རྩོམ་འབྲི་བ། རྫ་ཚེ་རིང་བཀྲ་ཤིས། ལྷ་ཆབ་སྦྱིན་པ། ཞོ་ར་བསྟན་པ་དར་རྒྱས། འདྲེ་གླེན་པ། ནགས་ཤོད་ཅོང་བརྡ། མགལ་དུམ།
༧སྐུའི་འཁྲུངས་སྐར་གྱ་ལྔ་བར་ཕུལ་བའི་ཤིས་ཚིག
རྫ་ཚེ་རིང་བཀྲ་ཤིས།
ཞི་བ་རྒྱ་མཚོའི་རླབས་ཀྱི་རྩེ་དགའ་ལ། །
སྙིང་རྗེ་འོད་ཟེར་ཕྲེང་བ་འབུམ་བརྡལ་བའི། །
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོའི་དཔལ། །
གསང་གསུམ་གངས་རིར་བཞད་པའི་དུས་ཆེན་བསུ། །
མགོན་མེད་བཤེས་བྲལ་ཁ་བ་ཅན་གྱི་འགྲོ། །
བུ་བཞིན་ཐུགས་བརྩེས་བསྐྱངས་པའི་དྲིན་པོ་ཆེ། །
ཁྱེད་ནི་འདི་ཕྱིའི་ལམ་སྟོན་སྒྲོན་མེ་དང་། །
སྙིང་མིག་སྲོག་གསུམ་འདུས་པའི་དྭངས་མ་ཡིན། །
བགྲང་བྱའི་འཁོར་ལོ་གྱ་ལྔར་ཕེབས་ཀྱི་བར། །
རྣམ་ཐར་མཛད་པའི་ཆ་ཤས་རེ་རེ་བཞིན། །
འཛམ་གླིང་ཞི་བདེ་འདྲེན་པའི་ཕོ་ཉ་དང་། །
གངས་ལྗོངས་ཆོས་རིག་གསོ་བའི་བདུད་རྩི་ཉིད། །
དེ་རིང་འདི་ན་སྐྱེ་བོ་ཁྲག་ཁྲིག་གིས། །
དགའ་དད་སྤྲོ་བས་༧སྐུ་ཡི་འཁྲུངས་སྐར་བསུ། །
ཕྱི་ཕྱིར་བརྩེ་བའི་ཐུགས་ཀྱིས་རབ་དགོངས་ཏེ། །
མཁའ་ཁྱབ་བསྟན་འགྲོའི་མགོན་པོར་བཞུགས་སུ་གསོལ། །
སྐུའི་འཁྲུངས་སྐར་གྱ་ལྔ་བ་ལ་དགའ་དད་སྤྲོ་གསུམ་ཕན་ཚུན་འགྲན་པ་ལྟ་བུའི་རྟེན་འབྲེལ་ཞུ།
ལྷ་ཆབ་སྦྱིན་པ།
རྣམ་འདྲེན་རྒྱལ་བ་གཞན་གྱིས་བོར་བའི་གངས་ལྡན་ནགས་མའི་དཀྱིལ་འཁོར་ན།།
འཕྱན་པའི་འགྲོ་ལ་རྗེས་སུ་ཆགས་པའི་དམིགས་མེད་ཐུགས་རྗེ་གཡོ་མེད་ཅིང་།།
སྤྱན་རས་གཟིགས་ཞེས་རབ་འབྱམས་ཞིང་གི་རྣ་ལུང་དལ་གྱིས་སྒུལ་བ་སྟེ།།
བདག་གི་སྟོན་པ་བསྟན་འཛིན་རྒྱ་མཚོ་བསྐལ་པའི་མཐར་ཡང་གཏན་གྱི་སྐྱབས།།
དགེ་འདུན་གྲུབ་པའི་མཚན་གྱི་དོན་ནས་བྱོན་པའི་སངས་རྒྱས་གཉིས་པ་ཁྱེད།།
ལྔ་ལྡན་གླིང་གི་དབྱེ་བས་མ་ཆོད་ཀླ་ཀློའི་ཞིང་ཁམས་ཐམས་ཅད་གཤེགས།།
དྲི་མེད་ལུང་དང་རྟོགས་པའི་བསྟན་དང་ཚད་མེད་སྙིང་རྗེའི་ཞབས་རྗེས་ནི།།
མ་ཐེག་ཀུན་བཟོད་སྒེག་མོའི་འཁུན་སྒྲ་སྲིད་པའི་ཁོངས་ལས་རིང་དུ་བརྒལ།།
ལོག་སྨོན་ཆུ་སྲིན་རྒྱལ་མཚན་མཛེས་ཤིང་འཁོར་བའི་རྒྱ་མཚོར་ངལ་གསོ་བའི།།
གདུག་རྩུབ་སྙིང་ཁམས་མེ་རུ་འབར་བའི་མི་སྲུན་དྲག་པོའི་སྡེ་དེར་ཡང་།།
འཚེ་མེད་སྙིང་རྗེའི་ཡུལ་དུ་སྒོམ་པའི་བྱང་ཆུབ་སེམས་ཀྱི་ལྟ་བ་དེར།།
ཆེ་དགུ་མ་བགྲོས་གཅིག་ཏུ་བཏུད་པའི་རྣམ་ཐར་ཡང་དག་དོན་གྱིས་མཛེས།།
རྣམ་པར་དག་པའི་ཐུགས་གཤིས་བཟང་པོས་ཆེ་དགུའི་སྙིང་ལ་བདེ་བ་སྟེར།།
ཤིན་ཏུ་ཞི་བའི་སྤྱོད་པ་བཙུན་པས་འགྲོ་བའི་སེམས་ལ་ངལ་གསོ་ཐོབ།།
ཡང་དག་སྐུ་ཡི་གསུང་དབྱངས་གཅིག་གིས་ཐམས་ཅད་ཐར་པའི་ས་ལ་འགོད།།
རྣམ་པར་རྒྱལ་བའི་རྒྱལ་མཚན་མཛེས་པས་བླ་ན་མེད་པའི་སྟོན་པར་ངེས།།
དྲག་སྦྱོར་སྦྲུལ་གྱི་ཚང་དུ་ཕེབས་འདོད་སྔ་ནས་ཁྱེད་ལ་ཡོད་ནའང་།།
རེ་ཞིག་མི་སྲུན་ཀླ་ཀློའི་དཔུང་གི་མགོ་བོ་མཐོ་ཙམ་གཡོ་བ་དེས།།
བཅུ་ཚན་དྲུག་གི་བགྲང་བྱའི་རི་མོ་མི་འདོད་སྡུག་གི་ཁོག་ལ་བྲིས།།
གཞན་གྱི་དོན་དུ་རྩུབ་པོའི་འཚེར་མ་གདན་དུ་བྱ་བ་བདག་གིར་བཞེས།།
ཐམས་ཅད་མཁྱེན་པའི་མཚན་གྱི་ཅོད་པན་སྲིད་པའི་རྒྱན་དུ་མངོན་པར་མཛེས།།
དྲང་སྲོང་བདེན་པའི་གསུང་དབྱངས་མཐའ་དག་ཚངས་པའི་ཐིག་གིས་མི་གཡོ་བས།།
རིས་མེད་བསྟན་དང་སྟོན་པ་དག་ཀྱང་ཁྱེད་ལ་དབུ་ལྕོག་ལྡེམ་པ་ལྟའི།།
རྣམ་པར་རྒྱལ་བའི་ངོ་མཚར་རྣམ་ཐར་རྒྱལ་བ་གཞན་གྱིས་ག་ལ་ཞིག།།
ནག་ཕྱོགས་དགྲ་སྡེའི་དཔུང་གི་འཚེ་བའི་ཆུ་ཁུར་དལ་གྱིས་འོང་བའི་ཚེ།།
ཤིན་ཏུ་ཞི་བའི་དགོངས་པའི་ཏིང་འཛིན་སྐད་ཅིག་གཅིག་གིས་གཞིལ་བའི་གཏམ།།
ངོ་མཚར་འཕྲུལ་གྱིས་སྲིད་གསུམ་ཁྱོན་ལས་རིང་དུ་བརྒལ་བའི་གྲགས་པ་དེར།།
དཀར་ཕྱོགས་ལྷ་མིས་དགའ་བའི་ཅ་ཅོ་གངས་རི་འཁྲིགས་པའི་སུལ་ན་སྒྲོགས།།
ཁ་ཅིག་ཁྱེད་ཀྱི་མཚན་ནས་འབོད་ཅིང་གཅེས་པའི་སྲོག་ཀྱང་ཡོངས་གཏོང་བ།།
སྐྱབས་གནས་བསླུ་བ་མེད་པར་ཤེས་ཤིང་དེ་ལྟར་བོར་བ་ག་ལ་ཡོད།།
ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ།།
ཁྱེད་ཀྱི་མཚན་ཙམ་ཐོས་པ་ཙམ་གྱིས་ཤིན་ཏུ་བདེ་བའི་ངལ་གསོ་ཐོབ།།
འགའ་ཞིག་ཁྱེད་ཀྱི་མཚན་གནས་རྗེས་འབྲེལ་ཁ་ལ་འཁྱེར་ནས་གྲུབ་རྟགས་ངོམ།།
རེ་འགའ་དྲིན་བྱས་དྲིན་དུ་མི་ཚོར་གཤེ་ཞིང་སྐུར་བའི་སྒྲོ་འདོགས་ཀྱང་།།
དགའ་སྡུག་རང་བཞིན་མཐའ་ལ་མ་ལྷུང་བྱམས་བརྩེའི་དགོད་སྒྲ་སྙན་མོ་ཡིས།།
ཚངས་པའི་དབྱངས་ཀྱི་སྙན་པ་འགོག་པས་ཆེ་དགའི་མགོ་བོ་ཕྲག་ལ་ལྷུང་།།
ལོ་པཎ་རྒྱལ་བློན་སུས་ཀྱང་མ་བྱས་ཁ་བ་རི་བོའི་བདེ་སྐྱིད་སླད།།
ཧི་མ་ལ་ཡའི་གངས་ཀྱི་རི་ལ་ཞབས་སེན་བཀྲ་ཤིས་རི་མོ་བཀོད།།
བགྲང་བྱ་བཅུ་ཚན་དྲུག་གི་རིང་ལ་བྱ་དཀའི་ངལ་བ་འབུམ་ཕྲག་གིས།།
ཐུ་བྷོད་བཙན་པོའི་ཆོས་དང་རིག་གཞུང་འཛམ་གླིང་མཛེས་པའི་རྒྱན་དུ་བཏེགས།།
མགོན་ཁྱོད་ངལ་བའི་རྔུལ་ཆུའི་ཐིགས་པ་ཡར་ཀླུང་གཙང་པོ་མིན་ནམ་སྙམ།།
མི་ལོ་སྟོང་ལ་འཛད་པ་མེད་པའི་བཞུར་རྒྱུན་རིང་མོ་མཁའ་ལ་འཕྱོ།།
ཉིན་དང་ཟླ་བའི་སྐར་ཆ་རེར་ཡང་འགྲོ་ལ་ཆགས་པའི་སྙིང་རྗེའི་སེམས།།
དུབ་པ་མེད་པ་སྤྱན་རས་གཟིགས་ཁྱེད་མི་ཡི་རྣམ་པར་རོལ་བ་ཉིད།།
ཆོས་དང་འཇིག་རྟེན་ལྷན་དུ་སྦྱོར་བའི་གྲུབ་བརྫུ་རྩ་ཡི་གཟུགས་ཁམས་ཅན།།
དེང་གི་དུས་ན་ཟང་ཟིང་ལས་ཀྱིས་བསྟན་དང་སྟོན་པར་བརྙས་པ་མང་།།
མགོན་ཁྱོད་གང་དུ་བྱོན་པའི་ཡུལ་དེར་དག་པར་ཐེར་བའི་བདེན་པའི་ལམ།།
རིས་མེད་ཉི་མ་གཞོན་ནུའི་འོད་བཞིན་ཁྱབ་པའི་བཀའ་དྲིན་སྙིང་ལ་ལྕི།།
དགྲ་དང་གཉེན་གྱི་མཐའ་ལ་མ་ལྷུང་དབུ་མ་ཆེན་པོའི་དགོངས་པ་དེ།།
འདས་མ་ད་གསུམ་མངོན་པར་གཟིགས་ཤིང་འཁྲུལ་བ་མེད་པའི་ལོ་རྒྱུས་ཉིད།།
མགོན་ཁྱོད་མཁྱེན་པའི་མ་འོངས་པ་ནི་འཚེ་མེད་ཞི་བའི་བསྟི་གནས་ཤིག།
ས་ཡ་དྲུག་ལ་ཤིན་ཏུ་འཚམ་པའི་ཆོས་སྲིད་ཟུང་གི་རྒྱལ་ཁམས་ཤིག།།
སྡེ་པ་གཞུང་ལ་བདེ་སྐྱིད་མེད་སྐབས་འཚེར་མའི་ཚང་ཞིག་ཁྱེད་ལ་ཕུལ།།
བཅུ་དྲུག་གཞོན་པའི་དུས་དེ་ནས་བཟུང་སྡུག་གི་སྐེ་ཐག་ཁྱེད་ལ་བསྐོན།།
རྩ་བ་རུལ་བའི་སྡོང་རྒན་དེ་ཉིད་འགྱེལ་བར་ངེས་པ་ཆོས་ཉིད་བཞིན།།
སྡུག་གི་ལོ་རྒྱུས་སྐྱུར་མོ་འདི་ནི་མགོན་ཁྱེད་ཁོ་ནའི་འགན་དུ་བབ།།
སྔ་རབས་སྐུ་དྲག་ཚང་ཞིག་འགྱེལ་བ་མི་ཐེག་སྡུག་བསྔལ་མི་འབྱུང་སྟེ།།
སྔར་མེད་མང་གཙོ་གསོལ་རས་སྩལ་བའི་ལོ་རྒྱུས་འདི་ལ་ངོ་མཚར་ཆེ།།
གྲི་དང་མདུང་གི་ནང་དམེའི་འཚོ་བ་ཡོངས་སུ་སྒྲིལ་བའི་དཀྱོགས་མཚམས་འདིར།།
མགོན་ཁྱེད་ཐུ་བྷོད་བཙན་པོའི་ལོ་རྒྱུས་གསར་དུ་འབྲི་བའི་དབུ་ཁྱུད་ཉིད།།
དགྲ་བོའི་སྒྱོགས་སྒྲས་གནམ་ས་སྒུལ་བའི་ང་དགུ་ལོ་ཡི་མུན་ནག་དེས།།
གངས་རིའི་ཁ་མདོག་ཁྲག་ཏུ་བསྒྱུར་བའི་ཟློག་མེད་ལས་དབང་བཙན་པོ་དེ།།
བྱས་པའི་འབྲས་བུ་སྨིན་པ་ལགས་ཏེ་མ་བྱས་ལས་དང་འཕྲད་པ་མིན།།
དཀར་ནག་གོ་བའི་བརྡ་ཞིག་སླེབས་པ་མི་རིགས་འདི་ལ་ཤིན་ཏུ་འཚམས།།
རྔམ་གནག་མཚོ་མོའི་རླབས་ཀྱིས་འཁྱེར་བའི་རུས་སྦལ་གཉའ་ཤིང་མགྲིན་ཆུད་ལྟར།།
གངས་ཅན་པ་རྣམས་གཏད་སོ་མེད་དུས་མགོན་ཁྱོད་ཐར་པའི་དེད་དཔོན་ཉིད།།
དམར་པོའི་ལྕག་གིས་རྐུབ་ལ་བྲབས་ཤིང་གཉའ་གནོན་སྡུག་གི་ཤོར་མ་དག །
འདི་ཕྱིའི་ལམ་གྱི་ས་མཁན་མཛད་ལ་ཁྱེད་ནི་འཇིག་རྟེན་མིག་གཅིག་པུ།།
ཁྱེད་ཀྱི་ཞབས་སེན་རི་མོའི་རྡུལ་དག་གང་དུ་གནས་པའི་ས་ཕྱོགས་དེར།།
སྡེ་བཞིའི་ཕུན་ཚོགས་གཡང་དུ་ཆགས་ཤིང་ཤིས་པར་བརྗོད་པའི་དབྱངས་ཀྱིས་ཁྱབ།།
མར་གྱུར་འགྲོ་བའི་སྙིང་ལ་ལྕི་བའི་མགོན་པོ་ཁྱེད་ཀྱི་བཀའ་དྲིན་ནི།།
སྟོང་གསུམ་ཐམས་ཅད་གསེར་གྱིས་ཁེངས་ཤིང་ཕུལ་བས་ཆ་ཙམ་གཞལ་མ་ཡིན།།
འདབ་བརྒྱད་སྙིང་གི་པདྨའི་རོ་ལ་ཁྱེད་ཞལ་འཐིམ་པའི་ཐང་གཅིག་ལ།།
མ་སྐུལ་དད་པས་སུག་ལས་བགྱིས་པའི་སྦྲང་ཆུང་ཟ་ཟིའི་གླུ་དབྱངས་འདི།།
འབུམ་ཕྲག་བསྐལ་པར་རྗེས་སུ་འཛིན་ཕྱིར་མདོ་ཁམས་ཡུལ་གྱི་སྙན་ངག་པ།།
འཆི་མེད་བདུད་རྩིའི་མིང་ཙམ་འཛིན་པས་གནས་མཆོག་རྡ་རམ་ས་ལར་སྤེལ།།
ཁྱེད་སྐུ་མི་ནུབ་སྲིད་པའི་རྒྱལ་མཚན་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག།།
ཁྱེད་གསུང་འཚེ་མེད་ཞི་བའི་བདེན་པ་ས་སྟེང་ཁྱབ་པའི་བཀྲ་ཤིས་ཤོག།
ཁྱེད་ཞབས་དྲི་མེད་གསེར་གྱི་འཁོར་ལོ་ཁ་བ་ཅན་ལ་བསྒྱུར་བར་ཤོག།།
ས་ཡ་དྲུག་དང་འཛམ་གླིང་སྐྱེ་འགྲོ་ཞི་བདེའི་དཔལ་གྱིས་འཚོ་བར་ཤོག། །
ཅེས་ ༸སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མིའི་རྣམ་པར་རོལ་བ་༸གོང་ས་རྒྱལ་ མཆོག་བཅུ་བཞི་པ་ཆེན་པོ་གང་གི་ཞབས་ཀྱི་ཆ་ཤས་ཕྲ་མོ་ཙམ་ལ་བསྟོད་པའི་སརྒ་འདི། མདོ་ཁམས་སྨད་ཀྱི་སའི་ཐིག་ལེར་ལྟེ་མཚལ་འཕོས་པའི་སྙན་ངག་པ་ཀུན་གྱི་གྲལ་མཐའ་བ་ ལྷ་ཆབ་སྦྱིན་པའམ། མིང་གཞན་གནམ་ལྕགས་སུ་འབོད་པས་༢༠༡༣ ཟླ ༡ ཚེས ༨ ཉིན་དད་དུང་དྲག་པོས་ལག་ལ་གང་ཡོང་གི་ཐ་སྙད་དག་སྤུངས་ཏེ་བསྟོད་པའི་ཁུལ་ཙམ་ བགྱིས་པའི་དགེ་བའི་རྩ་བའི་མཐུ་ལ་བརྟེན་ནས། རང་ཅག་གངས་ཅན་པ་རྣམས་གཞིས་བྱེས་ལྷན་འཛོམས་ཀྱི་དཔལ་ལ་རོལ་ཞིང་སྟོན་པ་ཆེན་པོ་ གང་གི་ཞབས་ཀྱི་དཀྱིལ་འཁོར་རི་བོ་གངས་ཅན་གྱི་ཞིང་དུ་འགོད་པར་གྱུར་ཅིག་གུ། །།
རྟེན་འབྲེལ་ཞུ།
ཞོ་ར་བསྟན་པ།
རྒྱལ་ཀུན་སྙིང་རྗེ་སྙིང་བོའི་སྲོག་གི་ཁམས།།
ཁ་བའི་ལྗོངས་ཀྱི་ལང་ཚོར་སྨིན་པ་ཡི།།
ཕྱག་ན་པདྨོའི་གེ་སར་འཛུམ་པ་ཡིས།།
གངས་རིའི་ལྗོངས་ཀྱི་བདག་པོ་རྒྱལ་གྱུར་ཅིག།
སྟོན་པ་མི་གཅིག་བསྟན་པ་བརྒྱ་དང་སྟོང་།།
དད་པ་ཐ་དད་རྗེས་འཇུག་ཁྲི་མ་འབུམ།།
ཀུན་ཁྱབ་བྱམས་བརྩེའི་ལྟ་བས་གཅིག་ཏུ་སྦྲེལ།།
མཉམ་ཉིད་ལྟ་བའི་སྟོན་པ་གླིང་འདིའི་རྒྱན།།
སྡང་བའི་དགྲ་ལ་བྱམས་བརྩེའི་འཛུམ་གྱིས་བསུ།།
རྨོངས་པའི་ལས་ལ་ལེགས་པའི་ལམ་སྟོན་མཛད།།
བདག་མེད་འགྲོ་ལ་བདེན་པ་བརྡར་བ་ཡི།།
ཕྱོགས་ལྷུང་མེད་པའི་དྲང་སྲོང་ཆེན་པོ་མཆོག།
འཆི་བར་ཕྱོགས་པའི་བོད་ཀྱི་ཚེ་སྲོག་མཐུད།།
ནད་ཀྱིས་གདུང་བས་སྐད་དང་ཡི་གེ་གསོས།།
ཀུན་སྤྱོད་རལ་བའི་ར་བ་དག་པར་བཟོས།།
སྙིང་སྟོབས་དགུ་འགྱུར་སྲོག་གི་སྤོབས་པ་བརྩལ།།
མཐོན་པོའི་དཔོན་ལ་ལྷག་བསམ་གསོན་པོ་གནང་།།
དཔྱོད་ལྡན་མཁས་པར་རང་བྱུང་ཤེས་རབ་བསྩལ།།
ཚན་ཚན་རིག་པའི་མཁན་པོར་ཁོ་ལག་བསྐྲུན།།
དགོས་འདོད་ཡིད་བཞིན་དབང་གི་རྒྱལ་བོ་ཉིད།།
བོད་ཀྱི་འབངས་ལ་བརྩེ་བ་མ་བྲལ་ཞིང་།།
འཛམ་གླིང་་མི་དམངས་རིས་སུ་མ་བོར་བར།།
དགུང་གྲངས་གྱ་ལྔ་བཞེས་པའི་བསྐལ་བཟང་འདིར།།
དགའ་དད་སྤྲོ་བའི་སྙིམ་པ་སྙིང་ཀར་སྦྱར།།
ཞེས་པ་འདི་ནི་༧གོང་ས་ཡིད་བཞིན་དབང་གི་རྒྱལ་བོ་དགུང་གྲངས་གྱ་ལྔ་བཞེས་པའི་དུས་ཚིགས་རྗེས་སུ་དྲན་པའི་རྟེན་འབྲེལ་ལ་དམིགས་པའི་ཕྱི་ལོ་༢༠༢༠/༠༧/༠༦ ཉིན་ཨོ་གླིང་ནས་བྲིས།
ལྷ་མོ་དོན་གྲུབ། (གཞས་ཚིག་གི་འགྲོས་ཀྱིས།)
འདྲེ་གླེན་པ།
སྤྲིན་པ་ཡར་ལ་ཕྱོགས་ཕྱོགས།།
གཙང་བོ་མར་ལ་འབབ་འབབ།།
ཁྱེའུ་ཆུང་ལྷ་མོ་དོན་གྲུབ།།
སྒང་དྲུག་བརྒྱུད་ནས་ཕེབས་པ།།
དུས་ངན་མར་ལ་ཕྱོགས་པས།།
རླུང་དམར་འུར་འུར་ལྡང་བ།།
ནོར་བུ་གླིང་ཀ་བསྐྱུར་ནས།།
ཧི་མ་ལ་ཡ་བརྒལ་བ།།
ཕྱག་གཡས་ཤར་ལ་བསྐྱངས་པས་།
ཕྱོགས་ཀུན་ཆོས་སྒྲ་གྲགས་པ།།
ཕྱག་གཡོན་ནུབ་ལ་བསྐྱངས་པས།།
ནང་བསྟན་ཚན་རིག་དར་བ།།
ཉི་ཟླས་གླིང་བཞི་བསྐོར་བསྐོར།།
འཛམ་གླིང་ལྷོ་བྱང་བསྐོར་བ།།
ལྷ་ཆོས་མི་ཆོས་འཆད་པས།།
ཡུལ་ཀུན་བསྟན་པ་དར་བ།།
ཐུ་བྷོད་བསོད་ནམས་ཟད་པས།།
རྒྱལ་ཁབ་སྟོངས་པར་གྱུར་ཀྱང་།།
བློ་སྟོབས་སྤོབས་པ་བསྐྱེད་དེ།།
འཛམ་གླིང་རིགས་པས་བསྐོར་བ།།
ལྷ་ནི་སྤྱན་རས་གཟིགས་དབང་།།
མི་ནི་བསྟན་འཛིན་རྒྱ་མཚོ།།
རིགས་ནི་གངས་ཅན་བོད་པའི།།
དཔའ་དང་ལ་རྒྱ་ཁྱེད་ཡིན།།
17/6/20
ལོ་གྱ་ལྔ་ན་ཚོད་དར་བབས་རེད།
ནགས་ཤོད་ཅོང་བརྡ།
གནམ་ཁེབས་ཆེན་འདི་ལ་ཀ་བ་མེད།།
ཁྱེད་ཁོ་ན་ཀ་བ་རང་བྱུང་ཡིན།།
ས་དོག་མོ་འདི་ལ་ཕུར་པ་མེད།།
ཁྱེད་ཁོ་ན་ཕུར་པ་རང་བྱུང་ཡིན།།
ལོ་གྱ་ལྔའི་སྐུ་ཁམས་དྭངས་རྒྱུ་མེད།།
ཁྱེད་ཁོ་ན་ན་ཚོད་དར་བབས་ཡིན།།
རི་ཁ་བ་ཅན་ལ་རེ་བ་མེད།།
ཁྱེད་ཁོ་ན་རེ་བའི་བརྡ་རྟགས་ཡིན།།
བོད་མགོ་ནག་ཚང་ལ་རུས་པ་མེད།།
ཁྱེད་ཁོ་ན་རུས་པ་དཀར་པོ་ཡིན།།
འབུམ་དྲུག་ཅུའི་ཁུར་པོ་སླ་མོ་མེད།།
ཁྱེད་ཁོ་ནས་མ་གཏོགས་ཐེག་ལེ་མིན།།
ལྷོ་འཛམ་བུ་གླིང་ལ་མི་ཞིག་མེད།།
ཁྱེད་ཁོ་ན་སྨྲ་ཤེས་དོན་གོ་ཡིན།།
སྤྱིར་འཇིགས་རྟེན་ཁམས་ལ་ཞི་བདེ་མེད།།
ཁྱེད་ཁོ་ན་ཞི་བདེའི་འོད་ཆེན་ཡིན།།
སེམས་བདག་གཞན་བརྗེ་རྒྱུ་སླ་མོ་མེད།།
ཁྱེད་ཁོ་ནས་མ་གཏོགས་འགྲུབ་ལེ་མིན།།
སྤྱི་ལོ་༢༠༢༠/༠༧/༠༦ ལ་འཛམ་གླིང་མི་ཡི་ཉི་མའི་འཁྲུངས་སྐར་གྱི་ཉིན་མོར་དགེའོ།།
བརྡ་དང་ཐ་སྙད་ཀྱིས་སྐུ་ཉིད་མཚོན་ཐབས་མི་འདུག
མགལ་དུམ།
འོད་ཟེར་དེ་ཕྱི་རུ་མངོན་པ་ནས།
འཚོ་བ་ལ་དྲོད་ཁོལ་འབྱར་ཡོད་པ་ནི་སྨོན་པ་དེ་ཉིད་ཀྱི་དབུ་ཁྱུད་མ་ལགས་སམ།
ལོ་དེ་ག་ནས། ཟླ་བ་དེ་ག་ནས།
ཡང་ན་ཉིན་མོ་དེ་ག་ནས།
འོད་ཟེར་དེ་གཡང་ཁྱིམ་དེའི་དཀར་ཁུང་འཕུར་སོང་བར་སྐད་ལ།
ཛ་ཡིག་མགོ་སྔས་སུ་བཞག་པའི་ཡུལ་གྲུ་དེར།
ཟེགས་མའི་རྔུལ་ཆུ་དག་གསེར་གྱི་མེ་ལོང་དུ་གྱུར་ཡོད་པར་འདུག
དུས་གསུམ་གྱི་གནམ་ཆེན་པོ་དེ་ནས།
ང་ཡི་རྨི་ལམ་གྱི་སེམས་པར་མངལ་དུ་སྦྲུམ་པ་དག
ཁྱེད་ཀྱི་རེ་འདུན་གྱི་རུས་པའི་གཏིང་ལ་ཉུལ་བ་ཚོ།
འོད་དུ་འཚེར་བའི་གནའ་བོའི་ལོ་རྒྱུས་དེ་ལགས།
དབུ་ཁྱུད་ཀྱི་འོད་སྣང་ལ་བྱིན་རླབས་མངའ་བ་ནི།
བརྡ་དང་ཐ་སྙད་ཀྱིས་དཀྲིས་ཚོད་མེད་པ་དེ་གས་གསལ་ངེས་ལ།
རྣམ་ཤེས་ཁྲི་ཕྲག་གི་དད་འདུན་ལ་དགུ་མདུན་བཅིངས་ཡོད་པ་དེས་ཀྱང་ཧད་པར་བྱ་ངེས།
ང་ཡི་སྙིང་། ཁྱེད་ཀྱི་མྱིག
སྙིམ་པ་རུ་ཚེ་སྲོག་གི་སྒྲོན་མེ་སྦར་ཞིང་།
སྨོན་ལམ་གྱི་རླུང་རྟ་དགུང་དུ་འདེགས་ཆོག་པ་ནི།
གཙུར་བརྡར་གྱིས་ཟད་པ་མེད་པའི་ཁྱེད་ཀྱི་མཛད་འཕྲིན་ནོ།