དབྱངས་ཅན་འབངས་ཀྱིས་བསྒྲིགས།
གདམས་པའི་སྔོན་འགྲོ།
༄༅།། རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ།། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ།། དང་པོ་ལ་གསུམ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ།། གཉིས་པ་ཡོན་ཏན་བརྙེས་པའི་ཚུལ་ལ་གཉིས། མང་དུ་མཁྱེན་པ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ། ཚུལ་བཞིན་བསྒྲུབས་པ་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་ལོ།། འདི་ལ་གསུམ། ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པ། ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ། ཤེས་རབ་ཀྱི་བསླབ་པ་དང་ལྡན་པའོ།། དང་པོ་ལ་གསུམ། སོ་སོར་ཐར་པའི་སྡོམ་པ་མཆོག་དང་ལྡན་པའི་ཚུལ། བྱང་སེམས་ཀྱི་སྡོམ་པ་དང་ལྡན་པ། རྡོ་རྗེ་ཐེག་པའི་སྡོམ་པ་དང་ལྡན་པའོ།། གཉིས་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས། ཐུན་མོང་བ། ཐུན་མོང་མ་ཡིན་པའོ།། གསུམ་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་གཉིས། ཐུན་མོང་བ། ཐུན་མོང་མ་ཡིན་པའོ།། གསུམ་པ་ཡོན་ཏན་བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པ་ལ་གཉིས། རྒྱ་གར་དུ་མཛད་ཚུལ། བོད་དུ་མཛད་ཚུལ་ལོ།།
གཉིས་པ་ཆོས་ཀྱི་ཆེ་བ་བསྟན་པ་ལ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ།། གསུམ་པ་ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་ལ་གསུམ། ཉན་པའི་ཚུལ། བཤད་པའི་ཚུལ། མཇུག་ཏུ་ཐུན་མོང་དུ་བྱ་བའི་ཚུལ་ལོ།། དང་པོ་ལ་གསུམ། ཆོས་ཐོས་པའི་ཕན་ཡོན་བསམ་པ། ཆོས་དང་ཆོས་སྨྲ་བ་ལ་རིམ་གྲོ་བསྐྱེད་པ། ཉན་ཚུལ་དངོས་སོ།། འདི་ལ་གཉིས། སྣོད་ཀྱི་སྐྱོན་གསུམ་སྤང་བ། འདུ་ཤེས་དྲུག་བསྟེན་པའོ།། འདི་ལ་དྲུག །རང་ལ་ནད་པ་ལྟ་བུའི་འདུ་ཤེས་གཞག་པ། ཆོས་སྨྲ་བ་ལ་སྨན་པ་ལྟ་བུའི་འདུ་ཤེས་གཞག་པ། རྗེས་སུ་བསྟན་པ་ལ་སྨན་གྱི་འདུ་ཤེས་བསྐྱེད་པ། ནན་ཏན་ཉམས་སུ་བླང་བ་ལ་ནད་འཚོ་བའི་འདུ་ཤེས་བསྐྱེད་པ། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་གཞག་པ། ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་བསྐྱེད་པའོ།། གཉིས་པ་བཤད་པའི་ཚུལ་ལ་བཞི། ཆོས་བཤད་པའི་ཕན་ཡོན་བསམ་པ། སྟོན་པ་དང་ཆོས་ལ་རིམ་གྲོ་བསྐྱེད་པ། བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ། ཡུལ་གང་ལ་བཤད་པ་དང་མི་བཤད་པའི་ཁྱད་པར་རོ།། གསུམ་པ་བསམ་པ་དང་སྦྱོར་བ་ཇི་ལྟ་བུས་བཤད་པ་ལ་གཉིས། བསམ་པ། སྦྱོར་བའོ།།
ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ།
བཞི་པ་གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ། བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པའོ།། དང་པོ་ལ་གཉིས། ངེས་པ་བསྐྱེད་པའི་ཕྱིར་ཅུང་ཟད་སྤྲོས་ཏེ་བཤད་པ། སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པའོ།། དང་པོ་ལ་དྲུག །བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། དེས་དེ་ཇི་ལྟར་བསྟེན་པའི་ཚུལ། བསྟེན་པའི་ཕན་ཡོན། མ་བསྟེན་པའི་ཉེས་དམིགས། དེ་དག་གི་དོན་བསྡུ་བའོ།། གསུམ་པ་དེས་དེ་ཇི་ལྟར་བསྟེན་པའི་ཚུལ་ལ་གཉིས། བསམ་པས་བསྟེན་པའི་ཚུལ། སྦྱོར་བས་བསྟེན་པའི་ཚུལ་ལོ།། དང་པོ་ལ་གཉིས། རྩ་བ་དད་པ་སྦྱང་བ། བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བའོ། །གཉིས་པ་སྐྱོང་ཚུལ་མདོར་བསྡུས་ཏེ་བསྟན་པ་ལ་གཉིས། སྐྱོང་ཚུལ་དངོས། སྐྱོང་ཚུལ་གཉིས་ཀྱིས་བསྐྱང་དགོས་པའི་རྒྱུ་མཚན་ནོ།། དང་པོ་ལ་གཉིས། ཐུན་གྱི་ངོ་བོ་ལ་ཇི་ལྟར་བྱ་བ། ཐུན་མཚམས་སུ་ཇི་ལྟར་བྱ་བའོ།། དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་ཏུ་ཇི་ལྟར་བྱ་བའོ།། གཉིས་པ་དངོས་གཞི་ལ་གཉིས། སྤྱིའི་སྐྱོང་ཚུལ། སྐབས་འདིའི་སྐྱོང་ཚུལ་ལོ།།
དལ་རྟེན་ལ་སྙིང་པོ་བླང་བའི་ཕྱིར་བསྐུལ་བ།
གཉིས་པ་བསྟེན་ནས་བློ་ཇི་ལྟར་སྦྱང་བའི་རིམ་པ་ལ་གཉིས། དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་དུ་བསྐུལ་བ། སྙིང་པོ་ཇི་ལྟར་ལེན་པའི་ཚུལ་ལོ།། དང་པོ་ལ་གསུམ། དལ་འབྱོར་ངོས་གཟུང་བ། དེ་དོན་ཆེ་བ་བསམ་པ། རྙེད་དཀའ་བ་བསམ་པའོ།། དང་པོ་ལ་གཉིས། དལ་བ་དང༌། འབྱོར་པའོ།། འདི་ལ་གཉིས། རང་འབྱོར་ལྔ། གཞན་འབྱོར་ལྔའོ།།
ལམ་སྤྱིའི་རྣམ་གཞག
གཉིས་པ་སྙིང་པོ་ཇི་ལྟར་ལེན་ཚུལ་ལ་གཉིས། ལམ་སྤྱིའི་རྣམ་གཞག་ལ་ངེས་པ་བསྐྱེད་པ། དེ་ལ་སྙིང་པོ་ལེན་ཚུལ་དངོས་སོ།། དང་པོ་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཐམས་ཅད་འདུ་བའི་ཚུལ། སྐྱེས་བུ་གསུམ་གྱི་སྒོ་ནས་རིམ་པ་བཞིན་དུ་འཁྲིད་པའི་རྒྱུ་མཚན་བསྟན་པའོ།། འདི་ལ་གཉིས། སྐྱེས་བུ་གསུམ་གྱི་ལམ་གྱི་སྒོ་ནས་འཁྲིད་པའི་དོན་གང་ཡིན་པ། རིམ་པ་དེ་ལྟར་འཁྲིད་པའི་རྒྱུ་མཚན་བསྟན་པའོ།། འདི་ལ་གཉིས། རྒྱུ་མཚན་དངོས་དང༌། དགོས་པའོ།།
སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་རིམ།
གཉིས་པ་སྙིང་པོ་ལེན་ཚུལ་དངོས་ལ་གསུམ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ། སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལ་བློ་སྦྱང་བའོ།། དང་པོ་ལ་གསུམ། ཆུང་ངུའི་བསམ་པ་སྦྱོང་བ་དངོས། བསམ་པ་དེ་སྐྱེས་པའི་ཚད། དེ་ལ་ལོག་རྟོག་བསལ་བའོ།། དང་པོ་ལ་གཉིས། འཇིག་རྟེན་ཕྱི་མ་དོན་གཉེར་གྱི་བློ་བསྐྱེད་པ། འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པའོ།། དང་པོ་ལ་གཉིས། འཇིག་རྟེན་འདིར་རིང་དུ་མི་གནས་པ་འཆི་བ་རྗེས་སུ་དྲན་པ་བསམ་པ། འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པའོ།། དང་པོ་ལ་བཞི། འཆི་བ་དྲན་པ་མ་བསྒོམས་པའི་ཉེས་དམིགས། བསྒོམས་པའི་ཕན་ཡོན། འཆི་བ་དྲན་པའི་བློ་ཇི་ལྟ་བུ་ཞིག་བསྐྱེད་པ། འཆི་བ་དྲན་པ་སྒོམ་པའི་ཚུལ་ལོ།། འདི་ལ་གསུམ། ངེས་པར་འཆི་བ་བསམ་པ། ནམ་འཆི་ངེས་མེད་བསམ་པ། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ།། དང་པོ་ལ་གསུམ། འཆི་བདག་ངེས་པར་འོང་ལ་དེ་ཡང་རྐྱེན་གྱིས་བཟློག་ཏུ་མེད་པ་བསམ་པ། ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་བར་མ་ཆད་དུ་ཡོད་པ་བསམ་པ། གསོན་པའི་ཚེ་ཡང་ཆོས་བྱ་བའི་ལོང་མེད་པར་འཆི་བ་བསམ་པའོ།། གཉིས་པ་ནམ་འཆི་ངེས་མེད་བསམ་པ་ལ་གསུམ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ངེས་མེད་བསམ་པ། འཆི་རྐྱེན་ཤིན་ཏུ་མང་ཞིང་གསོན་རྐྱེན་ཉུང་བ་བསམ་པ། ལུས་ཤིན་ཏུ་ཉམས་ཆུང་བས་ནམ་འཆི་ངེས་མེད་བསམ་པའོ། གཉིས་པ་འཇིག་རྟེན་ཕྱི་མར་ཇི་ལྟར་འགྱུར་བ་འགྲོ་བ་གཉིས་ཀྱི་བདེ་སྡུག་བསམ་པ་ལ་གསུམ། དམྱལ་བ། དུད་འགྲོ། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པའོ།། དང་པོ་ལ་བཞི། སེམས་ཅན་དམྱལ་བ་ཆེན་པོ། ཉེ་འཁོར་བའི་དམྱལ་བ། གྲང་བའི་དམྱལ་བ། ཉི་ཚེ་བའི་དམྱལ་བའོ།། དང་པོ་ལ་བརྒྱད། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་ཀྱི་སྡུག་བསྔལ་བསམ་པའོ།། ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ལ་གསུམ། ཟས་སྐོམ་ལ་ཕྱི་ན་སྒྲིབ་པ་ཡོད་པ། ཟས་སྐོམ་ལ་ནང་གི་སྒྲིབ་པ་ཡོད་པ། ཟས་སྐོམ་ཉིད་ལ་སྒྲིབ་པ་ཡོད་པའོ།།
གཉིས་པ་འཇིག་རྟེན་ཕྱི་མར་བདེ་བའི་ཐབས་བསྟེན་པ་ལ་གཉིས། བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོ་སྦྱང་བ། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའོ།། དང་པོ་ལ་བཞི། གང་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་རྒྱུ། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ། ཅི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ། སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པའོ།། གཉིས་པ་དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའི་ཡུལ་ལ་གཉིས། ཡུལ་ངོས་གཟུང་བ། དེ་སྐྱབས་སུ་འོས་པའི་རྒྱུ་མཚན་ནོ།། གསུམ་པ་ཅི་ཙམ་གྱིས་སྐྱབས་སུ་སོང་བའི་ཚུལ་ལ་བཞི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བས་སྐྱབས་སུ་སོང་བའོ།། དང་པོ་ལ་གསུམ། སངས་རྒྱས་ཀྱི་ཡོན་ཏན། ཆོས་ཀྱི་ཡོན་ཏན། དགེ་འདུན་གྱི་ཡོན་ཏན་ནོ།། དང་པོ་ལ་བཞི། སྐུའི་ཡོན་ཏན། གསུང་གི་ཡོན་ཏན། ཐུགས་ཀྱི་ཡོན་ཏན། འཕྲིན་ལས་ཀྱི་ཡོན་ཏན་ནོ།། གསུམ་པ་ཐུགས་ཀྱི་ཡོན་ཏན་ལ་གཉིས། མཁྱེན་པའི་ཡོན་ཏན། བརྩེ་བའི་ཡོན་ཏན་ནོ།། བཞི་པ་སྐྱབས་སུ་སོང་ནས་བསླབ་པར་བྱ་བའི་རིམ་པ་ལ་གཉིས། སོ་སོའི་བསླབ་བྱ། ཐུན་མོང་གི་བསླབ་བྱའོ།། དང་པོ་ལ་གཉིས། དགག་པ་དང༌། བསྒྲུབ་པའི་བསླབ་བྱའོ།། གཉིས་པ་ཐུན་མོང་གི་བསླབ་བྱ་ལ་དྲུག །དཀོན་མཆོག་གསུམ་གྱི་ཁྱད་པར་དང་ཡོན་ཏན་རྗེས་སུ་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ། བཀའ་དྲིན་ཆེན་པོ་རྗེས་སུ་དྲན་པས་དུས་རྟག་ཏུ་མཆོད་པ་ལ་བརྩོན་ཞིང་བཟའ་བ་དང་བཅའ་བའི་ཕུད་ཀྱང་དབུལ་བ། སྙིང་རྗེ་ཆེན་པོ་རྗེས་སུ་དྲན་པས་འགྲོ་བ་གཞན་ཡང་ཚུལ་འདི་ལྟ་བུ་ལ་འགོད་པ། བྱ་བ་གང་བྱེད་པ་དང་དགོས་པ་ཅི་ཡོད་པ་ན་དཀོན་མཆོག་གསུམ་ལ་མཆོད་ནས་གསོལ་བ་འདེབས་ཤིང་འཇིག་རྟེན་པའི་ཐབས་གཞན་སྤོང་བ། ཕན་ཡོན་ཤེས་ནས་ཉིན་ལན་གསུམ་མཚན་ལན་གསུམ་དུ་སྐྱབས་སུ་འགྲོ་བ། དཀོན་མཆོག་གསུམ་སྲོག་གམ་བཞད་གད་ཀྱི་ཕྱིར་ཡང་མི་གཏོང་ཞིང་སྲུང་བའོ།། ལྔ་པ་ཕན་ཡོན་ལ་བརྒྱད། ནང་པ་སངས་རྒྱས་པར་ཚུད་པ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ། སྔོན་བསགས་པའི་ལས་སྒྲིབ་རྣམས་བསྲབས་ཤིང་ཟད་པར་འགྱུར་བ། བསོད་ནམས་རྒྱ་ཆེན་པོ་གསོག་པ། ངན་འགྲོར་མི་ལྟུང་བ། མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པ། ཅི་བསམས་པ་ཐམས་ཅད་འགྲུབ་པ། མྱུར་དུ་འཚང་རྒྱ་བའོ།།
གཉིས་པ་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིད་ཆེས་ཀྱི་དད་པ་བསྐྱེད་པ་ལ་གསུམ། ལས་འབྲས་སྤྱིར་བསམ་པ། བྱེ་བྲག་ཏུ་བསམ་པ། བསམས་ནས་འཇུག་ལྡོག་བྱ་ཚུལ་ལོ།། དང་པོ་ལ་གཉིས། སྤྱིར་བསམ་ཚུལ་དངོས། སོ་སོར་ཕྱེ་སྟེ་བསམ་པའོ།། དང་པོ་ལ་བཞི། ལས་ངེས་པའི་ཚུལ། ལས་འཕེལ་ཆེ་བ། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བའོ།། གཉིས་པ་སོ་སོར་ཕྱེ་སྟེ་བསམ་པ་ལ་གཉིས། ལས་ལམ་བཅུ་གཙོ་བོར་བསྟན་པ། ལས་དང་འབྲས་བུ་གཏན་ལ་དབབ་པའོ།། འདི་ལ་གསུམ། ནག་པོའི་ལས་འབྲས། དཀར་པོའི་ལས་འབྲས། ལས་ཀྱི་རྣམ་དབྱེ་གཞན་བསྟན་པའོ།། དང་པོ་ལ་གསུམ། ནག་པོའི་ལས་ལམ་དངོས། ལྕི་ཡང་གི་ཁྱད་པར། དེ་དག་གི་འབྲས་བུ་བསྟན་པའོ།། གཉིས་པ་ལྕི་ཡང་གི་ཁྱད་པར་ལ་གཉིས། ལས་ལམ་བཅུའི་ལྕི་ཡང་། ཞར་ལ་སྟོབས་ལྡན་གྱི་ལས་ཀྱི་སྒོ་བསྡུས་ཏེ་བསྟན་པའོ།། འདི་ལ་བཞི། ཞིང་གི་སྒོ་ནས་སྟོབས་ཆེ་བ། རྟེན་གྱི་སྒོ་ནས་སྟོབས་ཆེ་བ། དངོས་པོའི་སྒོ་ནས་སྟོབས་ཆེ་བ། བསམ་པའི་སྒོ་ནས་སྟོབས་ཆེ་བའོ།། གསུམ་པ་དེ་དག་གི་འབྲས་བུ་བསྟན་པ་ལ་གསུམ། རྣམ་སྨིན་གྱི་འབྲས་བུ། རྒྱུ་མཐུན་གྱི་འབྲས་བུ། བདག་པོའམ་དབང་གི་འབྲས་བུའོ།། གཉིས་པ་དཀར་པོའི་ལས་འབྲས་ལ་གཉིས། དཀར་པོའི་ལས་དང༌། འབྲས་བུའོ།། གསུམ་པ་ལས་ཀྱི་རྣམ་དབྱེ་གཞན་བསྟན་པ་ལ་གཉིས།འཕེན་རྫོགས་ཀྱི་དབྱེ་བ། མྱོང་བ་ངེས་པ་དང་མ་ངེས་པའོ།།
གཉིས་པ་བྱེ་བྲག་ཏུ་བསམ་པ་ལ་གཉིས། རྣམ་སྨིན་གྱི་ཡོན་ཏན་དང་བྱེད་ལས། རྣམ་སྨིན་གྱི་རྒྱུའོ།། དང་པོ་ལ་བརྒྱད། ཚེ་ཕུན་སུམ་ཚོགས་པ། ཁ་དོག་ཕུན་ཚོགས། རིགས་ཕུན་ཚོགས། དབང་ཕྱུག་ཕུན་ཚོགས། ཚིག་བཙུན་པ། དབང་ཆེ་བར་གྲགས་པ། སྐྱེས་པ་ཉིད། སྟོབས་དང་ལྡན་པའོ།། གཉིས་པ་རྣམ་སྨིན་གྱི་རྒྱུ་ལ་བརྒྱད། ཚེ་ཕུན་སུམ་ཚོགས་པའི་རྒྱུ། ཁ་དོག་ཕུན་ཚོགས་ཀྱི་རྒྱུ། རིགས་ཕུན་ཚོགས་ཀྱི་རྒྱུ། དབང་ཕྱུག་ཕུན་ཚོགས་ཀྱི་རྒྱུ། ཚིག་བཙུན་པའི་རྒྱུ། དབང་ཆེ་བར་གྲགས་པའི་རྒྱུ། སྐྱེས་པ་ཉིད་ཀྱི་རྒྱུ། སྟོབས་དང་ལྡན་པའི་རྒྱུའོ།། གསུམ་པ་བསམས་ནས་འཇུག་ལྡོག་བྱ་ཚུལ་ལ་གཉིས། སྤྱིར་བསྟན་པ། ཁྱད་པར་དུ་སྟོབས་བཞིས་སྦྱང་ཚུལ་ལོ།། འདི་ལ་བཞི། སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས། རྟེན་གྱི་སྟོབས་སོ།། གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་དྲུག །མདོ་སྡེ་ཟབ་མོ་ལ་བརྟེན་པ། སྟོང་ཉིད་ལ་མོས་པ། བཟླས་པ་ལ་བརྟེན་པ། སྐུ་གཟུགས་ལ་བརྟེན་པ། མཆོད་པ་ལ་བརྟེན་པ། མཚན་ལ་བརྟེན་པའོ།། སྐྱེས་བུ་ཆུང་ངུདང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ།། །།
སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་རིམ།
༈ གཉིས་པ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་ལ་བློ་སྦྱོང་བ་ལ་བཞི། བསམ་པ་སྦྱང་བ་དངོས། དེ་སྐྱེས་པའི་ཚད། དེ་ལ་ལོག་རྟོག་བསལ་བ། ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པའོ།། དང་པོ་ལ་གཉིས། ཐར་པ་དོན་གཉེར་གྱི་བློ་ངོས་གཟུང་བ། དེ་སྐྱེད་པའི་ཐབས་སོ། །འདི་ལ་གཉིས། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་པ། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པའོ།། དང་པོ་ལ་གཉིས། སྡུག་བདེན་བདེན་བཞིའི་ཐོག་མར་གསུངས་པའི་དགོངས་པ་བསྟན་པ། སྡུག་བསྔལ་སྒོམ་པ་དངོས་སོ།། འདི་ལ་གཉིས། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ། སོ་སོའི་སྡུག་བསྔལ་བསམ་པའོ།། དང་པོ་ལ་གཉིས། སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པའོ།། དང་པོ་ལ་བརྒྱད། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ཞེས་གསུངས་པའི་དོན་བསམ་པའོ།། གཉིས་པ་སོ་སོའི་སྡུག་བསྔལ་བསམ་པ་ལ་བཞི། ངན་སོང་གསུམ་གྱི་སྡུག་བསྔལ། མིའི་སྡུག་བསྔལ། ལྷ་མ་ཡིན་གྱི་སྡུག་བསྔལ། ལྷའི་སྡུག་བསྔལ་བསམ་པའོ།། འདི་ལ་གཉིས། འདོད་ལྷའི་སྡུག་བསྔལ། ཁམས་གོང་གི་ལྷའི་སྡུག་བསྔལ་ལོ།། དང་པོ་ལ་གསུམ། འཆི་འཕོ་བ་དང་ལྟུང་བའི་སྡུག་བསྔལ། སྤ་གོང་བའི་སྡུག་བསྔལ། བཅད་པ་དང་དྲལ་བ་དང་གསོད་པ་དང་སྤྱུག་པའི་སྡུག་བསྔལ་ལོ།། དང་པོ་ལ་གཉིས། འཆི་འཕོ་བའི་སྡུག་བསྔལ། གནས་འོག་མར་ལྟུང་བའི་སྡུག་བསྔལ་ལོ།།
གཉིས་པ་ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ལ་གསུམ། ཉོན་མོངས་སྐྱེ་བའི་ཚུལ། དེས་ལས་གསོག་ཚུལ། འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལོ།། དང་པོ་ལ་གསུམ། ཉོན་མོངས་ངོས་གཟུང་བ། ཇི་ལྟར་སྐྱེ་བའི་རིམ་པ། ཉོན་མོངས་པའི་ཉེས་དམིགས་སོ།། དང་པོ་ལ་བཅུ། འདོད་ཆགས། ཁོང་ཁྲོ་བ། ང་རྒྱལ། མ་རིག་པ། ཐེ་ཚོམ། འཇིག་ཚོགས་ལ་ལྟ་བ། མཐར་འཛིན་པའི་ལྟ་བ། ལྟ་བ་མཆོག་ཏུ་འཛིན་པ། ཚུལ་ཁྲིམས་དང༌བརྟུལ་ཞུགས་མཆོག་འཛིན། ལོག་ལྟའོ།། གཉིས་པ་དེས་ལས་གསོག་ཚུལ་ལ་གཉིས། བསག་པར་བྱ་བའི་ལས་ངོས་གཟུང་བ། དེ་ཇི་ལྟར་གསོག་པའི་ཚུལ་ལོ།། གསུམ་པ་འཆི་འཕོ་བ་དང་ཉིང་མཚམས་སྦྱོར་བའི་ཚུལ་ལ་ལྔ། འཆི་བའི་རྐྱེན། འཆི་བའི་སེམས། དྲོད་གང་ནས་སྡུད་པ། ཤི་ནས་བར་དོ་འགྲུབ་ལུགས། དེ་ནས་སྐྱེ་སྲིད་དུ་སྐྱེ་བ་ལེན་ཚུལ་ལོ།། བཞི་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་།ལ་གཉིས། རྟེན་ཇི་ལྟ་བུས་འཁོར་བ་བཟློག་པ། ལམ་ཇི་འདྲ་ཞིག་བསྒོམས་པས་བཟློག་པའོ།། སྐྱེས་བུ་འབྲིང་དང་ཐུན་མོང་བའི་ལམ་གྱི་རིམ་པ་ལ་བློ་སྦྱང་བ་བཤད་ཟིན་ཏོ།། །།
སྐྱེས་བུ་ཆེན་པོའི་ལམ་རིམ།
༈ གསུམ་པ་སྐྱེས་བུ་ཆེན་པོའི་ལམ་ལ་བློ་སྦྱང་བ་ལ་གསུམ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད་ཁོ་ནར་བསྟན་པ། སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ། སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལོ།། གཉིས་པ་སེམས་དེ་ཇི་ལྟར་བསྐྱེད་པའི་ཚུལ་ལ་གསུམ། བྱང་ཆུབ་ཀྱི་སེམས་སྦྱང་བའི་རིམ་པ། སྐྱེས་པའི་ཚད། ཆོ་གས་གཟུང་བའི་ཚུལ་ལོ།། དང་པོ་ལ་གཉིས། ཇོ་བོ་ཆེན་པོ་ནས་བརྒྱུད་པ་ལ་མན་ངག་རྒྱུ་འབྲས་བདུན་མ་དང༌། རྒྱལ་སྲས་ཞི་བ་ལྷའི་གཞུང་ནས་འབྱུང་བ་ལ་བརྟེན་ནས་སྦྱོང་བའོ།། དང་པོ་ལ་གཉིས། རིམ་པ་ལ་ངེས་པ་བསྐྱེད་པ། རིམ་ཅན་དུ་སྦྱང་བ་དངོས་སོ། །དང་པོ་ལ་གཉིས། ཐེག་ཆེན་གྱི་ལམ་གྱི་རྩ་བ་སྙིང་རྗེར་བསྟན་པ། རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལོ།། དང་པོ་ལ་གསུམ། ཐོག་མར་གལ་ཆེ་བ། བར་དུ་གལ་ཆེ་བ། ཐ་མར་གལ་ཆེ་བའོ།། གཉིས་པ་རྒྱུ་འབྲས་གཞན་རྣམས་དེའི་རྒྱུ་འབྲས་སུ་འགྱུར་ཚུལ་ལ་གཉིས། མར་ཤེས་ནས་བྱམས་པའི་བར་རྒྱུར་འགྱུར་ཚུལ། ལྷག་བསམ་དང་སེམས་བསྐྱེད་འབྲས་བུར་འགྱུར་ཚུལ་ལོ། །གཉིས་པ་རིམ་ཅན་དུ་སྦྱང་བ་དངོས་ལ་གསུམ། གཞན་དོན་དོན་གཉེར་གྱི་བློ་སྦྱང་བ། བྱང་ཆུབ་དོན་གཉེར་གྱི་བློ་སྦྱང་བ། སྦྱངས་པའི་འབྲས་བུ་སེམས་བསྐྱེད་ངོས་གཟུང་བའོ། །དང་པོ་ལ་གཉིས། བློ་དེ་སྐྱེ་བའི་གཞི་བསྒྲུབ་པ། བློ་དེ་བསྐྱེད་པ་དངོས་སོ།། དང་པོ་ལ་གཉིས། སེམས་ཅན་ལ་སེམས་སྙོམས་པ་བསྒྲུབ་པ། ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་བསྒྲུབ་པའོ།། གཉིས་པ་ཐམས་ཅད་ཡིད་འོང་གི་རྣམ་པ་ཅན་དུ་སྒྲུབ་པ་ལ་གསུམ། མར་བསྒོམ་པ། དྲིན་དྲན་པ། དྲིན་དུ་གཟོ་བ་བསྒོམ་པའོ།། གཉིས་པ་གཞན་དོན་དོན་གཉེར་གྱི་བློ་དེ་བསྐྱེད་པ་དངོས་ལ་གསུམ། བྱམས་པ། སྙིང་རྗེ། ལྷག་བསམ་བསྒོམ་པའོ།། གཉིས་པ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་སྦྱོང་བ་ལ་གསུམ། བདག་གཞན་བརྗེས་པ་དང་མ་བརྗེས་པའི་ཕན་ཡོན་དང་ཉེས་དམིགས་བསམ་པ། སེམས་དེ་གོམས་ན་བསྐྱེད་ནུས་སུ་བསྟན་པ། བདག་གཞན་བརྗེ་ཚུལ་བསྒོམ་པའི་རིམ་པའོ།། འདི་ལ་གཉིས། གེགས་བསལ་བ། བསྒོམ་ཚུལ་དངོས་སོ།།
གསུམ་པ་སེམས་བསྐྱེད་ཆོ་གས་བཟུང་བ་ལ་གསུམ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། ཉམས་ན་ཕྱིར་བཅོས་པའི་ཐབས་སོ།། དང་པོ་ལ་གསུམ། གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་རྟེན། ཇི་ལྟར་བླང་བའི་ཆོ་གའོ།། འདི་ལ་གསུམ། སྦྱོར་བའི་ཆོ་ག །དངོས་གཞིའི་ཆོ་ག །མཇུག་གི་ཆོ་གའོ། །དང་པོ་ལ་གསུམ། སྐྱབས་འགྲོ་ཁྱད་པར་ཅན་བྱ་བ། ཚོགས་བསག་པ། བསམ་པ་སྦྱང་བའོ།། དང་པོ་ལ་གསུམ། གནས་བརྒྱན་ཅིང་རྟེན་བཀྲམ་ནས་མཆོད་རྫས་བཤམ་པ། གསོལ་བ་གདབ་ཅིང་སྐྱབས་སུ་འགྲོ་བ། སྐྱབས་སུ་སོང་བའི་བསླབ་བྱ་བརྗོད་པའོ།། གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བ་ལ་གཉིས། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ། སྐྱེ་བ་གཞན་དུ་ཡང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ།། དང་པོ་ལ་བཞི། སེམས་བསྐྱེད་ལ་སྤྲོ་ཤུགས་འཕེལ་བའི་ཕྱིར་དུ་ཕན་ཡོན་དྲན་པ་ལ་བསླབ་པ། སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་བསྐྱེད་པ་ལ་བསླབ་པ། གང་གི་དོན་དུ་སེམས་བསྐྱེད་པའི་སེམས་ཅན་བློས་མི་སྤོང་བ་ལ་བསླབ་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་ལ་བསླབ་པའོ།། གཉིས་པ་སེམས་བསྐྱེད་དངོས་འཕེལ་བའི་ཕྱིར་དུ་ལན་དྲུག་ཏུ་སེམས་བསྐྱེད་པ་ལ་བསླབ་པ་ལ་གཉིས། སྨོན་སེམས་བསྐྱེད་པ་མི་གཏོང་བ། སྤེལ་བ་ལ་བསླབ་པའོ།། གཉིས་པ་སྐྱེ་བ་གཞན་དུ་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ་གཉིས། ཉམས་པར་བྱེད་པ་ནག་པོའི་ཆོས་བཞི་སྤང་བ། མི་ཉམས་པར་བྱེད་པ་དཀར་པོའི་ཆོས་བཞི་བླང་བ་ལ་བསླབ་པའོ།།
གསུམ་པ་སེམས་བསྐྱེད་ནས་སྤྱོད་པ་ལ་སློབ་ཚུལ་ལ་གསུམ། སེམས་བསྐྱེད་ནས་བསླབ་པ་ལ་སློབ་དགོས་པའི་རྒྱུ་མཚན། ཐབས་ཤེས་རེ་རེ་བ་ལ་བསླབས་པས་སངས་རྒྱས་མི་འགྲུབ་པར་བསྟན་པ། བསླབ་པ་ལ་སློབ་པའི་རིམ་པ་ཉིད་བཤད་པའོ།། འདི་ལ་གཉིས། ཐེག་ཆེན་སྤྱི་ལ་བསླབ་ཚུལ། ཁྱད་པར་དུ་རྡོ་རྗེ་ཐེག་པ་ལ་བསླབ་ཚུལ་ལོ།། དང་པོ་ལ་གསུམ། བྱང་སེམས་ཀྱི་བསླབ་པ་ལ་སློབ་འདོད་སྦྱང་བ། སྦྱངས་ནས་རྒྱལ་སྲས་ཀྱི་སྡོམ་པ་གཟུང་བ། བཟུང་ནས་ཇི་ལྟར་བསླབ་པའི་ཚུལ་ལོ།། འདི་ལ་གསུམ། གང་ལ་བསླབ་པའི་གཞི། དེར་བསླབ་པ་རྣམས་འདུ་ཚུལ། དེ་ལ་ཇི་ལྟར་བསླབ་པའི་རིམ་པའོ།། གཉིས་པ་དེར་བསླབ་པ་རྣམས་འདུ་ཚུལ་ལ་གཉིས། དངོས་ཀྱི་དོན་གྲངས་ངེས་པ། ཞར་ལ་གོ་རིམ་ངེས་པའོ།། དང་པོ་ལ་དྲུག །མངོན་མཐོ་ལ་ལྟོས་པའི་གྲངས་ངེས། དོན་གཉིས་སྒྲུབ་པ་ལ་ལྟོས་པའི་གྲངས་ངེས། གཞན་དོན་རྣམ་པ་ཐམས་ཅད་པ་རྫོགས་པར་སྒྲུབ་པ་ལ་ལྟོས་པའི་གྲངས་ངེས། ཐེག་ཆེན་ཐམས་ཅད་སྡུད་པ་ལ་ལྟོས་པའི་གྲངས་ངེས། ལམ་མམ་ཐབས་ཀྱི་རྣམ་པ་ཐམས་ཅད་པའི་དབང་དུ་མཛད་པའི་གྲངས་ངེས། བསླབ་པ་གསུམ་ལ་ལྟོས་པའི་གྲངས་ངེས་པའོ།། གཉིས་པ་ཞར་ལ་གོ་རིམ་ངེས་པ་ལ་གསུམ། སྐྱེ་བའི་རིམ་པ། དམན་མཆོག་གི་རིམ་པ། ཕྲ་རགས་ཀྱི་རིམ་པའོ།།
གསུམ་པ་དེ་ལ་ཇི་ལྟར་བསླབ་པའི་རིམ་པ་ལ་གཉིས། སྤྱོད་པ་སྤྱི་ལ་བསླབ་ཚུལ། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལོ།། དང་པོ་ལ་གཉིས། རང་གི་སངས་རྒྱས་ཀྱི་ཆོས་སྨིན་པར་བྱེད་པ་ཕར་ཕྱིན། གཞན་རྒྱུད་སྨིན་པར་བྱེད་པ་བསྡུ་བཞི་ལ་བསླབ་པའོ།། དང་པོ་ལ་དྲུག །སྦྱིན་པ། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་ལ་བསླབ་ཚུལ་ལོ།། དང་པོ་ལ་གསུམ། སྦྱིན་པའི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ།། གཉིས་པ་རབ་དབྱེ་ལ་གཉིས། རྟེན་སོ་སོ་ལ་ལྟོས་པའི་རབ་དབྱེ། སྦྱིན་པ་རང་གི་ངོ་བོའི་རབ་དབྱེའོ།། གཉིས་པ་ཚུལ་ཁྲིམས་ལ་གསུམ། ཚུལ་ཁྲིམས་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ།། གཉིས་པ་རབ་དབྱེ་ལ་གསུམ། སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ།། གསུམ་པ་བཟོད་པ་ལ་གསུམ། བཟོད་པའི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ།། བཞི་པ་བརྩོན་འགྲུས་ལ་གསུམ། བརྩོན་འགྲུས་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ།། གཉིས་པ་རབ་དབྱེ་ལ་གསུམ། གོ་ཆའི་བརྩོན་འགྲུས། དགེ་བའི་ཆོས་སྡུད་པའི་བརྩོན་འགྲུས། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་སོ།། ལྔ་པ་བསམ་གཏན་ལ་གསུམ། བསམ་གཏན་གྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ།། དྲུག་པ་ཤེས་རབ་ལ་གསུམ། ཤེས་རབ་ཀྱི་ངོ་བོ། རབ་དབྱེ། རྒྱུད་ལ་སྐྱེད་ཚུལ་ལོ།། སྐྱེས་བུ་ཆེན་པོའི་ལམ་རིམ་ལས་སྨོན་སེམས་སྦྱང་བ་དང་རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་པའི་ལམ་རིམ་བཤད་ཟིན་ཏོ།། །།
བསམ་གཏན་གྱི་ངོ་བོ་ཞི་གནས་ལ་བསླབ་ཚུལ།
༈ གཉིས་པ་ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་ལ་དྲུག །ཞི་ལྷག་བསྒོམས་པའི་ཕན་ཡོན། དེ་གཉིས་ཏིང་ངེ་འཛིན་ཀུན་གྱི་སྡུད་བྱེད་དུ་བསྟན་པ། ཞི་ལྷག་གི་ངོ་བོ། གཉིས་ཀ་བསྒོམ་དགོས་པའི་རྒྱུ་མཚན། གོ་རིམ་ངེས་ཚུལ། སོ་སོའི་བསླབ་ཚུལ་ལོ།། འདི་ལ་གསུམ། ཞི་གནས་ལ་བསླབ་ཚུལ། ལྷག་མཐོང་ལ་བསླབ་ཚུལ། དེ་གཉིས་ཟུང་དུ་འབྲེལ་ཚུལ་ལོ།། དང་པོ་ལ་གསུམ། ཞི་གནས་ཀྱི་ཚོགས་བསྟེན་པ། དེ་ལ་བརྟེན་ནས་ཞི་གནས་བསྒོམ་ཚུལ། བསྒོམས་པས་ཞི་གནས་གྲུབ་པའི་ཚད་དོ།། གཉིས་པ་དེ་ལ་བརྟེན་ནས་ཞི་གནས་བསྒོམ་ཚུལ་ལ་གཉིས། སྦྱོར་བ། དངོས་གཞིའོ།། འདི་ལ་གཉིས། ལུས་ཀྱི་སྤྱོད་ལམ་ཅི་འདྲ་བས་སྒོམ་པ། སྒོམ་པའི་རིམ་པ་ཉིད་བཤད་པའོ།། འདི་ལ་གཉིས། ཏིང་ངེ་འཛིན་སྐྱོན་མེད་སྐྱེད་པའི་ཚུལ། དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པའོ།། དང་པོ་ལ་གསུམ། སེམས་དམིགས་པ་ལ་གཏད་པའི་སྔོན་དུ་ཇི་ལྟར་བྱ་བ། དམིགས་པ་ལ་གཏད་པའི་དུས་སུ་ཇི་ལྟར་བྱ་བ། དམིགས་པ་ལ་གཏད་པའི་འོག་ཏུ་ཇི་ལྟར་བྱ་བའོ།།
གཉིས་པ་དམིགས་པ་ལ་གཏད་པའི་དུས་སུ་ཇི་ལྟར་བྱ་བ་ལ་གཉིས། སེམས་གང་ལ་འཇོག་པའི་གཞི་དམིགས་པ་ངོས་གཟུང་བ། དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལོ།། དང་པོ་ལ་གཉིས། དམིགས་པ་སྤྱིའི་རྣམ་གཞག །སྐབས་སུ་བབས་པའི་དམིགས་པ་ངོས་གཟུང་བའོ།། དང་པོ་ལ་གཉིས། དམིགས་པ་དངོས་བསྟན་པ། གང་ཟག་གང་གིས་གང་ལ་དམིགས་པར་བྱ་བ་བསྟན་པའོ།། གཉིས་པ་དེ་ལ་སེམས་ཇི་ལྟར་གཏོད་པའི་ཚུལ་ལ་གསུམ། སྐྱོན་མེད་པའི་ལུགས་གཞག་པ། སྐྱོན་དང་བཅས་པའི་ལུགས་བསལ་བ། ཐུན་གྱི་ཚད་བསྟན་པའོ།། གསུམ་པ་དམིགས་པ་ལ་གཏད་པའི་འོག་ཏུ་ཇི་ལྟར་བྱ་བ་ལ་གཉིས། བྱིང་རྒོད་བྱུང་དུས་ཇི་ལྟར་བྱ་བ། བྱིང་རྒོད་དང་བྲལ་དུས་ཇི་ལྟར་བྱ་བའོ།། དང་པོ་ལ་གཉིས། བྱིང་རྒོད་ངོས་མི་ཟིན་པའི་གཉེན་པོ་བསྟེན་པ། ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་དུ་མི་རྩོལ་བའི་གཉེན་པོ་བསྟེན་པའོ།། དང་པོ་ལ་གཉིས། བྱིང་རྒོད་ཀྱི་མཚན་ཉིད་གཏན་ལ་དབབ་པ། སྒོམ་པའི་དུས་སུ་དེ་རྟོགས་པའི་ཤེས་བཞིན་སྐྱེད་ཐབས་སོ།། གཉིས་པ་ངོས་ཟིན་ཀྱང་དེ་སྤོང་བའི་ཕྱིར་མི་རྩོལ་བའི་གཉེན་པོ་བསྟེན་པ་ལ་གཉིས། སེམས་པ་ངོས་གཟུང་ཞིང་བྱིང་རྒོད་འགོག་པའི་ཚུལ། གང་ལ་བརྟེན་ནས་བྱིང་རྒོད་སྐྱེ་བའི་རྒྱུ་ངོས་གཟུང་བའོ།།
གཉིས་པ་དེ་ལ་བརྟེན་ནས་སེམས་གནས་སྐྱེ་བའི་རིམ་པ་ལ་གསུམ། སེམས་གནས་སྐྱེ་བའི་རིམ་པ་དངོས། དེ་སྟོབས་དྲུག་གིས་འགྲུབ་ལུགས། དེ་ལ་ཡིད་བྱེད་བཞི་ཡོད་ཚུལ་ལོ།། དང་པོ་ལ་དགུ། དེ་དང་དེ་ལ་སེམས་འཇོག་པ། རྒྱུན་དུ་འཇོག་པ། བླན་ཏེ་འཇོག་པ། ཉེ་བར་འཇོག་པ། དུལ་བར་བྱེད་པ། ཞི་བར་བྱེད་པ། རྣམ་པར་ཞི་བར་བྱེད་པ། རྩེ་གཅིག་ཏུ་བྱེད་པ། མཉམ་པར་འཇོག་པའོ།། གསུམ་པ་བསྒོམས་པས་ཞི་གནས་གྲུབ་པའི་ཚད་ལ་གསུམ། ཞི་གནས་གྲུབ་པ་དང་མ་གྲུབ་པའི་ས་མཚམས་བསྟན་པ། ཞི་གནས་ལ་བརྟེན་ནས་ལམ་བགྲོད་ཚུལ་སྤྱིར་བསྟན་པ། ཁྱད་པར་དུ་འཇིག་རྟེན་པའི་ལམ་བགྲོད་ཚུལ་བསྟན་པའོ།། དང་པོ་ལ་གཉིས། དངོས་ཀྱི་དོན་བསྟན་པ། ཡིད་བྱེད་དང་ལྡན་པའི་རྟགས་དོགས་གཅོད་དང་བཅས་པའོ།། དང་པོ་ལ་གཉིས། ཤིན་སྦྱངས་རྫོགས་པར་ཐོབ་མ་ཐོབ་ཀྱི་སྒོ་ནས་ཞི་གནས་ཐོབ་མ་ཐོབ་ཏུ་བསྟན་པ། ཤིན་སྦྱངས་རྫོགས་པར་ཐོབ་ནས་ཞི་གནས་འགྲུབ་ལུགས་བསྟན་པའོ།། གཉིས་པ་ཡིད་བྱེད་དང་ལྡན་པའི་རྟགས་དོགས་གཅོད་དང་བཅས་པ་ལ་གཉིས། ཡིད་བྱེད་དང་ལྡན་པའི་རྟགས་དངོས། དོགས་གཅོད་བཤད་པའོ།།
ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ལ་བསླབ་ཚུལ།
གཉིས་པ་ལྷག་མཐོང་ལ་བསླབ་པའི་ཚུལ་ལ་བཞི། ལྷག་མཐོང་གི་ཚོགས་བསྟེན་པ། ལྷག་མཐོང་གི་རབ་དབྱེ། ལྷག་མཐོང་སྒོམ་པའི་ཚུལ། བསྒོམས་པས་ལྷག་མཐོང་གྲུབ་པའི་ཚད་དོ།། དང་པོ་ལ་གཉིས། ལྷག་མཐོང་གི་ཚོགས་བསྟེན་ཚུལ་སྤྱིར་བསྟན། ཁྱད་པར་དུ་ལྟ་བ་གཏན་ལ་འབེབས་ཚུལ་ལོ།། འདི་ལ་གསུམ། ཉོན་མོངས་ཅན་གྱི་མ་རིག་པ་ངོས་གཟུང་བ། དེ་འཁོར་བར་འཁོར་བའི་རྩ་བར་བསྟན་པ། བདག་འཛིན་དེ་སྤོང་བར་འདོད་པས་བདག་མེད་ཀྱི་ལྟ་བ་བཙལ་བའོ།། འདི་ལ་གཉིས། མ་རིག་པ་དེ་སྤོང་འདོད་ན་བདག་མེད་རྟོགས་པའི་ལྟ་བ་འཚོལ་དགོས་པའི་རྒྱུ་མཚན། བདག་མེད་རྟོགས་པའི་ལྟ་བ་སྐྱེད་པའི་ཚུལ་ལོ།། འདི་ལ་གསུམ། བདག་མེད་ཀྱི་ལྟ་བ་གཉིས་བསྐྱེད་པའི་རིམ་པ། ལྟ་བ་གཉིས་རིམ་ཅན་དུ་བསྐྱེད་པ་དངོས། ཀུན་རྫོབ་དང་དོན་དམ་གྱི་བདེན་པ་རྣམ་པར་གཞག་པའོ།།
གཉིས་པ་ལྟ་བ་གཉིས་རིམ་ཅན་དུ་བསྐྱེད་པ་དངོས་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་དབབ་པ། ཆོས་ཀྱི་བདག་མེད་གཏན་ལ་དབབ་པའོ། །དང་པོ་ལ་གཉིས། གང་ཟག་ངོས་གཟུང་བ་དང༌། དེ་རང་བཞིན་མེད་པར་གཏན་ལ་དབབ་པའོ།། འདི་ལ་གསུམ། ང་རང་བཞིན་མེད་པར་གཏན་ལ་དབབ་པ། ང་ཡི་བ་རང་བཞིན་མེད་པར་གཏན་ལ་དབབ་པ། དེ་ལ་བརྟེན་ནས་གང་ཟག་སྒྱུ་མ་ལྟ་བུར་འཆར་ཚུལ་བསྟན་པའོ།། འདི་ལ་གཉིས། སྒྱུ་མ་ལྟ་བུར་གསུངས་པའི་དོན་བསྟན་པ། ཐབས་གང་ལ་བརྟེན་ནས་སྒྱུ་མ་ལྟ་བུར་འཆར་ཚུལ་ལོ།། དང་པོ་ལ་གཉིས། སྒྱུ་མ་བཞིན་དུ་འཆར་ཚུལ་ཕྱིན་ཅི་མ་ལོག་པ། སྒྱུ་མ་བཞིན་དུ་འཆར་ཚུལ་ལྟར་སྣང་བསྟན་པའོ།། གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་ལ་གཉིས། སྔར་བཤད་པའི་རིགས་པ་ཁ་སྤོས་ནས་འགོག་པ། སྔར་མ་བཤད་པའི་རིགས་པ་གཞན་གྱིས་དགག་པའོ།། འདི་ལ་གཉིས། རྟེན་འབྱུང་གི་གཏན་ཚིགས་བསྟན་པ། དེ་དང་རིགས་པ་སྔ་མས་འདུས་མ་བྱས་ཀྱང་བདེན་མེད་དུ་འགྲུབ་ཚུལ་ལོ།།
གསུམ་པ་ཀུན་རྫོབ་དང་དོན་དམ་གྱི་བདེན་པ་རྣམ་པར་གཞག་པ་ལ་བཞི། བདེན་གཉིས་གང་ལས་འབྱེད་པའི་གཞི། ཇི་ལྟར་དུ་ཕྱེ་བའི་གྲངས། དེ་ལྟར་དུ་ཕྱེ་བའི་དོན། ཕྱེ་བ་སོ་སོའི་དོན་བཤད་པའོ།། འདི་ལ་གསུམ། ཀུན་རྫོབ་བདེན་པ། དོན་དམ་བདེན་པ། བདེན་གཉིས་ཀྱི་གྲངས་ངེས་བསྟན་པའོ།། དང་པོ་ལ་གསུམ། ཀུན་རྫོབ་དང་བདེན་པའི་སྒྲ་དོན་བཤད་པ། ཀུན་རྫོབ་བདེན་པའི་མཚན་ཉིད། ཀུན་རྫོབ་ཀྱི་དབྱེ་བའོ།། གཉིས་པ་དོན་དམ་བདེན་པ་བཤད་པ་ལ་གསུམ། དོན་དམ་དང་བདེན་པའི་དོན་བཤད་པ། དོན་དམ་བདེན་པའི་མཚན་ཉིད་བཤད་པ། དོན་དམ་པའི་དབྱེ་བ་བཤད་པའོ།། གཉིས་པ་དོན་དམ་བདེན་པའི་མཚན་ཉིད་བཤད་པ་ལ་གཉིས། དངོས་ཀྱི་དོན་དང༌། རྩོད་པ་སྤང་བའོ།། གསུམ་པ་ལྷག་མཐོང་བསྒོམ་པའི་ཚུལ་ལ་གསུམ། ཞི་གནས་ལ་བརྟེན་ནས་ལྷག་མཐོང་བསྒོམ་པར་གསུངས་པའི་དོན་བསྟན་པ། ལུགས་དེ་ཐེག་པ་ཆེ་ཆུང་གང་གི་ལམ་གང་གི་དབང་དུ་བྱས་པ། ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒོམ་ཚུལ་དངོས་བསྟན་པའོ།། །།
ལམ་རིམ་ཆུང་ངུའི་ས་བཅད་འདི་ནི་རྗེའི་བཀའ་འབུམ་ཁྲོད་དུ་བཞུགས་པའི་ལམ་རིམ་ཆེན་མོའི་ས་བཅད་ཀྱི་བགྲོས་བཞིན་བཙུན་པ་ཤྲཱི་མིང་པས་ཆོས་གྲོགས་འགའི་རེ་བསྐུལ་ལྟར་བསྒྲིགས་པ་ལགས་ན་ནོངས་པ་ཅི་མཆིས་མཁས་པ་རྣམས་ཀྱིས་དག་པར་མཛད་དུ་གསོལ།། །།