བློ་བཟང་རིན་ཆེན།
<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་ས་བཅད་གསུམ་པའི་དེང་གི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་བྱེད་ལས་ཞེས་པའི་ལེའུར་བྲིས་པའི་གནད་དོན་རྣམས་ཚན་པ་གསུམ་ལ་བགོས་ནས་མདོར་བསྡུས་ཤིག་འཆད་པར་བྱ།
ཆོས་ལུགས་གལ་འགངས་ཆེ་མིན་ལ་དཔྱད་པ།
འགྲོ་བ་མིའི་ལོ་རྒྱུས་ནང་ཆོས་ལུགས་ནི་རྩོད་རྙོག་གི་འབྱུང་གཞི་ཆེན་པོ་རེ་གྱུར་མྱོང་བ་མ་ཟད། དེང་སྐབས་ཀྱང་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་དང་ཞེ་སྡང་གི་རྐྱེན་པས་མི་གསོད་ཁྲག་སྦྱོར་དང་། གྲོང་སྡེ་གཏོར་བཅོམ། སྤྱི་ཚོགས་བརྟན་བརླིང་མེད་པར་བཟོ་བ་སོགས་འབྱུང་ཡོད་པར་བརྟེན། མི་མང་པོས་ཆོས་ལུགས་ཀྱི་གོ་གནས་ལ་དོགས་སློང་བྱེད་པ་ནི་ཡ་མཚན་དགོས་པའི་གནས་ཤིག་མིན། དེ་ལས་ཆོས་ལུགས་ཁག་འདི་འཛམ་གླིང་ལ་མཚོན་ན་གལ་འགངས་ཆེན་པོ་ཞིག་ཡིན་མིན་ལ་མནོ་བསམ་ཞིག་བཏང་ན། <<ཆོས་ལུགས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་>>དུ་“ང་ཚོ་ཇ་མེད་པར་གནས་ཐུབ་ཀྱང་། ཆུ་མེད་པར་གནས་མི་ཐུབ། དེ་ག་ནང་བཞིན་ང་ཚོ་ཐོག་མར་སྐྱེ་དུས་ནས་ཆོས་དང་འབྲེལ་བ་མེད་ཀྱང་། སྙིང་རྗེ་མི་དགོས་པའི་ཐོག་ནས་སྐྱེས་བསྡད་པ་ཞིག་མིན།”གསུངས་པ་བཞིན་ཆོས་ལུགས་མེད་ན་ང་ཚོ་འཚོ་གནས་མི་ཐུབ་པ་དེ་འདྲ་གཏན་མིན་ཞིང་། ཆོས་ལུགས་ཁག་གིས་རྩལ་འདོན་བྱས་པའི་སེམས་ཀྱི་ཡོན་ཏན་ཁག་ནི། ང་ཚོ་འཚོ་གནས་བྱེད་པ་ལ་ཆུ་ནང་བཞིན་མེད་དུ་མི་རུང་བ་ཞིག་ཡིན།
དེར་བརྟེན་བྱམས་པ་དང་སྙིང་རྗེ་སོགས་ཆོས་ལུགས་ཀྱི་ཉམས་ལེན་གཞིར་བཞག་ནས་བསྒྲུབས་ན་འགྲུབ་སླ་ཞིང་ནུས་པ་ཆེ། མ་ཟད་རང་གིས་ལྷག་བསམ་རྣམ་དང་ཀུན་སློང་རྣམ་དག་ཅིག་གི་ངང་ནས་ཉམས་ལེན་བྱས་ན། རང་གི་གོ་རྟོགས་དང་ཉིན་རེའི་ཉམས་ལེན་ཟུང་འབྲེལ་ལ་བརྟེན་ནས་ཆོས་ལུགས་ལ་དད་པ་མེད་མཁན་ཚོ་ལ་ལྟོས་ཏེ། རྐྱེན་ངན་ཆག་སྒོ་ལ་ཚེག་མེད་དུ་གདོང་ལེན་བྱེད་ཐུབ། དེའི་ཕྱིར་འགྲོ་བ་མི་རྣམས་ལ་ཕན་བདེ་སྒྲུབ་པའི་ནུས་པ་ཆེན་པོ་ཞིག་ཆོས་ལུགས་ལ་ཡོད་པ་མ་ཟད། བཀོལ་སྤྱོད་ལེགས་པར་བྱས་ན་ཆོས་ལུགས་ནི་འགྲོ་མིའི་བདེ་སྐྱིད་འཚོལ་སྙེག་གི་ནང་དུ་ཕན་ནུས་ཁྱད་པར་ཅན་གྱི་ལག་ཆ་ཞིག་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་ཡོད།
མདོར་ན་“ཆོས་ལུགས་ཀྱི་སྲོལ་རྒྱུན་གང་ཞིག་ཡིན་རུང་། འདས་པའི་ནང་དུ་མི་ས་ཡ་མང་པོའི་བློ་གཏད་བྱེད་ཡུལ་དུ་གྱུར་པ་དང་། ད་ལྟའང་མི་ས་ཡ་མང་པོའི་བློ་སྟོབས་ཀྱི་འབྱུང་གནས་ཤིག་ཡིན་པར་མ་ཟད། འབྱུང་འགྱུར་ལ་མཚོན་ནའང་། ཆོས་ལུགས་ཁག་གིས་མི་ས་ཡ་མང་པོར་བྱམས་པ་དང་སྙིང་རྗེའི་ལམ་ལ་ཞུགས་པར་སྐུལ་མ་བྱེད་རྒྱུ་ཡིན་པ་གདོན་མི་ཟ་”ཞེས་ཆོས་ལུགས་ནི་ས་སྟེང་འདི་ལ་གལ་འགངས་ཆེེན་པོ་ཞིག་ཡིན་པ་ཤུགས་ལ་བསྟན་ཡོད། ད་དུང་ང་ཚོའི་ཡིད་ལ་ངེས་པ་དགོས་པ་ཞིག་ལ། རྒྱལ་སྲས་ཞི་བ་ལྷས་“ལུས་ཀྱིས་འདི་དག་སྤྱད་པར་བྱ།། ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ།། སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།། ནད་པ་དག་ལ་ཕན་འགྱུར་རམ།།”ཞེས་གསུངས་པ་བཞིན། ང་ཚོས་ཆོས་ལུགས་ཀྱི་རིན་ཐང་རྣམས་སོ་སོའི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་མ་བཏང་བར་སྣང་མེད་དུ་བཞག་ན། དད་པ་ཙམ་གྱིས་ཅི་ཡང་ཕན་གྱི་མེད། དཔེར་ན་སྨན་བཅོས་ལ་མི་བསྟེན་པར་འཆི་བར་ངེས་པའི་ནད་པ་ཞིག་གིས། གསོ་རིག་གི་བརྩམས་ཆོས་ཙམ་བཀླགས་ནས་སྡོད་པ་དང་གཅིག་མཚུངས་ཡིན་ཞེས་དྲན་སྐུལ་གནང་ཡོད།
ཆོས་ལུགས་ཀྱི་མིང་ཐོག་ནས་བྱུང་བའི་རྩོད་རྙོག་གི་འབྱུང་རྐྱེན།
འདས་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་གང་ལ་བལྟས་ཀྱང་། ཆོས་ལུགས་ཀྱི་མིང་ཐོག་ནས་བྱུང་བའི་རྩོད་རྙོག་རྣམས་འབྱུང་ཁུངས་གཙོ་བོ་གཉིས་ཡོད་པར་མཐོང་ཐུབ།གཅིག་ནི་ཆོས་ལུགས་སྣ་མང་གི་རང་བཞིན་ཏེ། ཆོས་ལུགས་ཕན་ཚུན་བར་ལ་གྲུབ་མཐའ་དང་རིག་གཞུང་། མངོན་གསལ་དོད་པོའི་ཉིན་རེའི་འཚོ་བའི་གོམས་སྲོལ་སོགས་ཀྱི་ཁྱད་པར་ཡོད་པས་ཡིན། གཉིས་པ་ནི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་རྒྱབ་ལྗོངས་དང་། ལྷག་དོན་སྒྲིག་འཛུགས་ཀྱི་གནས་རིམ་ནས་འབྱུང་གི་ཡོད་ཅེས་གདམས་ཡོད།
གཞན་ཡང་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོས་སོ་སོའི་ཆོས་ལུགས་ནི་བདེན་པ་ཁོ་ནའོ་སྙམ་ནས། འགྲོ་བ་མིའི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་བདེན་པ་སྣ་མང་དང་། ཆོས་ལུགས་སྣ་མང་གི་ལྟ་བ་ཡོད་པ་ཁས་ལེན་མ་ཐུབ་པས་རེད། མ་ཟད་ཆོས་འབག་གོན་པའི་གང་ཟག་རེ་ཟུང་གིས་རང་ཉིད་ཀྱི་གོ་ས་དང་། དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་ལ་ཞུགས་ནས་སྤྱི་ཚོགས་ཀྱི་སེམས་ཁམས་དཀྲུགས་པ་དང་། ཆོས་ལུགས་གཞན་པར་ཟུར་ཟ་དང་། དམའ་འབེབ་བྱས་པ་སོགས་ཀྱིས་ཆོས་ལུགས་ཀྱི་མིང་ཐོག་ནས་བྱུང་བའི་རྩོད་རྙོག་རྣམས་བྱུང་བ་རེད། མདོར་ན་དེ་དག་ཐམས་ཅད་ཅད་མཐར་དེད་ན་གང་ཟག་སྒེར་སོ་སོའི་ཕྲག་དོག་དང་འགྲན་སེམས། མ་རིག་པ་སོགས་ཀྱིས་བསྐྲུན་པར་བསྙོན་དུ་མེད་དོ།།
ཆོས་ལུགས་མཐུན་སྒྲིལ་བྱེད་ཐབས།
འཛམ་གླིང་ལ་ཆོས་ལུགས་སྣ་ཚོགས་ཤིག་མཆིས་ཤིང་། དེ་དག་ཕན་ཚུན་འཐེན་འཁྱེར་དང་མཐུན་སྒྲིལ་མེད་པའི་རྐྱེན་གྱིས། སེམས་ཅན་གྲངས་ལས་འདས་པ་ཞིག་གི་ཚེ་སྲོག་
འཕྲོག་མྱོང་ཞིང་། ལུས་སེམས་ལ་དཀའ་སྡུག་ཚད་ལས་བརྒལ་བ་བཏང་མྱོང་བ་རེད། དེའི་ཕྱིར། ཆོས་མཐུན་སྒྲིལ་བྱེད་པ་ནི་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧ་ཅང་གལ་ཆེན་དུ་གཟིགས་ནས། ཐུགས་བཞེད་དམ་བཅའ་བཞི་ཡི་ནང་དུ་བཞག་པར་མ་ཟད། ཆོས་ལུགས་མཐུན་སྒྲིལ་སྐོར་ལ་ཁོང་གིས་སྐུ་ངལ་འཛེམ་མེད་ཐོག་ཕྱག་ལས་མཛད་མཐའ་མེད་པ་ཞིག་གནང་བ་འཁོས་ཆུང་ངས་ཐམས་ཅད་ཞུ་ག་ལ་ནུས།
འོན་ཀྱང་ལེའུ་འདིར་ཁོང་གིས་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་ཕྱག་ལས་མཛད་ཚུལ་དང་། ཆོས་ལུགས་མཐུན་སྒྲིལ་བྱེད་ཐབས་སྒོ་སྣ་ཚོགས་ནས་གསུངས་པ་རོབ་ཙམ་ཞིག་རང་གཞན་ལ་ཕན་ཕྱིར་བྲིས་ན། ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་ཡག་ཤོས་ཤིག་ནི། ཆོས་ལུགས་སོ་སོའི་རྗེས་འབྲང་བ་རྣམས་མཉམ་དུ་འཛོམས་ནས་བགྲོ་གླེང་གནང་རྒྱུ་འདི་ཡིན་ཞིང་། བགྲོ་གླེང་དེ་ནི་རྣམ་པ་འདྲ་མིན་བྱས་ནས་འཚོགས་ཆོག་པ་ཞིག་ཡིན། དཔེར་ན་མཁས་པ་ཚོ་འཛོམས་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་ཆ་གླེང་བ་དང་། ཡང་ན་མི་མཐུན་པའི་ཆ་རྣམས་གླེང་ནས་ཕན་ཚུན་རྒྱུས་ལོན་བྱེད་པ། ཡང་ན་ཉམས་ལེན་པ་རྣམས་འཛོམས་ནས་རང་རང་གི་ཉམས་རྟོགས་གླེང་ནས་ཉམས་མྱོང་བརྗེ་རེས་སོགས་བྱེད་པ་ནི། ཆོས་ལུགས་གཞན་གྱི་གསུང་རབ་ལ་རྗེས་སུ་ཡི་རང་བྱེད་པའི་ཕན་ནུས་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་གནང་ཡོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག དཀའ་ཐུབ་ཉམས་ལེན་པ་(ཁ་ཐ་ལི་ཁའི་)གྲྭ་པ་ཐོ་མ་སི་ལ་ཐུགས་འཕྲད་བྱས་པ་ནི། ངོས་ལ་སེམས་ཤུགས་སྤེལ་བྱེད་ཅིག་ཏུ་གྱུར་ཞིང་། དེས་སྟབས་ཀྱིས་ཡེ་ཤེས་ཆོས་ལུགས་ཀྱི་གསུང་རབ་ལ་ལ་གདེང་འཇོག་ཆེན་པོ་ཞིག་སྐྱེས་བྱུང་ཞེས་གསུངས་འདུག དེར་བརྟེན་ཕྱི་ལོ་༡༩༨༦ལོར་དབྱི་ཏྲ་ལེའི་ས་ཆ་སེ་སི་ཟེར་བར། འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཁག་གི་སྐུ་ཚབ་རྣམས་འཛོམས་ནས་འཛམ་གླིང་ཞི་བདེའི་སླད་དུ་སྨོན་ལམ་བརྒྱབ་པ་རེད། ལྷན་འཛོམས་དེའི་ནང་དུ་ཞུགས་མཁན་ཚོར་ཞི་བདེ་དང་གཅིག་སྒྲིལ་གྱི་ཆོད་སེམས་ཇི་ལྟར་བྱུང་བ་དེའི་ཚོད་ཀྱིས་ཆོས་ལུགས་སོ་སོའི་རྗེས་འབྲང་བ་ཚོར་ཕན་ཐོགས་བྱུང་ཡོད།
ད་དུང་ཆོས་ལུགས་སོ་སོའི་རྗེས་འབྲང་བ་རྣམས་མཉམ་དུ་གནས་མཇལ་ལ་འགྲོ་བའི་ཉམས་ལེན་དེའང་ཆོས་ལུགས་མཐུན་སྒྲིལ་ལ་ཕན་ཐོགས་ཤིན་ཏུ་ཆེ། དེར་བརྟེན་ཁོང་འཛམ་གླིང་གི་ཆོས་ལུགས་ཆེན་པོ་ཁག་གི་ལྷ་ཁང་གནས་མཇལ་ལ་བྱིན་ཞིང་། བགྲོ་གླེང་དང་བསམ་ཚུལ་བརྗེ་ལེན་དུས་དང་དུས་གནང་བའི་མཛད་འཕྲིན་བསྐྱངས་པ་རེད། དེ་ལྟར་བརྒྱུད་རིམ་སྣ་ཚོགས་ཞིག་བརྒྱུད་པའི་གྲུབ་དོན་ལ། ཆོས་ལུགས་ཚང་མས་བྱམས་པ་དང་། སྙིང་རྗེ། བཟོད་པ། དགོངས་ཡངས། ཁེངས་སྐྱུང་སོགས་བློའི་ཡོན་ཏན་རྣམས་གཙིགས་ཆེན་དུ་འཛིན་བཞིན་པའི་ངེས་པ་རྙེད་ཡོད། ད་ལྟར་ཆོས་ལུགས་སོ་སོའི་དགེ་མཚན་ཤེས་པར་བྱས་ནས་དག་སྣང་སྦྱོང་བ་ནི་ཆོས་ལུགས་མཐུན་སྒྲིལ་བྱེད་ཐབས་ཡག་ཤོས་དེ་ཡིན་པར་བསྟན་ཡོད།
ཆོས་ལུགས་སོ་སོའི་རྗེས་འབྲང་བ་ཚོས། རང་ཉིད་གང་ལ་ཞུགས་པའི་ཆོས་ལུགས་དེ་རང་ཉིད་ལ་ལྟོས་ཏེ་བདེན་པ་མཐར་ཐུག་ཡིན་པའི་འདུ་ཤེས་འཛིན་ཆོག་ཀྱང་། དེ་ནི་འགྲོ་བ་མིའི་རིགས་ཐམས་ཅད་ལ་མདེན་པ་མཐུར་ཐུག་ཏུ་སྒྲུབ་དགོས་མེད་ལ་སྒྲུབ་ཀྱང་མི་བཏུབ། དེ་ལས་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ཚེ། བདེན་པ་སྣ་མང་ཅན་དང་ཆོས་ལུགས་སྣང་གི་ལྟ་བ་ཡོད་པ་ངེས་ཁེས་ལེན་ཐུབ་དགོས་ཞེས་གསུངས་པ་དེའང། ཆོས་ལུགས་མཉམ་གནས་དང་། མཐུན་སྒྲིལ་གྱི་ངོ་བོ་གཅིག་ཏུ་སྒྲིལ་ཐབས་ཤིག་ཅི་ལ་མིན་ཨང་།
མཆན།• འདི་ནི་ཆོས་གྲོགས་ཤེས་རབ་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་རྩོམ་རྣམས་ལ་འུ་ཅག་གིས་རྒྱུས་ཡོད་བྱེད་དགོས་པའི་བསམ་ཚུལ་ལྷུག་པོར་བརྗོད་པས་མཐུན་རྐྱེན་བྱས་ཏེ་སྔར་ཁོ་བོས་ཀློག་འགོ་བརྩམས་པའི་<<སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་>>གི་དེང་གི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་བྱེད་ལས་ཞེས་པའི་ལེའུ་ལ་བལྟས་པའི་བཀླགས་བྱང་ཙམ་ཡིན།
2020/7/10 ཉིན་བློ་བཟང་རིན་ཆེན་གྱིས་བྲིས།