གཡུ་སྒང་དགེ་འདུན།
(ཕྱི་ལོའི་དགུང་གྲངས་ ༨༥ ཕེབས་པའི་སྐུའི་འཁྲུངས་སྐར་ལ་ཕུལ།)
༡༽དྲི་མེད་རྒྱལ་བསྟན་ཉི་ཟླའི་དཀྱིལ་འཁོར་ས་སྟེང་སྐྱེ་འགྲོའི་མགོན་དུ་སྩལ།།
ལོག་སྨྲའི་སྲིན་བྱ་ལོང་བར་མི་བྱེད་ལེགས་ལམ་འཇིག་རྟེན་གཟིགས་མོར་འགྲེམས།།
གསེར་མངལ་ཅན་དང་མིག་སྟོང་ལྡན་སོགས་འཇིག་རྟེན་དྲེགས་པའི་ཚོགས་ཀྱིས་ཀྱང་།།
སྤྱི་བོར་བཀུར་ཞིང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་མཛད་གང་སྲིད་ན་མཐོ།།
༢༽གང་གི་ཞབས་ཟུང་རྩིབས་སྟོང་ལྡན་པས་སྟོབས་ལྡན་རྒྱལ་ཁབ་གྲངས་མེད་བསྐོར།།
རྒྱལ་སྤྱིའི་དཀའ་རྙོག་དུག་མཚོ་ཁོལ་མ་ཞི་བྱེད་ཆོས་ཀྱི་ལམ་ཆེན་བསྟན།།
འཇིགས་རུང་འཕྲང་ལམ་ཁྲི་འབུམ་ཁྲོད་ནས་མི་ཡུལ་འཁོད་པའི་མི་བུ་དག །
དགོས་ངེས་དོན་ལ་རྟོག་ཞིབ་ཕྲ་མོས་ཕན་གྲོགས་སྒྲུབ་པའི་གཏམ་བཟང་རྙེད།།
༣༽ཕྱི་ནང་གདུལ་བྱའི་ཡིད་ཀྱི་གཤིན་སར་དམ་ཆོས་ཆར་གྱིས་བརླན་པར་མཛད།།
ཆེས་མཐོང་ཉི་ཟླའི་རྣ་ཆ་འདོགས་བཞིན་འཛམ་གླིང་སྐྱེ་དགུའི་མིག་ལམ་དུ།།
བོད་དང་བོད་མིའི་དཀའ་སྡུག་གྲངས་མེད་གསར་ལམ་གཟིགས་མོར་ཐོན་པ་སོགས།།
སྔོན་འཆར་ལས་གཞི་ཐོལ་གྱིས་བརྒལ་བའི་ཞབས་རྗེས་དྷ་སའི་རི་ལ་བཞག །
༤༽འོན་ཀྱང་མཛད་དོན་རུ་འཛིངས་འཁྲིགས་ཀྱང་ངལ་བའི་ཆ་ཙམ་ཡོད་མ་ཡིན།།
ཕྱོགས་དང་ཕྱོགས་མཐའི་མཇལ་མང་དག་ལ་བཀའ་སློབ་གསེར་གྱི་ཕྲེང་བ་བགྲང་།།
དམར་ཤོག་སྲིན་པོས་ཐབས་བརྒྱའི་ཐེག་པས་བོད་ཡུལ་དམ་དུ་བསྡམས་ན་ཡང་།།
ཟབ་གསལ་ཆོས་ཀྱི་ཡུ་བར་འཇུས་ཏེ་གཉིས་སྨན་དབུ་མའི་ལམ་དུ་བསྐུལ།།
༥༽དད་ལྡན་སེར་སྐྱའི་སྐར་ཚོམ་ཁྲི་འབུམ་འཛུམ་གྱིས་འཁྱིལ་བའི་སྔོ་བསངས་གཞིར།།
རྒྱུ་སྐར་བདག་པོས་བྱམས་བརྩེའི་འོད་ཀྱི་ཟེགས་མ་གཏོར་བས་བྱིན་མཐུ་ལས།།
གདུག་རྩུབ་ཀླ་ཀློའི་ཚ་རེག་བཅོམ་སྟེ་ཞི་བདེའི་འོད་ཀྱི་ཕུང་པོ་ལ།།
རྒྱང་རིང་དབྱིག་ལྡན་སྒེག་མོའི་ལྟོ་བར་ཀུན་ཏའི་ཚོགས་ཀྱང་དགའ་བས་དུད།།
༦༽རྟེན་འབྱུང་ལྟ་བའི་ཀ་བ་བརྟན་ཅིང་འཚེ་མེད་སྤྱོད་པའི་ཁང་ཁྱིམ་སྤྲོ།།
སྟོན་པའི་ཐུགས་བརྩེའི་འོ་མའི་ཉིང་བཅུད་དད་ལྡན་ཟུངས་ཀྱི་རུ་མར་བརྙེས།།
མི་ཤིགས་རྡོ་རྗེ་སྐུ་མཆོག་བརྙེས་ཏེ་བསྟན་འགྲོར་ཕན་བདེའི་གངྒའི་ཆབ།།
རྟག་བརྟན་གངས་དཀར་ཏི་སིའི་རི་ནས་བསྐལ་བརྒྱར་འབབ་པའི་གསོལ་འདེབས་ཕུལ།།
༧༽སྔོན་བྱོན་གཏམ་རྒྱུད་རིང་པོའི་སྤྲས་པའི་རྣམ་སྲས་འཕྱར་དར་སྤྲིན་གསེབ་མ།།
ཆགས་འཇིགས་རླུང་ནག་འཚུབ་མའི་ཁྲོད་ནས་དམར་པོ་སྲོག་དང་ལྷན་དུ་སྦས།།
དྲག་རླུང་ཆད་པའི་བར་མཚམས་ཤིག་ནས་རྒྱང་བཞུད་ཁྲུང་ཁྲུང་སྐེར་བཏགས་ཏེ།།
དབུས་འགྱུར་ཉི་མ་སེར་པོར་ཕུལ་བའི་བསོད་ནམས་ལྷུན་པོའི་དཔངས་སུ་བརྟས།།
༨༽ཚན་རྩལ་ཐང་དཀར་རྒོད་པོར་ཆིབས་ཏེ་གླིང་གཞན་ཞབས་ཀྱི་རི་མོར་བཀོད།།
མཛད་འཕྲིན་ལྗོན་ཤིང་ཚར་དུ་དངར་ཞིང་ཕན་བདེ་འབྲས་བུའི་སྙེ་མ་དུད།།
བྷྲ་མ་ར་ཡིས་དྲི་གླུ་སྙན་པོ་གེ་སར་ཆུན་པོའི་གསོས་སུ་བསྟིམས།།
བཅུད་ལྡན་སྦྲང་རྩིའི་བཀའ་ལན་མངར་མོ་འཁོར་འགྲོའི་ཟུངས་ཀྱི་དྭངས་མར་སྩལ།།
༩༽བོད་སློབ་གསར་སྐྱེས་གཞོན་ནུའི་ལྗང་སྨྱུག་རྒྱ་གར་འཛིན་མའི་རུམ་དུ་བསྐྱངས།།
སྣ་ཚོགས་རིགས་པའི་འདབ་བརྒྱ་གྲོལ་བར་ངལ་བ་འབུམ་ཕྲག་འཁུར་དུ་བཞེས།།
དོན་འབྲས་གསེར་གྱི་སྙེ་མའི་བཅུད་ལ་ཕྱོགས་བཅུའི་བུང་བས་གར་ལ་རྩེན།།
ལྷག་བསམ་ལས་ཀྱི་འཁོར་ལོ་བསྐོར་བར་བསྟོད་བསྔགས་མེ་ཏོག་ཕྲེང་བ་སྤུད།།
༡༠༽དོན་ལྡན་འཚམས་འཕྲིན་དུས་ཀྱི་ཕོ་ཉ་རིམ་བཞིན་ཕྱོགས་དང་ཕྱོགས་སུ་བཏང་།།
སྨོན་ཚིག་གཞན་གསོས་བུ་མོའི་གླུ་སྒྲ་ལྷ་ཤིང་ལྗོན་པའི་རྩེ་ནས་བསྒྲགས།།
ཚེ་སྲོག་གཤེན་རྗེའི་སོ་ཁ་བརྒྱུད་ཀྱང་ལ་རྒྱའི་གོམ་པ་མདུན་སྤོ་བའི།།
གཞིས་ལུས་ཞུམ་མེད་རང་ཚུགས་བརྟན་པོར་དགའ་བསུའི་གསུང་གི་སྦྲང་ཆར་བསྙིལ།།
༡༡༽རྙོག་ཟིང་དུག་གི་ན་བུན་འཐིབས་ཏེ་ཉེས་མེད་སེམས་ཀྱི་འབུ་སྲིན་གཙེས།།
འོན་ཀྱང་དྭངས་གསལ་སྟོན་ཟླའི་བཀའ་སློབ་དུས་ཀུན་ལྷ་ཡི་ལམ་དུ་རྒྱུ།།
འཚེ་མེད་ཞི་བདེའི་སྣང་པ་དཀར་པོ་རྒྱུ་སྐར་འབུམ་གྱི་མངལ་སྦྲུམ་སྟེ།།
ཡོལ་ཐབས་མེད་པའི་ཟུག་རྔུ་རེ་ལ་བཟོད་བསྲན་དབུགས་ཀྱི་འབྱིན་རྔུབ་བསྡམས།།
༡༢༽ཐུགས་ཕམ་སྤྲིན་ཕུང་ལང་ལོང་འཁྲིགས་ཏེ་ཡུལ་གཞན་བསྐྱོད་པའི་སྟ་གོན་མཛད།།
འོན་ཀྱང་གཞུང་དམངས་དགོངས་སེལ་ཞུ་ཕྱག་སུམ་རྩེན་ལྷ་ཡི་དྲུང་དུ་འཐེན།།
གང་གིས་ཐུགས་བརྩེའི་ཆུ་བོའི་རྒྱུན་ལས་ཞལ་བཞེས་རིན་ཆེན་ས་ལེ་སྦྲམ།།
ཐོབ་པའི་སྐལ་བཟང་དཔྱིད་ཀྱི་དཔལ་མོས་འགོ་དམངས་བདེ་བའི་གནས་སུ་བསྙལ།།
༡༣༽མཐུན་སྒྲིལ་དཔག་བསམ་རྩ་བ་བརྟན་ཅིང་མང་གཙོའི་ཡལ་གའི་ཁོ་ལག་རྫོགས།།
རང་དབང་ལོ་འདབ་ཕྱུར་བུར་གཏམས་ཤིང་ཞི་བདེའི་སྙེ་མ་དུད་པའི་ཕྱིར།།
གླིང་བཞིར་ངལ་བརྒྱ་ཕྲག་ཏུ་བསྣམས་ཏེ་དུས་དྲུག་ལས་ཀྱི་བྲེལ་བས་ན།།
ཕུན་ཚོགས་རང་དབང་སྡེ་བཞིའི་གཟེངས་རྟགས་མུ་ཏིག་ཕྲེང་བ་རྒྱན་དུ་བཞེས།།
༡༤༽བཀའ་བྲིས་བདེན་དོན་གཞན་གསོས་གླུ་དབྱངས་ཧོར་ཡུལ་གནམ་བསྐོའི་སྙན་བཅུད་བརྟས།།
གཞོན་ནུའི་གྲོས་ཆོད་རྒྱུ་སྐར་ཕྲེང་བ་ཆུ་ཤེལ་དབང་པོས་མལ་དུ་རུམ།།
རེ་ལམ་འབུམ་གྱིས་མང་གཙོའི་ཀ་བ་འདེགས་པར་གསུང་འཕྲིན་ཁ་བཏགས་བཏེགས།།
མཛད་འཕྲིན་ཡར་ཀླུང་ཆུ་བོའི་འབབ་རྒྱུན་འཛམ་གླིང་གོ་ལའི་མིག་ཏུ་གྱུར།།
༡༥༽ས་ཆེན་དམག་དཔུང་སྟོབས་ཀྱིས་འདུལ་བའི་ཇཱིི་གིར་འཛིན་མའི་ལྟོ་བ་རུ།།
ཞབས་སེན་ལྷ་ཆུ་དལ་གྱིས་བབས་ཏེ་དམ་ཆོས་བཞུར་སྒྲ་ལྷུང་ལྷུང་སྒྲོགས།།
སྐལ་ལྡན་ལྟོ་དཀར་དད་གསུམ་འཁྱུག་འགྲོའི་ཧུབ་ཀྱིས་འཐུང་བའི་དགའ་སྟོན་ལ།།
ས་གསུམ་གདེངས་ཅན་དབང་པོའི་ཚོགས་ཀྱང་དུངས་པས་གར་ལ་རྣམ་པར་རྩེན།།
༡༦༽བླུན་པོས་གྲི་ཁ་ནང་ལ་གཏད་པས་དམེ་དྲི་རྒྱ་མཚོའི་མཐའ་རུ་ཁྱབ།།
ཡ་ངའི་གཞིས་ལུས་སྐྱོ་གར་ཕྲ་མོར་ཐུགས་ཕམ་གསུང་འཕྲིན་མགྲིན་ལྡན་མ།།
ལྷ་ལམ་ཉི་ཟླའི་འགྲོས་དང་བསྡེབས་ཏེ་ཇོ་མོ་གླང་མའི་རི་རྩེ་ནས།།
མཐུན་སྒྲིལ་གསུང་གི་འགྱུར་ཁུག་རེ་རེས་མཛའ་བརྩེའི་འོ་ཆུ་གཅིག་ཏུ་བསྒྲིལ།།
༡༧༽མི་འགྱུར་དད་པའི་ས་ཆེན་བརྟན་ཞིང་སྙིང་སྟོབས་རླུང་སྤྱོད་ལྡིང་བའི་ཁྱུ།།
འཇིགས་རུང་ལམ་འཕྲང་རྐང་བས་མནན་ཏེ་སེམས་ཀྱི་ཉི་མ་གཞོན་ནུའི་ཞལ།།
མཇལ་བས་པཎ་གྲུབ་བརྒྱད་ཅུའི་གྲགས་པ་ཟིལ་གྱིས་གནོན་པའི་ཐུགས་ཀློང་ལས།།
བདེན་དོན་གསུང་གི་ཆར་ཆེན་ཕབ་པ་ཆར་འདོད་བྱེ་འུ་ཡིད་ཀྱི་དཔྱིད།།
༡༨༽ནག་པུར་གཙུག་ལག་འཁྲི་ཤིང་ལྗོན་པར་ཡལ་འདབ་ཉིས་བརྒྱ་བཞི་བཅུས་བརྒྱན།།
གསར་སྐྱེས་ལོ་འདབ་གསུམ་འབུམ་ལྔ་ཁྲི་ཕང་ཕུང་གཡོ་བའི་ཚོགས་དབུས་སུ།།
ཆེ་བསྟོད་གཟེངས་རྟགས་ཕུལ་ཐེངས་སོ་གཉིས་གུས་བཀུར་ཡལ་གའི་རྩེར་བཏེགས་ཏེ།།
ཕུལ་བའི་གྲགས་པ་ས་ཆེན་ལྡིར་བ་མགོ་བོ་མི་དུད་སུ་ཞིག་མཆིས།།
༡༩༽ཐའེ་ཝན་བོད་སོག་བདུད་ཀྱི་ཆོ་འཕྲུལ་བསམ་མེད་བྱིས་བློའི་གཏིང་དུ་འབྱམས།།
ཆོལ་གསུམ་དབྱེན་འཁྲུག་རླུང་ནག་འཚུབ་མ་གཟུགས་མེད་གདོན་གྱི་གཟུགས་སུ་བརྫུས།།
ག་ཕྱི་ལོག་པའི་སྣ་ནག་མ་ནི་བོད་མི་རེ་འགའི་ལུས་འགྲོགས་ཀྱང་།།
བཀའ་སློབ་མདུད་བརྒྱ་གྲོལ་བའི་རྡོ་རྗེ་སྙན་བརྒྱའི་གསོས་སུ་ཡང་ཡང་བསྣུན།།
༢༠༽སྨད་རྒྱུད་ལི་ཁྲིའི་མཚམས་སྤྲིན་དབུས་སུ་ཟབ་གསལ་བཀའ་དབང་འཆར་ཀའི་འོད།།
བླ་མེད་གསང་ཆེན་རྒྱུད་འགྲེལ་ལམ་ཐིག་སྤྲིན་བྲལ་ནམ་མཁའི་ངོས་སུ་འཐེན།།
འཇིག་རྟེན་ལྷ་འདྲེ་སྔར་བསགས་སྡིག་པས་ཉམ་ཆུང་འགྲོ་ལ་འཚེ་རྣམས་སྤོངས།།
བཀའ་བསྒོས་སྲུང་མས་ཚུལ་བཞིན་སྲུང་ལ་གནོད་པའི་དགྲ་རྣམས་ཐུལ་ཅེས་སྩལ།།
༢༡༽སྔ་འགྱུར་བཀའ་མ་སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་ལ་སོགས་ཟབ་ཆོས་ཀུན།།
མན་ངག་ཁ་བའི་རྡུལ་མང་བརྩེགས་པའི་ས་འཛིན་ཕྲེང་བ་འཚར་དངར་བའི།།
དིལ་མགོ་ཐུགས་ཀྱི་ཨ་དར་ཤ་ནས་ཟབ་གསུང་ལྷ་ཡི་བདུད་རྩིའི་བཅུད།།
རོལ་ལ་ཚིམ་མེད་རིགས་གསུམ་བདག་ཉིད་གངས་རིའི་མགོན་པོ་རྟག་བརྟན་ཤོག།
ཅེས་གཡུ་སྒང་དགེ་འདུན་གྱིས།
༢༠༢༠ ཟླ་ ༠༧ ཚེས་ ༠༤ ཉིན་བྲིས།