དཀོན་མཆོག་རྒྱ་མཚོ།
ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ།
རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ཡེ་ཤེས་ཀུན།། གཅིག་ཏུ་བསྡུས་པའི་སྡོམ་བརྩོན་ཆོས་ཀྱི་རྒྱལ།། འཇིག་རྟེན་ཡོངས་ཀྱི་ཞི་བདེའི་དེད་དཔོན་ཆེ།། བླ་མ་སྤྱན་རས་གཟིགས་ལ་མགོས་ཕྱག་འཚལ།། གསར་རྙིང་མདོ་རྒྱུད་དུ་མར་མགོན་པོ་ཁྱོད།། སངས་རྒྱས་གཉིས་པར་ལུང་གིས་བསྟན་པ་ལྟར།། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བདག་པོར་བཞེངས།། ༸གོང་ས་ལྷ་མིའི་སྟོན་པར་ཕྱག་འཚལ་ལོ།། སྔོན་བྱོན་དམ་པས་བྱིན་བརླབས་སྟག་འཚེར་དུ།། རིགས་རུས་ཕུན་ཚོགས་ཡབ་ཡུམ་རྣམ་གཉིས་ལས།། ངོ་མཚར་ཆོ་འཕྲུལ་མཚན་ལྟས་དུ་མ་བཅས།། གཟུགས་སྐུའི་ཟླ་བ་ཚེས་ལ་ཕྱག་འཚལ་ལོ།། འཁྲུལ་མེད་ལྷ་བླའི་ལུང་དང་མཛད་སྤྱོད་ཀྱིས།། ༸རྒྱལ་དབང་གོང་མའི་ཡང་སྲིད་འདི་ཁོ་ནར།། ལྷ་མི་ཡོངས་ཀྱིས་ངེས་པ་བརྙེད་གྱུར་པ།། ༸རྒྱལ་བའི་དབང་པོ་ཁྱོད་ལ་ཕྱག་འཚལ་ལོ།། མགོན་ཁྱོད་དབུས་འགྱུར་ལྷ་ལྡན་རྒྱལ་ཁབ་ཆེར།། ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མདུན་བདར་ཏེ།། བོད་འབངས་ལྷ་མི་ཡོངས་ཀྱིས་བསུ་མ་བཅས།། འཁོར་སྒྱུར་བཞིན་དུ་བྱོན་ལ་ཕྱག་འཚལ་ལོ།། ༸རྒྱལ་དབང་མཆོག་གི་གསེར་ཁྲིར་མངའ་གསོལ་ཞིང་།། གནས་བརྟན་འདུལ་བ་འཛིན་པའི་མཁན་སློབ་དབུས།། བསྟན་ལ་རབ་བྱུང་ཚུལ་ཁྲིམས་གཅེས་པར་སྲུང་།། འདུལ་འཛིན་ཡོངས་ཀྱི་གཙོ་བོར་ཕྱག་འཚལ་ལོ།། དགུང་ལོ་བཅུ་བཞིར་ཡོངས་འཛིན་སྟག་བྲག་ལས།། གསང་བ་རྒྱ་ཅན་ཆོས་བཀའ་གསན་པའི་ཚེ།། དགོང་རེ་བཞིན་དུ་དག་པའི་གཟིགས་སྣང་འབུམ།། ངོ་མཚར་འབྱམས་སུ་ཀླས་ལ་ཕྱག་འཚལ་ལོ།། དགུང་ལོ་བཅོ་ལྔར་ཡོངས་འཛིན་ཁྲི་བྱང་ལས།། ཐ་སྙད་རིག་གནས་ཀུན་ལ་གསན་བསམ་མཛད།། སྟོང་ཉིད་འགོག་བདེན་དོན་ལ་ངེས་ཤེས་བརྙེད།། མཁྱེན་རབ་རླབས་ཆེན་མངའ་ལ་ཕྱག་འཚལ་ལོ།། མཚན་ལྡན་ཡོངས་འཛིན་དུ་མའི་ཞབས་བསྟེན་ནས།། ་།དབུ་ཕར་མཛོད་འདུལ་ཚད་མ་རིག་པ་སོགས།། མཚན་ཉིད་རིག་པའི་གཞུངཀུན་ཞིབ་ཏུ་སྦྱངས།། ལྷ་རམས་མཚན་རྟགས་བཞེས་ལ་ཕྱག་འཚལ་ལོ།། གཞོན་ནུའི་དུས་ནས་ལུགས་གཉིས་གནས་ཀུན་དང་།། དབྱིན་ཡིག་ཚན་རྩལ་སོགས་ལ་ངང་གིལ་ཞུགས།། དེང་རབས་མཁས་པའི་ལེགས་བཤད་ཐུགས་སུ་ཆུད།། མཁྱེན་པ་ཕྱོགས་མེད་རྒྱས་ལ་ཕྱག་འཚལ་ལོ།། དགུང་ལོ་བཅུ་དྲུག་ཚེ་ན་ནག་ཕྱོགས་ཀྱི།། ཀླ་ཀློའི་དཔུང་གིས་བོད་འབངས་སྡུག་བསྔལ་ན།། སྙིང་རྗེའི་སྟོབས་ཀྱིས་རྒྱལ་སྲིད་ཕྲག་ཏུ་བཞེས།། རྒྱལ་སྲས་སྙིང་སྟོབས་ཅན་ལ་ཕྱག་འཚལ་ལོ།། བོད་ཁམས་སྤྱི་མཐུན་ལས་དབང་བཟློག་དཀའ་ཡང་།། ཞི་དྲག་ཐབས་མཁས་མཛད་པ་བརྒྱ་ཕྲག་གིས།། གངས་ལྗོངས་སྐྱོབ་པའི་ཚུལ་ལ་ཉེ་བར་ཞུགས།། ༸རྒྱལ་དབང་ཕྱག་ན་པདྨོར་ཕྱག་འཚལ་ལོ།། ཐུགས་བསྐྱེད་སྨོན་ལམ་མཐུ་ནུས་འགོག་མེད་ཕྱིར།། འཕགས་ཡུལ་སྟོན་པའི་རྗེས་དྲན་མཛད་སྒོར་ཞུགས།། སྐུ་ཚེའི་མཛད་འཕྲིན་རྒྱས་པའི་རྟེན་འབྲེལ་འགྲིགས།། རྟེན་འབྲེལ་མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ།། སླར་ཡང་ཁ་བའི་ལྗོངས་སུ་བྱོན་གྱུར་ཀྱང་།། བོད་འབངས་བསོད་ནམས་ཟད་མཐར་ཐུག་པས་ན།། མ་འོངས་བོད་ཁམས་བསྟན་སྲིད་དོན་ལ་དགོངས།། དུས་གསུམ་མངོན་སུམ་གཟིགས་ལ་ཕྱག་འཚལ་ལོ།། དེ་ནས་སླར་ཡང་སྟོན་འཁོར་དུ་མ་བཅས།། རྒྱ་གར་ཡུལ་དུ་བཙན་བྱོལ་ཕེབས་པ་ན།། ཞབས་རྗེས་བསྙེགས་པའི་བོད་འབངས་འབུམ་ཕྲག་བཅས།། ཐུགས་རྗེས་དབུགས་དབྱུང་མཛད་ལ་ཕྱག་འཚལ་ལོ།། བྱོན་མ་ཐག་ནས་སྲིད་བློན་ནེ་རོ་སོགས།། ཆབ་སྲིད་མཁས་ཅན་དུ་མར་བཀའ་བགྲོས་ཏེ།། བོད་འབངས་འཕྲལ་ཕུགས་བདེ་བའི་ཇུས་བཟང་བཏིང་།། ཐུགས་རྗེ་མཚུངས་པ་མེད་ལ་ཕྱག་འཚས་ལོ།། འཕགས་པའི་ཡུལ་དུ་དགོན་པ་སློབ་གྲྭ་དང་།། བོད་གཞུང་ལས་ཁུངས་མ་ལག་བཅས་པ་དང་།། གཞིས་སྒར་དམག་སྒར་དམག་སྒར་བཅས་པ་གསར་དུ་བཙུགས།། བསྟན་སྲིད་རྨང་ནས་གསོས་ལ་ཕྱག་འཚལ་ལོ།། མགོན་ཁྱོད་སྐུ་ན་ཕྲ་མོའི་དུས་ཉིད་ནས།། ཆབ་སྲིད་སྐྱོང་ལུགས་ལེགས་བཅོས་དགོངས་མངའ་བཞིན།། བོད་འབངས་མང་གཙོའི་ལམ་ལ་རིམ་བཀྲི་མཛད།། མང་གཙོའི་ཡབ་མེས་ཁྱོད་ལ་ཕྱག་འཚལ་ལོ།། རིས་མེད་ཡོངས་འཛིན་མཁས་གྲུབ་དུ་མ་ལས།། །གསར་རྙིང་བཀའ་བསྟན་ཀུན་དང་ཁྱད་པར་དུ།། ཆོས་བརྒྱུད་སོ་སོའི་མན་ངག་མ་ལུས་གསན།། ཡོངས་རྫོགས་བསྟན་པའི་བདག་པོར་ཕྱག་འཚལ་ལོ།། གང་གསན་གོ་ཡུལ་ཙམ་དུ་མ་བཞག་པར།། བསྒོམས་པས་ཚད་ལྡན་གཞུང་དང་མན་ངག་ནས།། ཇི་ལྟར་གསུངས་བཞིན་ཉམས་རྟོགས་མཐོན་པོར་འཁྲུངས།། རིས་མེད་མཁས་གྲུབ་ཆེན་པོར་ཕྱག་འཚལ་ལོ།། ཁྱད་པར་ཀླུ་སྒྲུབ་ཡབ་སྲས་བརྒྱུད་པ་བཅས།། གཞུང་ལ་བརྟེན་ནས་བྱང་ཆུབ་སེམས་གཉིས་ཀྱི།། རྟོགས་པ་ཐུགས་ལ་འཁྲུངས་པ་ཞལ་བཞེས་མཛད།། བྱང་ཆུབ་སེམས་མངའ་ཁྱོད་ལ་ཕྱག་འཚལ་ལོ།། རྟག་ཏུ་དག་པའི་སྣང་བ་རྒྱུན་ཆད་མེད།། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་གིས།། དངོས་དང་རྨི་ལམ་ནང་དུཞལ་བསྟན་ནས།། ལུང་བསྟན་རྒྱ་ཆེར་མཛད་ལ་ཕྱག་འཚལ་ལོ།། སྤྱན་རས་གཟིགས་ཀྱི་ཕོ་ཉ་བདག་ཡིན་པས།། ང་དང་འབྲེལ་ཚད་འཕགས་མཆོག་དེ་ཉིད་ཀྱིས།། ཚེ་རབས་ཕྲེད་བར་རྗེས་སུ་འཛིན་ནོ་ཞེས།། ཞལ་བཞེས་དབུགས་དབྱུང་མཛད་ལ་ཕྱག་འཚལ་ལོ།། སྟོང་ཉིད་སྙིང་རྗེའི་ངང་ནས་མགོན་པོ་མཆོག །དྲག་པོའི་སྐུར་བཞེངས་ནག་ཕྱོགས་འབྱུང་པོ་བཏུལ །ཞི་རྒྱས་དབང་དྲག་འཕྲིན་ལས་མངའ་དབང་འབྱོར།། གང་འདུལ་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ།། དུས་འཁོར་དབང་ཆེན་གནང་ཐེངས་རེ་རེར་ཡང་།། དངོས་གཞི་ལས་ཀྱང་སྔོན་འགྲོ་གལ་ཆེན་མཛད།། མདོ་སྔགས་ལམ་གྱི་རིམ་པས་།གདུལ་བྱ་འབུམ།། སྨིན་གྲོལ་ལམ་འགོད་མཛད་ལ་ཕྱག་འཚལ་ལོ།། མདོ་རྒྱུད་མན་ངག་སོ་སོའི་བཞེད་སྲོལ་བཞིན།། བགྲང་ཡས་གདུལ་བྱའི་ཚོགས་ལ་ལེགས་གསུངས་པས།། གང་གི་སློབ་མས་ས་ཆེན་ཡོངས་སུ་ཁྱབ།། འཕྲིན་ལས་ནམ་མཁའ་མཉམ་ལ་ཕྱག་འཚལ་ལོ།། བརྩེ་ཆེན་ཐུགས་ནི་ལྷོད་པ་མི་མངའ་ཞིང་།། རྟག་ཏུ་ཞི་འཛུམ་དུལ་བའི་རྣམ་ཐར་གྱིས།། མཆོག་དམན་སྐྱེ་བོ་ཀུན་གྱི་ཡིད་རབ་འཕྲོག །མཐོང་ན་མི་མཐུན་མེད་ལ་ཕྱག་འཚལ་ལོ།། འཇིག་རྟེན་ཡོངས་རྫོགས་རང་དབང་ཞི་བདེ་དང་།། ཆོས་ལུགས་ཀུན་ཀྱང་མཛའ་མཐུན་མཉམ་གནས་སོགས།། བླང་དོར་བཀའ་སློབ་རྒྱལ་མཚམས་མེད་པར་བསྩལ།། འཚེ་མེད་ཞི་བའི་སྟོན་པར་ཕྱག་འཚལ་ལོ།། དེ་ཕྱིར་ཞི་བདེའི་གཟེངས་རྟགས་ལ་སོགས་ཏེ།། ཨརི་ཁ་ན་ཊ་དང་དབྱིན་ཇི་སོགས།། རྒྱལ་ཁབ་དུ་མས་གཟེངས་རྟགས་མང་ཕུལ་ནས།། ཞི་བདེའི་དེད་དཔོན་བཀུར་ལ་ཕྱག་འཚལ་ལོ།། འཛམ་གླིང་ཆོས་ལུགས་ཀུན་གྱིས་རང་རང་གི།། སྟོན་པ་བཞིན་དུ་བཀུར་ཞིང་བཀའ་སློབ་ཉན།། རྟག་ཏུ་བྱམས་བརྩེའི་རྣམ་ཐར་སྐྱོང་མཁས་པ།། ཆོས་ལུགས་ཀུན་གྱི་བླ་མར་ཕྱག་འཚལ་ལོ།། ཡེ་ཤུའི་ཡུམ་གྱིས་དགྱེས་པའི་འཛུམ་ཞལ་བསྟན།། ཀོ་རན་དགོངས་པ་ཞི་བའི་ལམ་དུ་བཀྲལ།། མུ་སྟེགས་གྲུབ་མཐའ་འཚེ་མེད་ལམ་དུ་བསྒྲགས།། རིས་མེད་སྟོན་པ་ཆེན་པོར་ཕྱག་འཚལ་ལོ།། འགྲོ་བའི་རང་བཞིན་བྱམས་བརྩེ་ཉིད་དུ་དགོངས།། ཆོས་དང་མ་འདྲེས་བཟང་སྤྱོད་སྲོལ་ཆེན་ཕྱེ།། ཁོར་ཡུག་སྲུང་སྐྱོབ་ཚུལ་ལ་ལྷག་པར་བརྩོན།། ཕན་བདེའི་འབྱུང་གནས་ཁྱོད་ལ་ཕྱག་འཚལ་ལོ།། ཆོས་དང་ཚན་རིག་ཆབ་སྲིད་ལ་སོགས་ཀྱང་།། འགྲོ་བ་ཀུན་གྱི་ཕན་བདེའི་རྩ་བ་རུ།། འགྱུར་བའི་ཚུལ་ལ་འབད་པ་ལྷག་པར་མཛད།། ཐབས་མཁས་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ།། ཨ་རི་ལ་སོགས་རྒྱལ་ཁབ་ཐམསཅད་ཀྱི།། སྲིད་འཛིན་སྲིད་བློན་རྒྱལ་པོ་ལ་སོགས་པ།། ཆེ་དགུ་ཡོངས་ཀྱིས་གཙུག་གི་རྒྱན་དུ་བཀུར།། ངེས་དོན་འཁོར་སྒྱུར་ཁྱོད་ལ་ཕྱག་འཚལ་ལོ།། གང་གིས་གང་དུ་བཀའ་སློབ་སྩལ་བའི་ཚེ།། འཁོར་གྱི་འདུ་ཐེབས་ཁྲི་འབུམ་དུ་མ་སྟེ།། ཁྱོད་གསུང་མ་ཐོས་སྐྱེ་བོ་ཤིན་ཏུ་དཀོན།། སྲིད་པ་གསུམ་གྱི་བླ་མར་ཕྱག་འཚལ་ལོ།། མདོར་ན་སྡོམ་བརྩོན་འཁོར་སྒྱུར་མཛད་པ་ཡིས།། མང་གཙོའི་ལམ་སྲོལ་གསར་བཏོད་བོད་འབངས་བསྐྱངས།། འཇིག་རྟེན་ཞི་བདེའི་དེད་དཔོན་གྱུར་པ་སྟེ།། ས་གསུམསྐྱེ་དགུའི་མགོན་ལ་གུས་ཕྱག་འཚལ།། དེ་ལྟར་༸གོང་ས་༸རྒྱལ་བའི་དབང་པོ་མཆོག །མཛད་པ་ཆེར་ལོང་ལས་བརྩམས་ཕྱག་བསྟོད་ཀྱི།། །རྣམ་དཀར་ལེགས་བྱས་ཇི་སྙེད་མཆིས་པ་དེས།། མགོན་ཁྱོད་གསང་གསུམ་སྲིད་མཐར་རབ་བརྟན་ཅིང།། བདག་ཅག་ཁྱོད་ཀྱི་རྗེས་འཇུག་གདུལ་བྱ་རྣམས།། མགོན་པོ་མཆོག་གི་གསུང་རབ་ཡིད་བཞིན་མཚོར།། ཐོས་བསམ་སྒོམ་པས་ཚུལ་བཞིན་འཇུག་པ་དང་།། བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་ཤོག །ཅེས་པ་འདི་ནི་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་བཅུ་བཞི་བ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་གྱ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཚེས་ཁྱད་པར་ཅན་གྱི་སྔ་དྲོའི་ཆར། མགོན་པོ་གང་གི་སློབ་མའི་གྲལ་མཐར་འཁོད་པའི་སྐལ་བཟང་ཅན་མདོ་སྨད་ཐེ་བོའི་རྒྱུད་དུ་བྱུང་བའི་སྙན་ངག་པ་དཀོན་མཆོག་ཤེས་རབ་མི་ཕམ་དབྱངས་ཅན་རིག་པའི་འདོད་འཇོས་བོད་རབ་གནས་ལྕགས་བྱི་ཕྱི་ལོ་༢༠༢༠་ཟླ་༧ ཚེས་ ༦ ཉིན་དད་པས་ཀུན་ནས་བསླངས་ཏེ་བྲིས་པ་དགེའོ།། །།