ནང་གི་ལམ་འཁྲིད་སྣེ་སྟོན་(导航•GPS)ཡང་རྒྱའི་སྤྱི་སྐད་ནང་ཡོད་པ་དེས། མ་གཞི་ཧོང་ཀོང་རིག་གནས་ཀྱི་ཁ་དོག་གྱ་ནོམ་པའི་ཀོང་ཏུང་སྐད་རིམ་བཞིན་སྤྱོད་སྒོ་ཇེ་ཆུང་དང་། མི་རྣམས་ཀྱིས་དགའ་བསུ་མི་བྱེད་པའི་སྐད་རིགས་ཤིག་ཏུ་བསྒྱུར། རྒན་པ་ཚོས་རང་འགུལ་དང་། བྱིས་པ་ཚོས་ཚོར་མེད་ངང་ཧོང་ཀོང་གི་ཁྱད་ཆོས་བོར་བརླག་ཏུ་གཏོང་བཞིན་པའི་ཡ་ང་བའི་གནས་སྟངས་ཤིག་གསལ་བོར་བསྟན་ཡོད།
གཏམ་རྒྱུད་བཞི་བ་<<རང་ལུས་སྲེག་མཁན་>>གྱིས་ཧོང་ཀོང་གི་དམངས་གཙོ་ཉམ་ཆག་དང་སྨྲ་བརྗོད་བཀག་སྡོམ་ལ་མགོ་མི་སྒུར་བའི་གཞོན་སྐྱེས་ཁག་ཅིག་གིས། སྤྱི་ཚོགས་སྟེང་གི་རྒྱུན་ལྡན་དང་དྲང་བདེན་མིན་པའི་སྣང་ཚུལ་ཁག་ཅིག་མཐོང་རྗེས། དབང་ཆ་དང་ལམ་ལུགས་འཐབ་རྩོད་བརྒྱུད་ནས་ཧོང་ཀོང་གི་རང་ས་རང་ཡུལ་གྱི་རིག་གཞུང་བསྐྱར་གསོའི་ལས་འགུལ་སྤེལ། ཁོ་ཚོས་ཧོང་ཀོང་རང་བཙན་གྱི་དགོས་འདུན་བཏོན། འོན་ཀྱང་། <<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>ཀྱི་དབང་ཚད་འོག སྲིད་གཞུང་གིས་ཁོ་ཚོར་ནག་ཉེས་བཙུགས་ཤིང་དྲག་གནོན་བྱས། ལས་འགུལ་གྱི་སྣེ་འཁྲིད་མཁན་འཛིན་བཟུང་བཙོན་འཇུག་བྱས་ཏེ། མནར་གཅོད་ཀྱིས་དམར་གསོད་བཏང་བས། དེ་སྔོན་རྒྱ་ནག་གི་རིག་གནས་གསར་བརྗེ་དང་དྲུག་བཞིའི་དོན་རྐྱེན་གྱི་གདུག་རྩུབ་དང་། ཧོང་ཀོང་གི་ཆེས་མཚར་སྡུག་ལྡན་པའི་ལོ་ཟླ་བརྒྱུད་མྱོང་བའི་མི་རབས་རྒན་པ་ཞིག་གིས་རང་ལུས་མེར་སྲེག་གི་ཐབས་ལམ་སྤྱད་ནས། ཆེས་མཐའ་མཇུག་གི་རྒོལ་ལན་སློོག་པར་བཙན་ཤེད་ཀྱིས་བརྫངས་པའི་བརྒྱུད་རིམ་བརྗོད་གཞིར་བཟུང་ཡོད། མ་འོངས་པར་རེ་བ་འབར་བའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་ཐེབས་ཤིང་། མི་རབས་རྒན་པ་ཞིག་གིས་”ཧོང་ཀོང་རང་བཙན་”གྱི་ཉེས་མིང་འཁུར་ནས་རང་ལུས་མེར་སྲེག་བཏང་བ་དེས། ཧོང་ཀོང་གི་འབྱུང་འགྱུར་ནི་”མཐོང་ན་མི་འདོད་པའི་མ་འོངས་པ་”ཞིག་ཡིན་པ་ལུང་དུ་བསྟན་ཡོད།
<<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>ཀྱི་དམ་དྲག་འོག མི་རྣམས་ཀྱིས་རིམ་བཞིན་རང་གི་སྐད་ཡིག་དང་རིག་དངོས་རྩ་གཏོར་ལས་བརྒལ་ཏེ། ལོ་རྒྱུས་བསྐྱར་བཅོས་དང་རྫུན་བཟོའི་བཙན་འཛུལ་ལའང་ངོས་ལེན་བྱེད་མགོ་བཙུགས། ངོ་རྒོལ་ཡར་ལངས་བྱས་ནས་ལམ་ལུགས་འཐབ་རྩོད་ཀྱི་མཇུག་འབྲས་ནི། མེ་མདའ་དང་དྲག་ཆས་གཞན་གྱི་ཁ་གཏད་ཡིན་པའི་ངེས་ཤེས་རྙེད། ག་ལེར་ག་ལེར། ཧོང་ཀོང་མི་དམངས་ཀྱིས་དགུན་འབུ་ལྟར་མི་སྨྲ་བའི་བརྟུལ་ཞུགས་དང་དུ་བླངས། གཏམ་རྒྱུད་མཐའ་མ་<<རང་སའི་བྱ་སྒོང་>>གིས་ང་ཚོར་”མགྲིན་བརྒྱ་གདངས་གཅིག་”གི་ཉེན་ཚབས་དེ་མཐོང་དུ་འཇུག་ཅིང་། རྒྱ་ནག་གི་དཔལ་འབྱོར་བཙན་འཛུལ་འོག ཧོང་ཀོང་གི་རང་སའི་ཁེ་ལས་དང་ཐོན་དངོས། དཔལ་འབྱོར་དང་རིག་གཞུང་ཁྱུར་མིད་དུ་གཏོང་བ་མ་ཟད་། “རང་སའི་འདུ་ཤེས་”ལ་རྒོལ་རྡུང་གཏོང་བཞིན་པ་ཚོར་དུ་འཇུག ༢༠༢༥ ལོར་ཧོང་ཀོང་མི་དམངས་ཀྱིས་དེ་སྔ་བཞིན་རང་གི་དཀར་ནག་དབྱེ་འབྱེད་ཀྱི་བསམ་གཞིགས་དོར་ནས། བདེན་རྫུན་ལ་ཕུ་ཐག་མི་གཅོད་པ་མ་ཟད། ཕན་ཚུན་བར་གྱི་བསམ་བློ་དང་ལངས་ཕྱོགས་ལ་བརྩི་བཀུར་མི་བྱེད་ལ། བྱིས་པ་རྣམས་སྲིད་གཞུང་གིས་སྤྱི་ཚོགས་ལ་དམ་དྲག་དང་སྟངས་འཛིན་བྱེད་སྤྱད་ཀྱི་ལག་ཆར་གྱུར་ཅིང་། “གཞོན་སྐྱེས་དཔུང་དམག་”གི་མཚན་སྙན་དང་ཆེ་མཐོང་ཁྱེར་ནས། ཧོང་ཀོང་གི་མང་ཚོགས་ལ་གནོད་འཚེ་གཏོང་ཞིང་། སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་བའི་ལས་གཞི་རྩོམ། མི་དང་མིའི་བར་ལ་ད་ནས་བཟུང་། སེམས་པ་དང་སེམས་པ་འདྲིས་པའི་གླེང་མོལ་མེད་ཐོག ཐ་ན་རང་ས་རང་ཡུལ་གྱི་བྱ་སྒོང་ཞིག་གི་མིང་འདོགས་སྟངས་ཡང་ཆབ་སྲིད་ཀྱི་གནད་དོན་དུ་གྱུར་རྗེས། མང་ཚོགས་ཀྱིས་ཚང་མའི་མཐོང་ལམ་ནས་མི་འདོད་པའི་རྣམ་འགྱུར་མི་སྟོན་པ་ལ། ཤེས་ལྡན་པ་ཚོས་གཞུང་དང་བསམ་ཚུལ་མི་མཐུན་པའི་དཔེ་དེབ་རྣམས་རང་ཁྱིམ་དུ་བསྐུངས་ནས། ཧ་ཅང་གི་ཁུ་སིམ་སིམ་དང་གསང་བའི་ངང་དཔེ་ཀློག་གི་བདེ་སྐྱིད་ལ་རོལ། ཧོང་ཀོང་ལ་རང་དབང་གི་ཁོར་ཡུག་ཆུང་ཆུང་ཅིག་ལས་ལྷག་མེད་པ་བསྟན་ཡོད།
འདི་ལྟར། བརྙན་ཐུང་ལྔ་བོས་སྤྱི་མཚུངས་ཀྱིས་འབྱུང་འགྱུར་སྒེར་སྤྱོད་ལམ་ལུགས་འོག་གི་ཧོང་ཀོང་གྲོང་ཁྱེར་དང་ཧོང་ཀོང་གི་མང་ཚོགས་ནི། ཇི་འདྲའི་སྐྱབས་མེད་མགོན་མེད་དང་། རོགས་མེད་ནུས་མེད། ཤེས་མེད་ཚོར་མེད་དུ་འགྱུར་ངེས་པ་གཏམ་རྒྱུད་ཀྱི་ལམ་ནས་ལུང་དུ་བསྟན་ཡོད།
གཉིས། སྒྱུ་རྩལ་གྱི་ཞན་ཆ་ནི་དངོས་ཡོད་ཀྱི་ཉེ་སར་བཅར་ཆེད་ཡིན།
གློག་བརྙན་དང་པོ། <<ཧྥོའུ་བཀྭའ། >>
<<ལོ་བཅུའི་>>མགོ་འཛུགས་བརྙན་ཐུང་འདིའི་རིང་ཚད་ལ་སྐར་མ་ཉེར་གཅིག་ཡོད། དུས་ཡུན་ཐུང་ཐུང་འདི་སྤྱད་ནས་འཁྲབ་འཁྲིད་པས་དབང་འཛིན་མ་ལག་གིས་དམངས་སེམས་དང་ཚེ་སྲོག ཁྲིམས་ལུགས་སོགས་སྣང་མེད་དུ་བཏང་ནས། རང་གི་དགོས་མཁོ་བསྒྲུབ་སླད་ལྐོག་གསོད་དོན་རྐྱེན་ཞིག་རྩོམ་བཞིན་པ་བརྙན་ཐུང་འདིའི་གཏམ་རྒྱུད་དུ་བཟུང་ཡོད། ༢༠༢༠ ལོའི་ལྔ་གཅིག་དུས་དྲན་སྲུང་གཙི་ཞུ་སྐབས། སློབ་གྲྭའི་ཐོག་ཁང་གི་འཛིན་ཁང་ཞིག་ནང་དབང་འཛིན་པ་ཚོས་མཛད་སྒོའི་སྟེང་གི་སྐུ་མགྲོན་གྲོས་ཚོགས་འཐུས་མི་བུད་མེད་དང་སྐྱེས་པ་གཉིས་ལས། གང་ཞིག་མེ་མདའི་དམིགས་འབེན་དུ་བཟུང་དགོས་མིན་ཐད་གྲོས་བསྡུར་དང་། སུ་ལ་མེ་མདའ་ཕོག་ན་སྤྱི་ཚོགས་ནང་འཇིགས་སྣང་དང་ཤུགས་རྐྱེན་ཆེ་མིན་ཐད་རྩོད་གླེང་བྱེད། ཁང་རྩེག་གི་འཛིན་ཁང་གཞན་ཞིག་གི་ནང་སྤྱི་ཚོགས་ཐོག་གི་འཁྱམ་ཉུལ་བ་ཨ་མཱའོ་(啊毛)དང་ཕེ་ཊིར་(Peter)གཉིས་ཀྱིས་སུ་ཞིག་མེ་མདའ་རྒྱག་མཁན་བྱེད་མིན་དང་། ཐེངས་འདིའི་གོ་སྐབས་དང་ཡོང་སྒོ་ལ་བརྟེན་པའི་རང་གི་མ་འོངས་མངོན་འདོད་གང་ཡིན། ལས་ཀ་འདི་མི་ཆོས་དང་ཁྲིམས་ལུགས་ལ་འགལ་མིན་སོགས་ལུས་སེམས་དང་འབྲེལ་བའི་མི་གཞིའི་འགལ་ཟླའི་སྐོར་ལ་གླེང་མོལ་བྱེད། བར་ནས་ནག་ཚོགས་ཀྱི་མགོ་བས་འཛིན་ཁང་ཕན་ཚུན་དབར་ལན་སྐྱེལ་བར་བྲེལ་བཞིན་ཡོད། གློག་བརྙན་གྱི་དུས་ཚོད་མང་ཤོས་འདི་ལྟར་གྲོས་བསྡུར་དང་རྩོད་གླེང་། ཁ་བརྡ། ཕན་ཚུན་བར་ལན་སྐྱེལ་བའི་བརྒྱུད་རིམ་ནང་རྫོགས་ལ་ཉེ་སྐབས། ལྐོག་གསོད་ཀྱི་སྦྱོར་བ་དངོས་སུ་བརྩམས། གོང་རིམ་གྱིས་གྲོས་ཚོགས་འཐུས་མི་གཉིས་ཀ་དམིགས་འབེན་དུ་ཐག་བཅད་ཅིང། ནག་ཚོགས་མགོ་བས་གླ་རིན་སྤར་ནས་ཨ་མཱའོ་དང་ཕེ་ཊིར་གཉིས་ཀ་མེ་མདའ་རྒྱག་མཁན་དུ་གཏན་འཁེལ་བྱས། འོན་ཀྱང་། དོན་རྐྱེན་ཁྲོད་རང་སྲོག་ཤོར་མཁན་ནི་གྲོས་ཚོགས་འཐུས་མི་གཉིས་མིན་པར། ཉེན་རྟོག་པའི་ཚར་གཅོད་བྱའམ། གསར་ལམ་ཁག་ན་སྒྲོག་བཞིན་པའི་”འཇིགས་སྐུལ་དྲག་སྤྱོད་པ་”ཨ་མཱའོ་དང་ཕེ་ཊིར་གཉིས་ཆགས།
བརྙན་ཐུང་འདི་འཁྲབ་འཁྲིད་པས་གར་སྟེགས་གཏམ་བརྗོད་དང་བརྙན་མདངས་དཀར་ནག་ནང་ཕབ་བསྐྲུན་བྱས་ཡོད། བྱིས་པའི་གར་སྟེགས་གཏམ་བརྗོད་ཀྱི་ཆ་རྐྱེན་ལའང་མི་དོ་བ་ལྟ་བུའི་གློག་བརྙན་འདི། ང་ཚོས་གློག་བརྙན་ཞིག་གི་ཚད་གཞིའི་སྟེང་ནས་བརྙན་ཐུང་ཧྲིལ་བོའི་སྒྱུ་རྩལ་གྱི་ཆ་ལ་བལྟས་ན། ཧ་ཅང་གི་ཞན་ཆ་ཅན་ཞིག་ཏུ་མཐོང་ངེས། འོན་ཀྱང་། ཧོང་ཀོང་སྲིད་གཞུང་གིས་རྒྱ་ནག་དབུས་གཞུང་གི་སྐུལ་འདེད་འོག <<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>གཏན་འབེབས་ཡོང་སླད། ནག་ཚོགས་དང་ངན་འབྲེལ་བྱས་ནས་ལྐོག་གསོད་དོན་རྐྱེན་བསླངས་ཤིང་། ཧོང་ཀོང་”ཉེན་རྟོག་པའི་རྒྱལ་ཁམས་”ཞིག་ལ་བསྒྱུར་ཐབས་བྱེད་པ་འདི། དེ་སྔ་འཛམ་གླིང་དམག་ཆེན་གཉིས་པའི་ཡར་སྔོན་དུ། ཧེ་ཊི་ལིར་Adolf Hitler)གྱིས་འཇར་མན་གྱི་གྲོས་ཚོགས་མེར་བསྲེག་བཏང་བའི་དོན་རྐྱེན་དང་། དངོས་ཡོད་འཚོ་བའི་ནང་སྒེར་སྤྱོད་དབང་འཛིན་པས་ཆབ་སྲིད་འཁྲབ་སྟངས་དང་ལས་དོན་སྒྲུབ་སྟངས་དང་མཉམ་དུ་སྦྱར་ནས། གློག་བརྙན་ནང་གི་ས་གནས་དང་ཁོར་ཡུག མི་སྣ། འཁྲབ་ཚིག། དེ་བཞིན་གཏམ་རྒྱུད་ཀྱི་མགོ་འཛུགས་སྟངས་དང་རྒྱུན་བསྲིངས་སྟངས། མཇུག་བསྒྲིལ་སྟངས་སོགས་ལ་བསམ་ཞིང་གཞིགས་ཚེ། ད་གཟོད་གློག་བརྙན་འདི་དངོས་ཡོད་དང་བར་ཐག་ཉེ་རུ་གཏོང་ཆེད་འབད་བརྩོན་བྱས་པའི་སྒྱུ་རྩལ་གྱི་ཆ་དེ་མཐོང་ངེས་ཡིན།
བརྙན་ཐུང་འདིའི་སྒྱུ་རྩལ་གྱི་ཆ་དེ་རོལ་མྱོང་བྱེད་པར་དགོས་ངེས་ཀྱི་བསམ་གཞིགས་བྱེད་ས་འགའ་ཤས་ཡོད། [༡] དོན་རྐྱེན་བྱུང་ཡུལ་སློབ་གྲྭ་ཞིག་ཡིན་དོན་གང་ཡིན་ནམ། འཛིན་ཁང་ནང་གི་དཔོན་རིགས་ཚོ་ཚོད་དཔག་བྱས་ན་སུ་དང་སུ་ཡིན་སྲིད། ཁོ་ཚོས་ཅིའི་ཕྱིར་མེ་མདའི་དམིགས་དབེན་ལ་ཕོ་མོ་སུ་འཇོག་རྩོད་དགོས་པ་ཡིན། ཁོ་ཚོས་སྐད་དང་སྐད་ཤུགས་གང་འདྲ་ཞིག་སྤྱད་ནས་དོན་རྐྱེན་འདིའི་སྐོར་གླེང་སློང་བྱེད་ཀྱི་འདུག [༢] ཨ་མཱའོ་དང་ཕེ་ཊིར་གཉིས་ཀྱིས་སུ་མེ་མདའ་རྒྱག་མཁན་བྱེད་མིན་གླེང་སློང་སྐབས་རྣམ་འགྱུར་དེས་ཅི་ཞིག་སྟོན། ཁོ་གཉིས་ཀྱིས་ཅི་ཞིག་ལ་རྩིས་གཞི་གདིང་གི་ཡོད། ལས་འདི་རྩོམ་དུས་ཁོ་གཉིས་ཀྱི་སེམས་ཁམས་དང་མི་གཞིའི་བར་འགལ་ཟླ་དང་འཕག་འཚག་ཇི་འདྲ་ཞིག་ཡོད་སྲིད། ནམ་རྒྱུན་གྱི་འཚོ་བའི་ནང་ཁོ་གཉིས་ཅི་ཞིག་བྱེད་མཁན་ཡིན་ནམ། དབང་འཛིན་པས་ཅིའི་ཕྱིར་ཕེ་ཊིར་ལག་དམར་ལ་འདེམས་པ་ཡིན་ནམ། ཕེ་ཊིར་རྒྱ་གར་བའི་རིགས་རྒྱུད་ཡིན་པ་དེས་ཅི་ཞིག་མཚོན་ནམ། [༣] བརྙན་ཐུང་འདི་ཟློས་གར་རིགས་གང་གི་ཁོངས་སུ་གཏོགས་པ་ཡིན། དུས་རྒྱུན་གྱི་ཆབ་སྲིད་དང་གསང་ཉུལ་གློག་བརྙན་ཁག་གི་འཁྲབ་ཚིག་དང་འཁྲབ་སྟོན་བྱེད་སྟངས་ལ་མི་འདྲ་བའི་ཆ་གང་དང་གང་འདུག བརྙན་འཕྲིན་ཟློས་གར་དང་། གར་སྟེགས་ཟློས་གར་ནང་འཁྲབ་སྟོན་པ་ཚོར་འདི་ལྟའི་སྐད་ཆ་བཤད་སྟངས་བེད་སྤྱོད་བྱེད་དུ་འཇུག་གམ། ཡང་ན་ཆེས་མཐོའི་སྲིད་དོན་མི་སྣ་ཚོ་འཛིན་ཁང་གི་རྐུབ་སྟེགས་སྒང་བསྡད་བཅུག་ནས་གླེང་སློང་བྱེད་དུ་འཇུག་གམ། ཅིས་ཕྱིར་འཁྲབ་འཁྲིད་པས་བྱེད་ཐབས་འདི་སྤྱད་ནས་གཏམ་རྒྱུད་མཚོན་ཐབས་བྱས་པ་ཡིན་ནམ། བྱེད་ཐབས་དང་མཚོན་ཐབས་འདི་དང་གློག་བརྙན་གྱི་བརྗོད་དོན་གཙོ་བོའི་དབར་འབྲེལ་བ་གང་ཡོད་པ་སོགས་ཡིན།
གློག་བརྙན་གཉིས་པ། <<དགུན་འབུ།>>
གློག་བརྙན་གྱི་མགོ་འཛུགས་སྐབས། མི་སྣ་གཙོ་བོས་རངགི་དགའ་རོགས་དང་ལྷན་དུ། ཧ་ཅང་སེམས་ཆུང་ངང་བྱེ་འདམ་ཁྲོད་ནས་རྫ་ཆག་དང་ཤེལ་ཆག ཐལ་བ་དང་བྱེ་རྡུལ་བསྒྲུགས་ནས། རེ་རེ་ལ་ཁྱད་རྟགས་བཀོད་ནས་དམར་དཔེ་བཟོ་བཞིན་ཡོད། རང་གི་གྲོགས་པོ་ཨཱ་ཊིའི་(Eddie)སྡོད་ཁང་ས་འདེད་འཕྲུལ་འཁོར་གྱིས་བདེ་ཐང་དུ་བསྙམས་རྗེས། ཁོ་གཉིས་ཀྱིས་དེ་འདྲའི་གནོད་འཚེ་ཕོག་པའི་ཁྱིམ་མཚེས་ཚོའི་ཁང་ཆག་དང་གྱང་ཆག་བར་ནས་འདི་ལྟར་འཚོ་བའི་རྐང་རྗེས་འཚོལ་བཞིན་ཡོད་ལ། རྫ་ཆག་ནས་སྐྲ་ཤད། དུ་ཐལ་ཡན་ལ་ཁྱད་རྟགས་བཀོད་ཅིང་དམར་དཔེ་བཟོས་ནས་ཉར་ཚགས་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད། རིམ་བཞིན་དམར་དཔེ་ཇེ་མང་ནས་ཇེ་མང་དུ་ཕྱིན་ཅིང་། གསོག་འཇོག་བྱེད་སའི་དམར་དཔེའི་སྒམ་ཆུང་དང་ཤེལ་དམ་རྣམས་ཁ་གང་ཡོང་སྐབས། ཁོ་གཉིས་དམར་དཔེ་གསོག་སྒྲུབ་ཀྱི་ལས་ཀའི་ཁྲོད་རང་ཉིད་ཀྱི་ཁ་ཕྱོགས་བོར། མི་སྣ་གཙོ་བོས་དགའ་རོགས་ལ་རང་ཉིད་དམར་དཔེ་བཟོ་བར་རེ་བ་བཏོན། རང་ཉིད་དམར་དཔེ་རུ་གྱུར་རྗེས། རང་གི་དགའ་རོགས་ཡང་ཁོའི་ལམ་ཁ་དེར་གོམ་པ་སྤོ་མགོ་བཙུགས། གློག་བརྙན་འདི་ལྟར་མཇུག་བསྒྲིལ།
སྐར་མ་ཉེར་དྲུག་ཅན་གྱི་བརྙན་ཐུང་འདི། བརྙན་གློག་འདིའི་ནང་གི་བརྙན་ཐུང་གཞན་བཞི་བོ་བསྡུར་ན། ཕྱོགས་གང་ནས་འཐུས་སྒོ་མི་ཚང་བ་ཞིག་ཏུ་མཐོང་ངེས། དཔེར་ན། མི་སྣ་གཙོ་བོ་གཉིས་ཀྱི་འཁྲབ་སྟོན་ཉམས་མྱོང་གཞན་ལས་ཞན་པ་མ་ཟད། གློག་བརྙན་གྱི་འཁྲབ་ཚིག་རིང་ཞིང་ཚང་མ་ཡིག་ལམ་ནས་ཐོན་པ། གཏམ་རྒྱུད་ཀྱི་བྱུང་རིམ་སྟབས་བདེ་ཞིང་འཁྲུག་ཆའི་འགྱུར་ཁུགས་དལ་བ་སོགས་ཀྱིས་ལྟད་མོ་བར་ཉོབ་སྣངསྟེར་སྲིད། འོན་ཀྱང་། དགུན་འབུར་སྐྱེས་པ་ལྟ་བུའི་ཁོར་ཡུག་ནང་དམར་དཔེ་བཟོ་སྐྲུན་གྱི་མཚོན་ཐབས་སྤྱད་ནས། དུས་རབས་གཉིས་ཀྱི་བར་གླེགས་ལ་ལྷུང་བའི་མི་རབས་ཤིག་གི་ཟུག་གཟེར་གྱི་ཚོར་ཤུགས་སྟོན་དགོས་ཚེ། བརྙན་ཐུང་འདིའི་བརྙན་མིག་བསྐོར་སྟངས་དང་ཡུལ་ལྗོངས་འདེམས་སྟངས། རོལ་དབྱངས་སྦྱོར་སྟངས་སོགས་ལ་དངོས་ཡོད་ཀྱི་ཉེ་སར་བཅར་ཐུབ་པའི་སྒྱུ་རྩལ་གྱི་བླ་སྲོག་ཞུགས་ཡོད། གུ་དོག་པའི་དགུན་འབུའི་འཚོ་གནས་ཁོར་ཡུག་ནང་། གཏམ་རྒྱུད་ཡོངས་རྫོགས་དམར་དཔེ་བཟོ་སྐྲུན་གྱི་ལམ་ནས་འཆད་ཅིང་། འཁྲབ་ཚིག་མཐའ་དག་ངག་སྒོ་ནས་མིན་པར། དམར་དཔེའི་ཁྱད་རྟགས་བྱང་བུ་འགོད་སྟངས་ཀྱི་ལམ་ནས་བཤད་པ་མ་ཟད། ན་གཞོན་གཉིས་ཀྱིས་ཤུལ་རྫས་དང་དམར་དཔེ་ལ་བཅངས་པའི་ཨུ་ཚིགས་དང་ཐལ་ཆ་ཅན་གྱི་བྱ་སྤྱོད་དེས། འཇིག་རྟེན་གསར་རྙིང་གཉིས་ཀྱི་བར་ལ་ཤོར་བའི་ཧོང་ཀོང་གི་གཞོན་སྐྱེས་ཕལ་ཆེ་བའི་སེམས་ཁོང་གི་ན་ཟུག་དེ་སྟོན་ཐུབ་ཡོད། ཕྱི་ལོ་༡༩༩༧ ལོའི་སྔ་རོལ་དུ་སྐྱེས་ཤིང་། ཕྱི་ལོ་༡༩༩༧ ལོའི་རྗེས་སུ་འཚར་ལོངས་བྱུང་མཁན་ཚོར་མཚོན་ན། ཁོ་ཚོའི་བྱིས་དུས་ཀྱི་ཧོང་ཀོང་ནི་དུས་བདེ་བག་ཕབ་དང་བདེ་སྐྱིད་ཕུན་ཚོགས་ཡིན། འོན་ཀྱང་། ༡༩༩༧ ལོའི་རྗེས་ཀྱི་ཧོང་ཀོང་གི་འགྱུར་ལྡོག་རླུང་ལྟར་མྱུར། རིག་དངོས་གང་མང་ཞིག་རྩ་ཡལ་དུ་གྱུར་ཅིང་། དེ་ལ་འཁྲེང་བའི་ཕྱིར་དྲན་གང་མང་ཞིག་རྨག་མེད་དུ་བཅོམས། མི་ཚང་མར་ཚོར་ཤུགས་སྐྱེན་པོའི་ན་ཟུག་ལྗིད། <<དགུན་འབུ་>>ནི་ན་ཟུག་དེ་རིགས་ཀྱི་ལྡོག་གཟུགས་ཡིན།
བརྙན་ཐུང་འདིའི་སྒྱུ་རྩལ་ལ་རོལ་མྱོང་བྱེད་པར་བསམ་གཞིགས་བྱ་ས་ཁག་ནི། [༡] ཁྱོད་ཀྱིས་དམར་དཔེ་བཟོས་མྱོང་ངམ། ཁྱོད་ཀྱིས་ཆ་སྒམ་དང་ཤེལ་དམ་ནང་བཞག་པའི་དམར་དཔེ་མཐོང་མྱོང་ངམ། དམར་དཔེས་ཁྱོད་ལ་བཞག་པའི་ཚོར་བ་གང་འདྲ་ཡིན་ནམ། ཁྱོད་ཀྱིས་སྐྱེ་དངོས་དང་སྲོག་ཆགས་རིགས་ཀྱི་བྲིས་རིས་དང་བརྙན་གཟུགས། ཡང་ན་དེ་དག་གི་གསོན་གཟུགས་དམར་དཔེ་བར་ལ་ཁྱད་པར་གང་ཞིག་ཚོར་གྱི་འདུག གློག་བརྙན་ནང་གི་མི་སྣ་གཉིས་ཀྱིས་གཏོར་བཤིག་ཐེབས་པའི་གྲོགས་པོའི་སྡོད་ཁང་དམར་དཔེ་ལ་བཟོ་དོན་གང་ཡིན་ནམ། [༢] དམར་དཔེ་ཇི་ལྟར་བཟོས་ན་དེ་ལྟར་ཇེ་མང་ཡིན་དོན་གང་ཡིན་ནམ། ཁོ་གཉིས་ཀྱིས་དམར་དཔེ་བཟོ་སྐབས་ཅི་ཞིག་ལ་བསམ་བློ་འཁོར་བཞིན་ཡོད་དམ། རྗེས་སུ་དེ་སྔ་བློ་ཡུལ་ལ་འཁོར་མ་མྱོང་བའི་དོན་དག་གང་དག་བྱུང་ཡོད་དམ། གློག་བརྙན་ཧྲིལ་བོའི་ཁོར་ཡུག་ནི་ཁང་སྟོང་དང་དམར་དཔེ་བཟོ་སའི་ཁང་མིག་ཙམ་ཡིན་དོན་གང་ཡིན་ནམ། མཐོང་སྣང་འདིས་ཁྱོད་ལ་ཚོར་བ་གང་འདྲ་ཞིག་སྟེར་གྱི་འདུག གློག་བརྙན་གྱིས་ཚོར་བ་འདི་བརྒྱུད་ནས་ཅི་ཞིག་བཤད་ཀྱིན་འདུག [༣] མི་སྣ་གཙོ་བོས་ཅིའི་ཕྱིར་མཐའ་མཇུག་རང་ཉིད་དམར་དཔེ་བཟོ་བར་ཐག་གཅོད་བྱས་པ་ཡིན་ནམ། མི་གསོན་པོ་ཞིག་དམར་དཔེ་རུ་གྱུར་རྗེས་དེ་སྔ་དང་མི་འདྲ་ས་གང་ཡོད་དམ། ཉིན་ཞིག་ཁྱོད་ཀྱི་ཁྱིམ་མི་དང་གྲོགས་པོ། ཡང་ན་ཁྱོད་རང་འཚོ་སའི་གྲོང་བརྡལ་དང་སྲང་ལམ་དག་བོར་བརླག་ཏུ་སོང་ནས། ཚང་མ་རེ་རེ་བཞིན་དམར་དཔེ་ལ་འགྱུར་སྐབས། ཁྱོད་ཀྱི་ཚོར་བ་དེ་སྔ་ལྟར་རྒྱུན་ལྡན་ཡིན་སྲིད་དམ་བཅས་ཡིན།
གློག་བརྙན་གསུམ་པ། <<ཁ་སྐད།>>
དུས་ཡུན་སྐར་མ་བཅུ་ཙམ་ལས་མེད་པའི་བརྙན་ཐུང་འདི། འཁྲབ་འཁྲིད་པས་གཏམ་རྒྱུད་གློག་བརྙན་གྱི་ལམ་ནས་ཕབ་སྐྲུན་བྱས་ཡོད། ༢༠༢༥ ལོར་རྒྱ་ནག་གཞུང་གིས་”རྒྱའི་སྤྱི་སྐད་”དེ་ཧོང་ཀོང་གི་གཞུང་འབྲེལ་སྐད་ཡིག་ཏུ་གཏན་འབེབས་བྱས་ཤིང་། གྲོས་ཚོགས་ཀྱིས་ཧོང་ཀོང་གྲོང་ཁྱེར་གྱི་གླ་འཁོར་ཁ་ལོ་བ་ཚང་མས་རྒྱལ་ཁབ་སྐད་ཡིག་ལྷན་ཁང་གི་ཐག་གཅོད་ཆུ་ཚད་ལྟར་སྤྱི་སྐད་བེད་སྤྱོད་དགོས་པ་དང་། དེ་ལྟར་སྤྱོད་མི་ཐུབ་པའི་ཁ་ལོ་བའི་གླ་འཁོར་སྟེང་”སྤྱི་སྐད་མི་ཤེས་པའི་ཁ་ལོ་བ་”ཞེས་པའི་སྦྱར་ཚིག་སྦྱོར་བ་མ་ཟད། གནམ་ཐང་དང་མཚོ་ངོགས་སོགས་གལ་ཆེའི་ས་ཚུགས་ཁག་ནས་འགྲུལ་སྐྱེལ་ཚོང་ལས་གཉེར་མི་ཆོག་པའི་ཁྲིམས་གཞི་གསར་བཟོ་བྱས། ཨཱ་ཧན་(啊汉)ནི་རང་ལོ་བཞི་བཅུ་བརྒལ་ཞིང་སྤྱི་སྐད་མི་ཤེས་པའི་གླ་འཁོར་ཁ་ལོ་བ་ཞིག་ཡིན་ཞིང་། ཁོས་ཉིན་ལྟར་རང་གི་བུ་ཆུང་སློབ་གྲྭར་བསྐྱལ་རྗེས་འཆར་ཅན་ལྟར་འགྲུལ་སྐྱེལ་ཚོང་ལས་གཉེར་ནས་འཚོ་ཐབས་སྒྲུབ་བཞིན་ཡོད།
གཏམ་རྒྱུད་གློག་བརྙན་ཞིག་གི་ངོས་ཐད་ནས་བཤད་ན། བརྙན་ཐུང་འདི་ཧ་ཅང་ཐུང་དྲག་ཅིང་བྱུང་རིམ་རྣམས་མྱུར་དྲག་པས། བསམ་གཞིགས་ལ་བློ་ཁ་འདྲེན་པའི་ནུས་པ་ཞན་པ་ལྟ་བུར་མཐོང་མོད། གླ་འཁོར་སྟེང་གི་”སྤྱི་སྐད་མི་ཤེས་པའི་ཁ་ལོ་བ་”ཞེས་པའི་སྦྱར་ཚིག་དེས། སྔོན་མ་ནཱ་རྫི་འཇར་མན་གྱིས་རྗེའུ་མི་རིགས་ཀྱི་ཚོང་ཁང་ལ་ལག་བསྟར་བྱས་པའི་དབྱེ་འབྱེད་སྲིད་ཇུས་དང་། དེ་ལ་བརྟེན་ནས་རྗེའུ་རིགས་ཚོང་ཁང་རྣམས་རྐུན་ཇག་གི་འཕྲོག་བཅོམ་བྱེད་ཡུལ་དུ་གྱུར་བའི་ལོ་རྒྱུས་དེ་དྲན་དུ་འཇུག་ལ། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ལ་བརྟེན་ནས་ལམ་འགྲམ་གྱི་ཟ་ཁང་ཞབས་ཞུ་བས་ཀོང་ཏུང་སྐད་མི་གོ་ཞིང་། ཡུལ་བསྐོར་ལ་ཡོང་མཁན་ཕྱི་རྒྱལ་བ་ཚོས་ཐད་ཀར་རྒྱའི་སྤྱི་སྐད་ཀྱི་ལམ་ནས་འབྲེལ་གཏུགས་བྱེད་པ། རླངས་འཁོར་ནང་གི་ལམ་འཁྲིད་སྣེ་སྟོན་མཉེན་ཆས་ཀྱིས་ཀྱང་རྒྱའི་སྤྱི་སྐད་ཀྱི་སྒྲ་གདངས་ལས་དང་ལེན་མི་བྱེད་པ། སྤྱི་སྐད་ཤེས་མཁན་གྱི་གླ་འཁོར་ཁ་ལོ་བ་གཞན་པས་ཉེན་རྟོག་པ་ལག་ཆར་སྤྱད་ནས། ཧ་ཅང་”ཁྲིམས་མཐུན་”གྱི་ལམ་ནས་ཨཱ་ཧན་གྱི་གླ་འཁོར་ནང་འདུག་འདོད་མཁན་གྱི་མགྲོན་པོ་འཕྲོག་པ་སོགས་ལ་བསམ་ཚེ། ཨཱ་ཧན་ལྟ་བུའི་ཧོང་ཀོང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རབས་འདིས་བརླག་པ་ནི། གླ་འཁོར་རྒྱུག་སའི་སྲང་ལམ་དང་དེའི་ཡོང་འབབ། རང་གི་ངོ་རྟགས་ངོས་འཛིན་དང་། གཞན་གྱིས་དེ་ལ་སྤྲད་པའི་ཆེ་མཐོང་ཙམ་མིན་པར། མི་སེར་སྤེལ་མཁན་གྱི་ཆབ་དཔལ་སྟོབས་ཤུགས་འོག ཁོ་ཚོས་ཤོར་བའང་ཆུང་དུས་ནས་གོམས་འདྲིས་སུ་གྱུར་བའི་”ཁ་སྐད་”ཙམ་མིན་པའི་བསམ་གཞིགས་རིང་བོ་ཞིག་དྲུད་ཡོང་ངེས་ཡིན།
བརྙན་ཐུང་འདིའི་བསམ་གཞིགས་བྱ་ས་ཁག་ནི། [༡] གློག་བརྙན་འདིས་གླ་འཁོར་ཁ་ལོ་བ་ཞིག་བརྒྱུད་ནས་སྐད་ཡིག་གི་དོན་གནད་གླེང་དགོས་དོན་གང་ཡིན་ནམ། དུས་རྒྱུན་གླ་འཁོར་ཁ་ལོ་བ་བྱེད་མཁན་མི་སུ་འདྲ་བ་དག་ཡིན་ནམ། ཁོ་ཚོ་འབྲེལ་འདྲིས་བྱེད་ཡུལ་གྱི་མི་སུ་དང་སུ་ཡིན་ནམ། ཡོང་འབབ་གང་འདྲ་ཡོད་དམ། [༢] ཧོང་ཀོང་བ་ལ་མཚོན་ན་ཀོང་ཏུང་སྐད་ནི་ས་གནས་སྐད་ཡིག་ཡིན་ནམ་ཁ་སྐད་ཡིན། དུས་ནམ་ཞིག་ནས་གླ་འཁོར་ཁ་ལོ་བ་ཕལ་ཆེ་བས་སྤྱི་སྐད་ལས་ཁ་སྐད་མི་བཤད་པའི་གནས་སྟངས་མགོ་བཙུགས་པ་ཡིན། གནས་སྟངས་འདི་ཇི་ལྟར་བྱུང་བ་ཡིན་ནམ། [༣] གློག་བརྙན་ནང་བྱིས་པ་ཚོས་སྤྱི་སྐད་བཤད་པའི་བརྙན་ཚན་དེ་འཇུག་དོན་གང་ཡིན་ནམ། བྱིས་པ་ཚོ་འགྲིམ་སའི་སློབ་གྲྭ་དེ་ཇི་འདྲ་ཞིག་ཡིན་ནམ། བྱིས་པས་སྤྱི་སྐད་བྱང་ཆུབ་པར་བཤད་ཐུབ་ནའང་ཨ་ཕས་མི་ཐུབ་དོན་གང་ཡིན་ནམ། གལ་སྲིད་ཁྱོད་རང་ཧོང་ཀོང་དང་འཇར་པན། ཀོ་རི་ཡ། ཡང་ན་ཡུ་རོབ་སོགས་ཡུལ་ལུང་གང་རུང་ནང་འབྱོར་སྐབས། གླ་འཁོར་འབོད་པའམ་འབྲེལ་གཏུགས་བྱེད་པར་སྐད་རིགས་གང་བེད་སྤྱོད་བྱེད་ངེས་ཡིན་ནམ། གློག་བརྙན་ནང་གི་མི་ཚོས་དེ་ལྟར་མ་བྱས་པའི་རྒྱུ་མཚན་གང་ཡིན་པ་སོགས་ཡིན།
གློག་བརྙན་བཞི་བ། <<རང་ལུས་སྲེག་མཁན།>>
<<རང་ལུས་སྲེག་མཁན་>>ནི་གློག་བརྙན་གཞན་བཞི་བོ་དང་བསྡུར་ཚེ། ཆེས་སྐྱོ་སྣང་དང་ཆེས་འཇིགས་སྣང་གིས་ཁེངས་བའི་བརྙན་ཐུང་ཞིག་ཡིན། གློག་བརྙན་ཧྲིལ་བོ་འཁྲབ་འཁྲིད་པས་དངོས་ཡོད་དང་རྫུན་མ་མཉམ་དུ་བསྲེས་ནས་རྟོག་བཟོ་བྱས་པ་ཡིན། ཁོས་ཕྱི་ལོ་༢༠༢༠ ལོར་ཧོང་ཀོང་རང་བཙན་རྩོད་ལེན་གྱི་བསམ་བློའི་མྱུ་གུ་སྨིན་རྗེས། ༢༠༢༤ ལོར་གཞོན་སྐྱེས་ཁག་ཅིག་གིས་ཧོང་ཀོང་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་<<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>འོག་འཛིན་བཟུང་བཙོན་འཇུག་བྱས། དེར་མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ཡར་ལངས་ངོ་རྒོལ་བྱེད་སྐབས། གཞུང་གིས་མི་དམངས་བཅིངས་གྲོལ་དམག་མི་བཏང་ནས་དྲག་གནོན་བྱས། སུ་ཡིན་མི་ཤེས་པའི་མི་ཞིག་གིས་དབྱིན་ཇིའི་གཞུང་ཚབ་ཁང་གི་མདུན་དུ་རང་ལུས་མེར་སྲེག་བཏང་རྗེས། སྤྱི་ཚོགས་ནང་གྲོས་ཚོགས་འཐུས་མི་དང་སྲིད་དོན་དབྱེ་ཞིབ་པ། གནད་དོན་དཔྱད་བརྗོད་པ་ཚོས་རང་རང་ས་ནས་”རང་སྲེག་དོན་རྐྱེན་”དེར་འགྲེལ་བརྗོད་སྣ་ཚོགས་བྱེད་བཞིན་པའི་བྱུང་རིམ་ཞིག་རྟོག་བཟོ་བྱས་ཡོད།
དུས་ཡུན་སྐར་མ་ཉེར་གཉིས་ཅན་གྱི་བརྙན་ཐུང་འདི། འཁྲབ་འཁྲིད་པས་དངོས་བཤུས་གློག་བརྙན་དང་ཟློས་གར་བརྙན་གློག་བརྙན་གཉིས་ཕན་ཚུན་བསྣོལ་ནས་བསྒྲིགས་ཡོད་ལ། འཚོ་བ་དངོས་དང་བར་ཐག་ཉེ་རུ་གཏོང་ཐབས་ཀྱི་སྒྱུ་རྩལ་ཡང་དངོས་ཡོད་དང་ཟློས་གར་གཉིས་ཀྱི་སྟེང་ནས་མངོན་ཐབས་བྱས་ཡོད། དངོས་ཡོད་ཀྱི་ཆ་ནས། ༢༠༠༩ ལོར་འཁྲབ་གཞུང་ཡོངས་གྲུབ་པའི་བརྙན་ཐུང་འདིའི་བརྙན་ཚན་གྱི་བྱུང་བ་རེ་རེ་བཞིན། ༢༠༡༩ ལོར་ཧོང་ཀོང་གིས་<<ཉེས་ཅན་རྩིས་སྤྲོད་ཁྲིམས་འཆར་>>ལ་ངོ་རྒོལ་བྱས་པའི་ལས་འགུལ་ནང་བྱུང་ཡོད་པ་དེས། གློག་བརྙན་འདི་དངོས་ཡོད་དང་བར་ཐག་ཉེ་བའི་སྒྱུ་རྩལ་གྱི་ཆ་དེ་རྟོགས་ཐུབ་ལ། བརྙན་ངོས་ནས་ཡང་ཡང་འཆར་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་དང་བོད་ནང་གི་རང་ལུས་མེར་སྲེག་གི་བརྙན་རིས་དེ་དག་གིས། དུས་ཚོད་ཀྱི་སྔ་ཕྱི་མ་གཏོགས་ཧོང་ཀོང་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་འབྱུང་བར་དངོས་ཡོད་ཀྱི་ཚད་ཐིག་བརྒྱབ་ཡོད། ཟློས་གར་ཀྱི་ཆ་ནས། གཏམ་རྒྱུད་ནང་གི་ངོ་རྒོལ་ལས་འགུལ་བ་མང་བོ་དང་རང་ལུས་མེར་སྲེག་གཏོང་མཁན་རྒྱ་རིགས་མིན་པ་དེས། གལ་སྲིད་འཇིག་རྟེན་རིན་ཐང་ལྟ་ཚུལ་མཐུན་ཞིང་། སྤྱི་ཚོགས་གྲུབ་ཆ་དང་འཚོ་བ་རོལ་སྟངས། རིག་གཞུང་ཁྱད་ཆོས་གཅིག་པའི་སྟེང་ནས་”རྒྱལ་ཁབ་ཀྱི་མིའི་”འདུ་ཤེས་འཇོག་དགོས་ཚེ། ཧོང་ཀོང་ནི་མངའ་ཁོངས་དང་མངའ་འབངས་མིན་པར། “རང་བཙན་འདུ་ཤེས”ལ་དངོས་ཡོད་ཀྱི་ཆ་རྐྱེན་ཚང་ཡོད་པ་མཚོན་པར་བྱས་ཡོད།
གློག་བརྙན་འདིའི་སྒྱུ་རྩལ་གྱི་ཆ་ལ་རོལ་མྱོང་བྱེད་པར་བསམ་གཞིགས་བྱ་ས་ནི། [༡] བརྙན་ཐུང་འདི་དངོས་བཤུས་དང་ཟློས་གར་གློག་བརྙན་གང་ཡིན་ནམ། བརྙན་ཚན་གང་དག་ལ་དངོས་བཤུས་ཀྱི་ཆ་བེད་སྤྱོད་བྱས་ཡོད་དམ། གང་དག་ལ་བདེན་པའི་ཆ་དང་། གང་དག་རྫུན་པའི་ཆ་ཡིན་ནམ། འདི་ལྟའི་མཚོན་ཐབས་ལ་རོལ་མྱོང་བྱེད་སྐབས་གྲུབ་འབྲས་གང་འདྲ་ཞིག་ཐོན་སྲིད་དམ། [༢] དྲི་བ་ཇེ་ཟབ་ཏུ་བཏང་ན། ང་ཚོས་འདས་ཟིན་པའི་བྱ་དངོས་ལ་ཐག་གཅོད་གཏན་འཁེལ་ཐུབ་ནའང་། མ་འོངས་པའི་བྱ་དངོས་ལ་དེ་ལྟར་ཐུབ་བམ། ལུང་བསྟན་གྱི་རིགས་བདེན་པ་ཡིན་ནམ་རྫུན་པ་ཡིན། བདེན་རྫུན་གྱི་དབྱེ་བ་ཇི་ལྟར་བྱས་ན་ད་གཟོད་གནས་ལུགས་དང་མཐུན་པ་ཡིན་ནམ། [༣] གློག་བརྙན་ནང་གི་འཁྲབ་ཚིག”ཧོང་ཀོང་གི་ལས་འགུལ་ལ་གྲུབ་འབྲས་མ་བྱུང་བ་ནི། ད་དུང་དེའི་ཆེད་དུ་ཚེ་སྲོག་དོར་མེད་པས་ཡིན་”ཞེས་པ་འདིའི་གོ་དོན་གང་ཡིན་ནམ། འདི་དང་”ཨ་རབ་ཀྱི་དཔྱིད་དཔལ་”དང་། “ཨ་རིའི་རང་བཙན།” “ཧྥ་རན་སིའི་གསར་བརྗེ་ཆེན་མོ་” སོགས་ཀྱི་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་སོགས་ཡིན།
གློག་བརྙན་ལྔ་བ། <<རང་སའི་བྱ་སྒོང་།>>
ཡུན་ཚད་སྐར་མ་བཅུ་དགུ་ཅན་གྱི་གློག་བརྙན་འདི་སྤྱིར་བཏང་གི་བརྙན་འཕྲིན་ཟློས་གར་གྱི་ལམ་ནས་ཕབ་སྐྲུན་བྱས་ཡོད། ཨ་སིན་ནི་ལོ་མང་རིང་ཧོང་ཀོང་གི་ས་གནས་ཐོན་རྫས་བཙོང་ནས་འཚོ་ཐབས་སྒྲུབ་མཁན་ཞིག་ཡིན་ཞིང་། ཁོའི་ཚོང་གཉེར་གཙོ་བོ་ཧོང་ཀོང་ཀི་རང་ས་རང་ཡུལ་ནས་ཐོན་པའི་བྱ་སྒོང་སོགས་ཡིན། འོན་ཀྱང་། ཆབ་སྲིད་ཀྱི་གནད་དོན་གང་མང་ཞིག་གི་དབང་གིས། ཁོའི་རང་སའི་ཐོན་རྫས་ཚོང་གཉེར་གྱི་མདུན་ལམ་ལ་འགོག་རྐྱེན་འཕྲད་བཞིན་པར་སེམས་ཁྲལ་ཆེ་ཐོག ཧོང་ཀོང་སྲིད་གཞུང་གིས་”རྒྱལ་དམངས་སློབ་གསོ་ལམ་ལུགས་”ལག་བསྟར་བྱས་པ་ནས། བུ་ཆུང་མཱིན་ཙི་ཡི་སློབ་མཇུག་གི་ལས་འགུལ་ནི། སློབ་གྲོགས་ཚོ་མཉམ་དུ་”དམར་སྲུང་དམག་མིའི”སྒྲིག་ཆས་གྱོན་ནས། གཞུང་གིས་སྤྲད་པའི་ཐོ་གཞུང་འཁྱེར་ཏེ་ཚོང་ཁང་ཁག་ནང་ཞིབ་བཤེར་ལ་འགྲོ་རྒྱུ་དེ་ཡིན། བྱིས་པ་འདི་དག་གིས་”གཞོན་སྐྱེས་དཔུང་དམག་”གི་ཆེ་མཐོང་ཁྱེར་ནས་དམངས་ལ་གནོད་པའི་ལས་གཞི་རྩོམ་བཞིན་པ་འདི་ཡང་ཨ་སིན་གྱི་སེམས་ཁྲལ་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
གློག་བརྙན་འདི་ནི་དབང་བསྒྱུར་བས་མི་སེར་སྤེལ་ཡུལ་གྱི་ས་གནས་དཔལ་འབྱོར་དང་ས་གནས་རིག་གཞུང་། ཐ་ན་”རང་ས་”སྟེ་ས་གནས་འདུ་ཤེས་མཚོན་པའི་མིང་ཚིག་ཡན་ལ་རྡུང་འདེགས་བཏང་ནས། ཧོང་ཀོང་གི་མ་འོངས་པ་དམར་གསོད་གཏོང་བཞིན་པའི་གཏམ་རྒྱུད་ཅིག་ཡིན། “བྱ་སྒོང་”ནི་མི་རེའི་འཚོ་བའི་ནང་མེད་དུ་མི་རུང་བའི་ཟས་རིགས་ཙམ་མ་ཟད། བྱིས་པ་མཚོན་བྱེད་ཀྱི་མིང་ཚིག་ཅིག་ཀྱང་ཡིན། ལོ་རྒྱུས་ཐོག་གི་དབང་བསྒྱུར་བས་རྒྱུན་དུ་ཐོན་དངོས་སྲིད་ཇུས་སམ། ཡང་ན་རིན་གོང་དམའ་བོའི་འགྲན་རྩོད་གཡོ་ཐབས་སྤྱད་ནས་རང་ས་རང་ཡུལ་གྱི་ཐོན་དངོས་ལ་གཏོར་བརླག་གཏོང་གི་ཡོད། དམིགས་ཡུལ་ནི་མི་སེར་སྤེལ་ཡུལ་གྱི་ཐོན་རྫས་དང་ཐོན་རྫས་བར་དང་། ཐོན་རྫས་དང་མི་དམངས་བར་གྱི་འབྲེལ་ལམ་གཅོད་ཆེད་ཡིན་ཞིང་། གློག་བརྙན་ནང་གི་བྱུང་བ་ལྟར། མི་དམངས་ཀྱི་”རང་སའི་འདུ་ཤེས་”ནག་བསུབ་ཏུ་གཏོང་ཆེན་ཡིན། ༢༠༢༥ ལོར་ཧོང་ཀོང་མི་དམངས་ཀྱི་རྒྱ་ནག་གཞུང་གི་ལག་བསྟར་སྲིད་ཇུས་ཁག་ལ་ངོ་རྒོལ་མི་བྱེད་པར་མི་སྨྲ་བའི་རྟུལ་ཞུགས་དང་དུ་བླངས་བ་དེས། ཁོ་ཚོས་ཤོར་བ་རང་གི་ཐོན་རྫས་ཙམ་མིན་པར། མ་འོངས་པའི་ཧོང་ཀོང་གི་སོན་རྩ་བྱིས་པ་ཚོ་ཡང་ཚུད་ཡོད།
གློག་བརྙན་འདི་དངོས་ཡོད་དང་བར་ཐག་ཉེ་བར་མཚོན་ཐབས་ཀྱི་སྒྱུ་རྩལ་ལ་རོལ་མྱོང་བྱེད་པར་། གཤམ་གྱི་གནད་དོན་འདི་དག་ལ་བསམ་གཞིགས་བྱ་དགོས། [༡] མཱིན་ཙི་”གཞོན་སྐྱེས་དཔུང་དམག་”ལ་གཏན་འཁེལ་བྱེད་དོན་གང་ཡིན་ནམ། གཞོན་སྐྱེས་དམག་མིའི་ལས་ཀ་བྱེད་ཕྱོགས་དང་གོམ་པ་རྒྱག་སྟངས་ཀྱི་རྣམ་འགྱུར་དག་གིས་ཁྱོད་ལ་ཅི་ཞིག་ཕྱིར་དྲན་བྱེད་དུ་འཇུག གཞོན་སྐྱེས་དམག་མི་ཚོ་ལྟོས་ཚོད་ལ་སློབ་ཆུང་སློབ་མ་ལས་དམའ་འབྲིང་སློབ་མ་མིན་དོན་གང་ཡིན་ནམ། [༢] ལོ་རྒྱུས་ཐོག་འདི་ལྟའི་”གཞོན་སྐྱེས་དཔུང་དམག་”བྱུང་མྱོང་ཡོད། སྐབས་དེར་དོན་རྐྱེན་གང་ཞིག་བྱུང་ཞིང་། མཇུག་འབྲས་གང་ཞིག་བྱུང་མྱོང་ཡོད། གློག་བརྙན་ནང་གི་གཞོན་སྐྱེས་དམག་མི་འདི་ཚོ་ལོ་ལྔ་དང་། ལོ་བཅུ། ཡང་ན་ཁོ་ཚོ་ལོ་ཚོད་ལོན་རྗེས་ཧོང་ཀོང་ལ་འདུ་ཤེས་འཛིན་སྟངས་གང་འདྲ་ཡིན་ནམ། དམིགས་བསལ་”རང་སའི་འདུ་ཤེས་”ལ་ངོས་འཛིན་ཇི་འདྲ་བྱ་སྲིད། [༣] གཞོན་སྐྱེས་དམག་མིས་ཅིས་ཕྱིར་”རང་ས”ཞེས་པའི་མིང་ཚིག་འདི་ཞིབ་བཤེར་བྱེད་དོན་གང་ཡིན་ནམ། བྱ་སྔོང་ཞིག་ལ་”རང་སའི་བྱ་སྒོང་”ངམ་”ཧོང་ཀོང་གི་བྱ་སྒོང་”ཞེས་བཏགས་པའི་གོ་དོན་གང་ཡིན་ནམ། སྲིད་གཞུང་གིས་རང་གི་མང་ཚོགས་ཀྱིས་”རང་ས་”ཞེས་པའི་མིང་ཚིག་འདི་བེད་སྤྱོད་བྱེད་པར་འགོག་རྐྱེན་བཟོ་དོན་གང་ཡིན་པ་སོགས་ཡིན།
མཇུག་བྱང་།
རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོས་སྤྱི་མོས་ཐོག་ཧོང་ཀོང་གི་<<རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་>>གཏན་འབེབས་བྱས་ཤིང་། དེའི་ནང་ཉེན་ཚབས་ཆེ་བའི་”ཉེས་མིང་”ཆེན་པོ་བཞི་ལ་ཁྲིམས་ཐོག་ནས་རྗེས་འདེད་གཏོང་དགོས་པའི་གཏན་འབེབས་བྱས་ཡོད། ཉེས་མིང་ཆེན་པོ་བཞི་ནི། རྒྱ་ཁབ་ཁ་བྲལ་དུ་གཏོང་བ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ། འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བ། ཕྱིའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ལས་གཞི་སྤེལ་བ་བཅས་ཡིན་ཞིང་། ཁྲིམས་ཆད་ལྕི་ཤོས་ཚེ་གང་བཙོན་འཇུག་ཁྲིམས་ཐག་བཅད་ཆོག་པ་མ་ཟད། ཉེས་པ་དེ་རིགས་བསགས་པའི་ཚད་ཐིག་ལ་གཞི་འཛིན་གྱི་དུས་བཅད་མེད་པ་བཅས་ཡིན།
རྒྱ་ནག་གཞུང་གིས་འདི་ལྟར་ཧོང་ཀོང་གི་དཔལ་འབྱོར་དང་ཆབ་སྲིད་སྟེང་གི་དམིགས་བསལ་ཐོབ་དབང་རྩ་མེད་དུ་བཏང་ཞིང་། ཧོང་ཀོངགི་རང་སྐྱ་འཕེར་བའི་ཁྲིམས་ལུགས་དབང་བསྒྱུར་རྨག་མེད་དུ་བཏང་བ་མ་ཟད། རྒྱལ་སྤྱིའི་སྟེང་ཡང་བསྐྱར་”རྒྱ་ནག་རང་བཞིན་གྱི་ཁྲིམས་ལུགས་རང་བསྒྱུར་”གྱི་སྟོབས་ཤུགས་ངོམས་ཡོད། ཧོང་ཀོང་གི་གནས་སྟངས་ལ་གློ་བུར་བའི་འགྱུར་ལྡོག་བྱུང་བ་འདིས། རྒྱལ་སྤྱིའི་ཧོང་ཀོང་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་ལྡོག་བྱུང་སྟེ། ཨ་རི་དང་དབྱིན་ཇི། ཁཱ་ན་ཊ། ཨོ་སི་ཊི་ལི་ཡ། ཐེ་ཝན་བཅས་ཀྱིས་དེ་རིང་ནས་ཧོང་ཀོང་ཀི་སྐྱབས་བཅོལ་བ་ལེན་རྒྱུ་མགོ་བཙུགས་པ་མ་ཟད། ཧོང་ཀོང་གི་གཞོན་སྐྱེས་འཐབ་རྩོད་པ་ཚོས་ཀྱང་སྲིད་དོན་ཚོགས་པ་རྣམས་སྒོ་བརྒྱབས་ནས་རང་འགུལ་གྱིས་ལས་གནས་ཕྱིར་འབུད་བྱེད་བཞིན་ཡོད།
གློག་བརྙན་<<ལོ་བཅུའི་>> མིང་གི་འགྲེལ་བ་ནི་”ད་དུང་དུས་ཚོད་འཕྱི་མེད་” ཅེས་པ་འདི་ཡིན་ཞིང་། ལུང་བསྟན་གྱི་ལམ་ནས་ཧོང་ཀོང་གི་ཡ་ང་བའི་འབྱུང་འགྱུར་བཤད་པ་དང་ལྷན་དུ། མ་འོངས་སྔོན་འགོག་གི་ཚུལ་དུ། ད་ལྟའི་གནས་སྟངས་ལ་བསམ་གཞིགས་ཀྱིས་སྤྱང་གྲུང་ལྡན་པའི་འཐབ་རྩོད་མུ་མཐུད་དུ་རྒྱུན་སྐྱོང་བར་སྐུལ་མ་བཏང་ཡོད། འོན་ཀྱང་ཁོའི་ལུང་བསྟན་ནང་མ་ཚུད་པ་ནི། ༢༠༢༥ ལོའི་དོན་རྐྱེན་རྣམས་དུས་ཚོད་སྔ་ནུར་གྱིས་༢༠༢༠ ལོར་བྱུང་ཞིང་། འཐབ་རྩོད་མུ་མཐུད་རྒྱུན་སྐྱོང་ལས། “དྲུག་བཞི་ལས་འགུལ་”ལྟར་འཐབ་རྩོད་མཇུག་བསྒྲིལ་བ་དེ་ཡིན།