བསེ་རུ། (ཨོ་གླིང་།)
གངས་རིའི་ལྗོངས་ནས་བཞད་པའི་ཉིན་བྱེད་ཅིག།
གླིང་ཆེན་ཁྱོན་དུ་སྨག་མུན་ཞི་མཛད་ཅིང་།།
སྐྱེ་འགྲོའི་ཡིད་བདེ་སྐྲུན་པར་མི་ངལ་བའི།།
བླ་མ་ཡིད་བཞིན་ནོར་བུ་སྤྱི་བོས་མཆོད།།
གང་ན་ལུས་ཅན་མཆིས་པའི་ས་ཕྱོགས་སུ།།
གང་གི་སྡུག་བསྔལ་མུན་པ་སེལ་བའི་ཕྱིར།།
གང་ཉིད་འོད་ཀྱི་ཐིག་ལེར་སྤྲུལ་མཛད་པོ།།
བླ་མ་ཉིན་བྱེད་དབང་པོར་གསོལ་བ་འདེབས།།
སངས་རྒྱས་སྤྲུལ་པ་བྱང་སེམས་དངོས་སོ་ཞེས།།
སྤྱན་རས་གཟིགས་དབང་མི་ཡི་རྣམ་སྤྲུལ་སོགས།།
སྤྲུལ་པར་འདོད་དང་མི་འདོད་ལུས་ཅན་ཚོགས།།
གོལ་སའི་གཡང་ལས་སྐྱོབ་པའི་སྐྱབས་མགོན་མཆོད།།
ས་གཞི་ཆེན་པོས་ཐེག་དཀའི་མཛད་པ་གཅིག།
ཀློང་ཡངས་རྒྱ་མཚོར་ཤོང་དཀའི་ཐུགས་རྗེ་གཉིས།།
ནམ་མཁའ་ཡངས་པོར་ཆུབ་དཀའི་མཁྱེན་རབ་གསུམ།།
སྲིད་པ་གོ་ལའི་ཁྱོན་འདིའི་རྒྱན་གཅིག་ཡིན།།
ཐོས་བསམ་སྒོམ་གསུམ་གསེར་གྱི་ཞིང་ས་རུ།།
འཆད་རྩོད་རྩོམ་གསུམ་གཡུ་ཡི་ལྗང་འདབ་རྒྱས།།
མཁས་བཙུན་བཟང་གསུམ་རིན་ཆེན་འབྲས་བཟང་སྨིན།།
ནོར་བུ་དགོས་འདོད་ཀུན་འབྱུང་ཀུན་གྱི་གཉེན།།
སྐད་དང་ཡི་གེའི་བླ་སྲོག་སྐྱོབ་པ་པོ།།
ཆོས་དང་རིག་གཞུང་ཚེ་ཐག་སྲིང་པ་པོ།།
ནང་ཆོས་ཚན་རིག་ལག་རྡང་སྦྲེལ་པ་པོ།།
ཡིད་བཞིན་ནོར་བུའི་སྐུ་ཚེ་བསྐལ་བརྒྱར་བརྟན།།
དཀར་ནག་དྲག་ཞན་དབུལ་ཕྱུག་རིགས་ཀུན་དང་།།
སྣ་མང་ཆོས་ལུགས་ཆོས་པའི་རིགས་ཀུན་ལ།།
ཀུན་སྙོམས་འོད་ཀྱི་སྣང་བ་སྩོལ་མཛད་པོ།།
བསྟན་འཛིན་རྒྱ་མཚོའི་ཞབས་རྡུལ་སྤྱི་བོས་མཆོད།།
འདོད་རྔམ་གསོག་སྲུང་ཉེར་འཚོའི་འཚོ་གནས་ཆེད།།
གོ་ལའི་གློ་སྙིང་མཆིན་གསུམ་གཤགས་གྱུར་པས།།
འབྱུང་བཞིའི་རྐྱེན་ངན་སྲོག་ཏུ་སྡང་དུས་འདིར།།
ཁོར་ཡུག་སྲོག་ལས་གཅེས་པའི་གདམས་ངག་སྩལ།།
ཁྲག་གི་མཚོ་མོ་འཁྱིལ་བའི་དམག་འཁྲུག་དང་།།
ཞི་བདེ་ཀུན་ནས་འཇོམས་པའི་འཁྲུག་རྩོད་དང་།།
དམངས་གཙོ་རྡོག་རོལ་གཏོང་བའི་དུས་སྐབས་འདིར།།
ཞི་བདེའི་འོད་ཀྱི་སྣང་བ་ཀུན་གྱི་སྲོག།
བསྐལ་མང་བསོད་ནམས་བསགས་པའི་འབྲས་བུ་རུ།།
བླ་མའི་ཞལ་མཇལ་གསུང་ཐོས་བྱིན་རླབས་ཐོབ།།
ཡིད་ཀྱི་གདུང་བ་ཞི་ཞིང་བདེ་དགས་འཚོ།།
གང་གི་སྐུ་དྲིན་བསྐལ་བརྒྱར་གཞལ་ཐབས་བྲལ།།
འཇིག་རྟེན་ཞི་བདེའི་དེད་དཔོན་ཁྱེད་ཉིད་ཡིན།།
འཛམ་གླིང་སྐྱེ་འགྲོའི་མགོན་སྐྱབས་ཁྱེད་ཉིད་ཡིན།།
གོ་ལ་ཡངས་པོའི་འདྲེན་མཆོག་ཁྱེད་ཉིད་ཡིན།།
འདི་དང་ཕྱི་མའི་དཔུང་གཉེན་ཁྱེད་ཉིད་ཡིན།།
ཅི་གསུང་བཀའ་སྒྲུབ་ནུས་པར་བྱིན་གྱིས་རློབས།།
ཡང་དག་ལམ་བཟང་འགྲིམ་པར་བྱིན་གྱིས་རློབས།།
ལེགས་ཉེས་བླང་དོར་རྟོགས་པར་བྱིན་གྱིས་རློབས།
ཚེ་རབས་རྗེས་འཛིན་ཡོང་བར་བྱིན་གྱིས་རློབས།།
གང་གི་དགོངས་པའི་རླབས་ཆེན་མཛད་ཆེན་བཞི།།
གང་དང་གང་ལ་མཁོ་བའི་དུས་རབས་འདིར།།
གང་གི་གསང་གསུམ་མི་མཐུན་གེགས་ཚོགས་ཀུན།།
ས་གསུམ་འཇིག་རྟེན་ཁམས་ནས་ཞི་གྱུར་ཅིག།
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཚོགས།།
ལུས་ཅན་དད་དམ་གཡོ་མེད་ཁྱེད་རྣམས་ཀྱིས།།
བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པའི་ཕྱིར།།
སྨོན་པའི་དོན་ཀུན་འགྲུབ་པའི་གྲོགས་མགོན་མཛོད།།
༢༠༢༠།༧།༥ཉིན།
རྒན་ངག་དབང་རྡོ་རྗེ་ལགས། ཚིགས་བཅད་རྩོམ་ཡིག་ཧ་ཅང་གསོན་ཉམས་དོད་པོ་བྲིས་འདུག དྷ་ས་དཔེ་སྟོན་
སློབ་གྲྭ་ནས་ཁྱེད་ལ་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱི་ཕྲེང་བ་མགུལ་རྒྱན་དུ་ཕུལ།