བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་ཞི་བདེ་དང་གོ་མཚོན་བཀག་སྡོམ་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
དམག་འཁྲུག
ང་རང་ཆུང་ཆུང་སྐབས་མི་མང་པོ་ཞིག་དམག་འཁྲུག་གི་ལྟད་མོར་ལྟ་རྒྱུ་དགའ་བོ་འདུག འོན་ཀྱང་ང་ནི་དེ་ལ་ལྟ་རྒྱུར་ཁྱོན་ནས་དགའ་བོ་མེད། སྐབས་དེ་དུས་ཀྱི་དམག་འཁྲུག་གི་ལྟད་མོ་མང་པོ་ཞིག་རྒྱ་ནག་དང་ཉི་ཧོང་གི་སྐོར་གྱི་ལྟད་མོ་ཤ་སྟག་རེད། མ་ཟད་ལྟད་མོ་དེ་དག་ནི་བརྙན་འཕྲིན་བརྒྱུད་ལམ་ཁག་ནས་བསྐྱར་སྟོན་ཡང་སྟོན་བྱེད་པ་རེད། དེ་ནི་དམངས་ཚོགས་ཀྱི་དགོས་པ་སྐོང་ཕྱིར་མ་ཡིན་པར། དམངས་ཚོགས་ཀྱི་སེམས་ལ་ཉི་ཧོང་ནི་ཕྱོགས་ཡོངས་ནས་མ་རབས་དང་། སྙིང་རྗེ་མེད་པའི་མི་རིགས་ཤིག་ཡིན་པའི་བག་ཆགས་འཇོག་སླད་ཡིན་འདུག དེའི་རྐྱེན་གྱིས་ང་ཚོ་ཆུང་ཆུང་སྐབས་སུ། ཉི་ཧོང་གི་མི་རྣམས་ཀྱི་ཡ་ཁར་སྨ་ར་ཚོམ་བུ་ཡོད་སའི་གླེན་རྟགས་ཅན་རེ་རེད་བསམ་མྱོང་། རེད་དེ་ལོ་ན་སོན་པ་དང་དོན་དངོས་རིམ་གྱིས་རྟོགས་སྐབས། ཉི་ཧོང་གི་མི་རྣམས་ནི་སྙིང་སྟོབས་ལྡན་ཞིང་དྲང་བདེན་ལ་དགའ་བ། བརྩོན་འགྲུས་ཆེ་ཞིང་གུས་ཞབས་ལྡན་པའི་མི་རིགས་ཤིག་ཡིན་པ་འཛམ་གླིང་སྤྱི་ཡོངས་ཀྱིས་ཁས་ལེན་པ་ཞིག་རེད་འདུག གཏམ་འདི་ནི་འབྲེལ་མེད་ལྟ་བུ་ཞིག་ཡིན་ཡང་། དཔེ་དེབ་འདི་ལས་དམག་འཁྲུག་གི་རྒྱབ་མདུན་མང་པོ་ཞིག་གསལ་བཤད་བྱས་ཡོང་དུས། ངས་ཆུང་དུས་ཀྱི་སྣང་བརྙན་མང་པོ་ཞིག་ཡིད་ལ་ཤར་ཏེ་འཕྲལ་དུ་བྲིས་པ་ཡིན། ང་རང་དམག་འཁྲུག་གི་ལྟད་མོར་མི་དགའ་བ་ནི་ང་རང་དམག་འཁྲུག་ལ་མི་དགའ་བའི་དན་རྟགས་ཤིག་ཡིན། དེ་ནི་༧གོང་ས་མཆོག་གི་དགོངས་ཚུལ་ལ་དངོས་སུ་རྒྱབ་སྐྱོར་ལ་ཆགས་མེད་ཀྱང་། བརྒྱུད་ནས་རྒྱབ་སྐྱོར་ལ་ཆགས་ཡོད་པར་སྙམ་ནས་དགའ་སྤྲོ་བྱུང་།
ལེའུ་འདིར་༧་གོང་ས་མཆོག་གིས་“འཛམ་གླིང་ལ་ཞི་བདེ་བཅོས་མ་མ་ཡིན་པ་ཞིག་ཡོད་དགོས་ན། ང་ཚོས་གོ་མཚོན་ཙམ་དུ་མ་ཟད། རྩ་འཛུགས་བྱས་ཡོད་པའི་དམག་དོན་གྱི་སྒྲིག་འཛུགས་རྣམས་ཀྱང་རྩ་མེད་དུ་གཏོང་དགོས།”ཞེས་དམག་དོན་དང་དམག་འཁྲུག་ནི་དོན་དམ་གྱི་ཞི་བདེ་བསྐྲུན་པར་དགོས་མེད་ཅིག་ཏུ་གདམས་ཡོད།
ད་དུང་དམག་འཁྲུག་གི་རྒྱབ་མདུན་ལ་བསམ་བློ་བཏང་དུས། མི་མང་པོ་ཞིག་གིས་དམག་འཁྲུག་གིས་དོན་དམ་གྱི་ཞི་བདེ་དང་གཏན་འཇགས་ཤིག་བསྐྲུན་ཐུབ་པར་ཡིད་ཆེས་བྱས་ཡོད་ཀྱང་། དོན་དངོས་ཐོག་དམག་འཁྲུག་གིས་འཁྲུག་རྩོད་དང་ཐད་ཀར་འབྲེལ་བ་མེད་པའི་མང་ཚོགས་དཀྱུས་མ་མང་པོ་ཞིག་ལ་བརྡབ་གསིག་གཏོང་བ་དང་། འཐབ་འཛིང་བ་ཚོའི་ཁྱིམ་ཚང་ལ་དཀའ་ངལ་མི་བཟོད་པ་ཞིག་བསྐྲུན་པ་དེ་རེད། དམག་འཁྲུག་གི་ཕམ་ཁ་མྱོང་མཁན་གཙོ་བོ་ནི་འཐབ་འཛིང་བ་ཚོའི་སྐྱེས་དམན་དང་ཕྲུག་གུ དེ་བཞིན་མི་རབས་རྒན་པ་ཚོ་རེད་ཅེས་གསུངས་པ་ཅིས་མི་བདེན།
དམག་འཁྲུག་ཟེར་དུས་ཐག་རིང་ཞིག་བསམ་མི་དགོས་ཏེ། ཉེ་ཆར་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་བྱས་པའི་མཇུག་འབྲས་ལ་སོམས་དང་། དེ་ནི་ཆེས་དམག་འཁྲུག་ཆུང་ཆུང་ཞིག་ཡིན་ཡང་རྒྱ་དཀར་གྱི་དམག་མི་ཉི་ཤུ་དང་། རྒྱ་ནག་གི་དམག་མི་སུམ་བཅུ་ལྷག་ཅིག་ཤི་བ་རེད། འདིས་ཞི་བདེ་དང་གཏན་འཇགས་ཤིག་བསྐྲུན་པར་ཕར་བཞག རྒྱལ་ཁབ་ཕན་ཚུན་ལ་ཞེ་འཁོན་དང་གྱོད་གཞི་ཆེན་པོ་ཞིག་གི་རྨང་གཞི་བཏང་བ་རེད། ད་དུང་འཐབ་འཛིང་ཁྲོད་ནས་ཤི་བའི་དམག་མི་ཚོའི་ནང་མི་དང་གྲོགས་པོ་སོགས་ལ། བཟོད་མི་ནུས་པའི་སྡུག་བསྔལ་ཞིག་བསྐྲུན་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།
དེ་ལྟ་དེ་ལྟར་དམག་འཁྲུག་ཆེ་ཆུང་གང་ཡིན་ཡང་། དེས་མི་མང་པོ་ཞིག་ལ་བཟློག་ཏུ་མེད་པའི་སྡུག་བསྔལ་ཞིག་རྟག་ཏུ་སྤྲད་པ་ནི་ང་ཚོས་ཁག་ཐག་བྱས་ནས་བརྗོད་ཐུབ་པ་ཞིག་རེད་དོ།།
གོ་མཚོན་བཀག་སྡོམ།
སྟོབས་འབྱོར་ལྡན་པའི་རྒྱལ་ཁབ་ཁག་གི་གཞུང་ལམ་དུ། ཆེ་ཆུང་དང་བཟོ་དབྱིབས་སྣ་ཚོགས་ལྡན་ཞིང་། ནུས་སྟོབས་ཆེ་ཆུང་མི་འདྲ་བའི་གོ་མཚོན་དག་རླངས་འཁོར་དུ་བཞག་ནས་ཁྲོམ་སྐོར་བྱེད་སྐབས་བརྗིད་ཉམས་ལྡན་པ་ཞིག་ཡིན། མ་ཟད་བར་སྣང་ནས་གོ་མཚོན་འདྲ་མིན་གྱིས་རོལ་རྩེད་བྱེད་དུས་མིག་གི་ལྟད་མོ་རུ་སྒོམས་མྱོང་། རེད་དེ་རང་སེམས་ནང་ལ་ཕྱོགས་ནས་གཟབ་ནན་ཞིག་བྱས་དུས། གོ་མཚོན་ནི་༧གོང་ས་མཆོག་གིས་གསུངས་པ་བཞིན། འགྲོ་བ་མིའི་རིགས་ལ་གཏོར་བཅོམ་བྱེད་ཆེད་ཁོ་ནའི་ཆེད་དུ་གྲུབ་པ་ཞིག་རེད་བཞག
གོ་མཚོན་ནི་གཞན་གསོད་འདོད་ཀྱི་བསམ་པ་ཞིག་གིས་ཀུན་སློང་བྱས་ཤིང་། དཔལ་འབྱོར་ཚད་ལས་བརྒལ་བ་འགྲོ་སོང་དུ་བཏང་ནས་གྲུབ་པ་ཞིག་རེད། མ་ཟད་རྡུལ་ཕྲན་མཚོན་ཆས་མཚོན་པའི་གོ་མཚོན་གྱི་རིགས་དག་ནི་འགྲོ་བ་མི་ལ་གནོད་པའི་ངོ་བོ་ལས་མ་འདས། གོ་མཚོན་འདི་དག་གིས་ཁོར་ཡུག་གཏོར་བཅོམ་དང་། དཔལ་འབྱོར་འཕྲོ་བརླག འགྲོ་བ་སེམས་ཅན་ལ་འཚེ་ཞིང་། སྒོ་ཀུན་ནས་གནོད་པའི་རང་བཞིན་དུ་གྲུབ་ཡོད། དེའི་ཕྱིར་དོན་དམ་པའི་ཞི་བདེ་ཞིག་ཐོབ་པ་ལ་གོ་མཚོན་འདི་དག་ནི་རྩ་མེད་གཏོང་དགོས་ཞེས་དགོངས་ཚུལ་ལྷུག་བརྗོད་གནང་ཡོད།
གོ་མཚོན་རྩ་མེད་གཏོང་དགོས་ཟེར་དུས། མང་པོ་ཞིག་གི་བློ་་ཡུལ་ལ་ཤོང་དཀའ་མོད། དོན་དངོས་ཐོག་མི་སྲིད་པ་ཞིག་གཏན་ནས་མིན། དཔེར་ན་ཁོ་སི་ཊོ་རེ་ཁ་རྒྱལ་ཁབ་ཀྱི་ཕྱི་ལོ་༡༩༤༩ལོ་ནས་གོ་མཚོན་དང་དམག་དཔུང་གི་སྒྲིག་འཛུགས་རྩ་མེད་བཏང་ཡོད་ཀྱང་། ཁྱིམ་མཚེེ་རྒྱལ་ཁབ་ཁག་ལས་འཚོ་བ་དང་། འཕྲོད་བསྟེན། སློབ་གསོ་སོགས་ཀྱི་ཚད་གཞི་སྔར་ལས་འཕེལ་རྒྱས་བྱུང་ཡོད། དེ་ནི་གོ་མཚོན་རྩ་མེད་བཏང་ཡང་ང་ཚོ་ཆེས་ཞི་བདེ་དང་བག་ཕེབས་ངང་གནས་ཐུབ་པའི་མཚོན་རྟགས་ཞིག་ཏུ་བསམ་ཆོག མདོར་ན་ལེའུ་འདིར་ཕུགས་རིང་པོར་མནོ་བསམ་བཏང་བའམ། ངེས་པ་དོན་གྱི་འཛམ་གླིང་ཞི་བདེ་འདོད་ཚེ་རྡུལ་ཕྲན་མཚོན་ཆས་མཚོན་པའི་གོ་མཚོན་གྱི་རིགས་ཐམས་ཅད་མེད་པར་བཟོ་དགོས་པའི་རེ་བའི་འབོད་སྐུལ་གནང་ཡོད།
ཞི་བདེ།
དོན་དམ་གྱི་ཞི་བདེ་འདོད་མཁན་ཞིག་ཡིན་ན། སོ་སོའི་རྒྱུད་ཀྱི་ཉོན་མོངས་པའི་སེམས་བྱུང་རྣམས་ལ་གདོང་ལེན་བྱས་ཏེ། སེམས་ཀྱི་ཡོན་ཏན་རྣམས་གོང་འཕེལ་དུ་གཏོང་བཞིན། རང་རྒྱུད་ཀྱི་དགྲ་བོའི་དཔུང་ཚོགས་འཇོམས་ཐབས་བྱས་ན། རང་བཞིན་གྱིས་ཕྱིིའི་གོ་མཚོན་བཀག་སྡོམ་གྱི་གྲོགས་སུ་གྱུར་པ་ཡིན་ཞེས་གདམས་ཡོད། ད་དུང་“འཛམ་གླིང་ལ་ཞི་བདེ་ལྷད་མེད་ཅིག་ཡོད་དགོས་ན། དེ་ནི་ང་ཚོ་རེ་རེ་ནས་རང་ཉིད་ཀྱི་སེམས་འདུལ་སྦྱོང་བྱེད་པ་ཁོ་ནར་བརྟེན་ནས་ཡོང་དགོས་པ་ཞིག་ཡིན་”ཞེས་གསུངས་ཡོད། འདི་དག་ནི་གནད་ལ་ཕོག་པའི་ལེགས་བཤད་རྨད་པོ་ཆེ་རེ་ཅི་ལ་མིན་ཨང་། ང་ཚོ་རེ་རེ་ནས་སེམས་འདུལ་སྦྱོང་བྱས་ནས་སེམས་བཟང་ཅན་རེ་གྱུར་ཚེ། གཞན་གསོད་བྱེད་ཀྱི་རྡུལ་ཕྲན་མཚོན་ཆ་སོགས་བཟོ་བ་བློ་ཡུལ་དུ་ཡོང་དཀའ་བའི་ཕྱིར་རོ།།
གཞན་ཡང་ང་ཚོས་གཞན་གྱི་བདེ་སྡུག་ཤེས་པར་བྱས་ནས། གཞན་གྱི་སྡུག་བསྔལ་གྱི་རྒྱུ་རུ་འགྲོ་བའི་བྱ་བཞག་ཅི་ཡང་མི་སྒྲུབ་པ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་ཞེས་གདམས་ཡོད། མ་གཞི་རྒྱལ་སྤྱིའི་གོ་མཚོན་བཀག་སྡོམ་དང་། དམག་དཔུང་གི་སྒྲིག་འཛུགས་རྩ་གཏོར་བྱེད་པའི་༧གོང་ས་མཆོག་གི་རེ་འདོད་ནི། ད་ལྟ་སྨོན་སེམས་ཙམ་ཞིག་ལས་མ་འདས་ཀྱང་། འདི་ལ་ལེགས་ཕྱོགས་ནས་རེ་བ་འཆང་ས་དང་རྒྱབ་སྐྱོར་གནང་མཁན། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་འགོག་ཐབས་ཀྱི་རྒྱལ་སྤྱིའི་དངོས་ལུགས་ཚན་རིག་པའི་མཐུན་ཚོགས་དང་། ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་དག་ཅིག་ཡོད་ཅེས་གསུངས་ཡོད།
ད་དུང་༧གོང་ས་མཆོག་གི་དགོངས་གཞི་ལ། (འཛམ་གླིང་མི་མང་གི་ལྷན་ཁང་)ཞེས་པའི་འགྲོ་བ་མིའི་ལས་དོན་ཁག་ལ་ལྟ་རྟོགས་བྱེད་པའི་ཚོགས་པ་ཞིག་བཙུགས། ཚོགས་པ་དེའི་ཚོགས་མི་ལ་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་མེད་པར། སྒྱུ་རྩལ་བ་དང་། དངུལ་ཁང་དོ་དམ་པ། ཁྲིམས་རྩོད་པ། སྙན་ངག་པ། ཚོས་ལུགས་ཀྱི་བསམ་བློ་བ། ཁོར་ཡུག་གཅེས་སྲུང་བ། ད་དུང་འགྲོ་བ་མིའི་གཞི་རྩའི་རིན་ཐང་དང་། བཟང་སྤྱོད་ཀྱི་དོན་དུ་ལས་ལ་བརྩོན་ཞིང་དྲང་བདེན་ཡིན་པར་གྲགས་པའི་མི་དཀྱུས་མ་སོགས་ཡིན་ཆོག ཚོགས་པ་དེ་རྒྱལ་ཁབ་བྱེ་བྲག་པ་ཞིག་གིས་སྟངས་འཛིན་དང་མ་འབྲེལ་བའི་རང་དབང་གི་ཚོགས་པ་ཡིན་དགོས་ལ། འཛམ་གླིང་ལ་ཕྱོགས་པའི་བསམ་གཞིག་ལ་དབང་ཚད་ལྡན་དགོས་པའི་དགོངས་འཆར་གནང་ཡོད། འདི་ནི་ལོ་ངོ་ཉེར་གཅིག་སྔོན་གྱི་༧གོང་ས་མཆོག་གི་དགོངས་འཆར་ཞིག་རེད། འོན་ཀྱང་དགོངས་འཆར་འདི་མངོན་གྱུར་བྱུང་བའི་གཏམ་རྒྱུད་ཁོ་བོས་མཐོང་ཐོས་སུ་མ་གྱུར།
མདོར་ན་༧གོང་ས་མཆོག་གིས་ལེའུ་འདིའི་མཇུག་སྡོམ་དུ་བཀོད་པ་ལྟར། ང་ཚོས་ལེགས་ཕྱོགས་ནས་བསམ་ཚུལ་བཏོན་ཞིང་། སློབ་གསོའི་རམ་འདེགས་དང་། བླང་དོར་གྱི་རྩ་དོན་ལྡན་པའི་སྒོ་ནས་༧གོང་ས་མཆོག་གི་དགོངས་ཚུལ་རྣམས་ཕྱོགས་གཅིག་ཏུ་སྒྲིལ་ན། ང་ཚོས་སྙིང་རྗེ་ལྡན་ཞིང་ཞི་བདེ་མངའ་བའི་འཛམ་གླིང་གསར་པ་ཞིག་བསྐྲུན་ཐུབ་ཅེས་སྡོམ་ཚིག་གནང་ཡོད།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ཞི་བདེ་དང་གོ་མཚོན་བཀག་སྡོམ་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
2020/7/7 ཉིན་བློ་བཟང་རིན་ཆེན་གྱིས་བྲིས།