སྐྱོ་བྲག་དགའ་དབང་།
ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་སུ། །
མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་གྱུར་ཅིང་། །
མ་འདྲིས་འགྲོ་བའི་མཛའ་བཤེས་ཆེན་པོ་བ། །
བཀའ་བརྒྱུད་གྲུབ་པའི་ཚོགས་ལ་གུས་པས་འདུད། །
སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་། །
རྟེན་འབྲེལ་འཛོམས་པའི་ཟབ་གནད་ཀྱིས། །
ཁྱོད་ཀྱི་མཚན་དཔེའི་མེ་ཏོག་ནི། །
གངས་རིའི་ལྗོངས་སུ་འཁྲུངས་པར་གྱུར། །
ཐམས་ཅད་སྐྱེ་བ་འདྲ་ན་ཡང་། །
ཐབས་དང་ཤེས་རབ་འབད་བརྩོན་གྱིས། །
བྱས་རྗེས་ཡོད་མེད་ལ་བརྟེན་ནས། །
མི་བུ་ཆེ་ཆུང་མ་གྱུར་ཏམ། །
གང་གི་སྐུ་ཚེ་རིང་མོ་ལ། །
སྤོང་ཀློག་ལས་ཀྱི་འཁོར་ལོ་སོགས། །
བསྟན་དང་འགྲོ་ལ་ཕན་ངེས་པ། །
མཛད་པ་རྒྱ་ཆེན་ཚར་དུ་དངར། །
འགྲོ་སོང་དཀའ་ཚེགས་གང་ལ་ཡང་། །
འཛེམ་པ་མེད་པའི་བློ་སྟོབས་ཀྱིས། །
བོད་ཀྱི་བཙན་པོའི་རྒྱལ་རབས་དེབ། །
འདི་ཀོ་གཟི་འོད་ཅན་དུ་མཐོང་། །
བན་བོན་གྲུབ་མཐའི་ལྟ་སྣང་གི །
ཞེན་པ་སྲོག་ཏུ་མ་བཟུང་བར། །
སྔོན་བྱུང་ཡིག་ཆ་ཕྱོགས་བསྡུས་པ། །
ཇི་འདྲའི་ཁུངས་ལུང་བཙན་པ་ཨང་། །
ས་ཆ་ཡུལ་རིས་མི་རིགས་དང་། །
འབྱོར་པའི་བཟང་ངན་དམག་གི་དཔུང་། །
ཐབས་ཇུས་ཁྲལ་དང་འུ་ལག་སོགས། །
ཞིབ་རྒྱས་འཁོད་པའི་ལྟད་མོ་མཆིས།
རྒྱལ་རབས་བློན་འབངས་བཅས་པ་ཡིས། །
ཆོས་སྲིད་གང་དང་གང་གི་ནི། །
བྱ་བ་ཅི་དང་ཅི་བགྱིས་པ། །
གསལ་བྱེད་སྔོན་མེད་མེ་ལོང་ཞིག །
ཚིག་དོན་གོ་རིམ་མ་འཛོལ་བའི། །
ལེགས་བཤད་འདི་ཉིད་ཁོ་ནས་ཀྱང་། །
ཁྱོད་ནི་འཛམ་གླིང་མཁས་པའི་ཁྲོད། །
ཉི་མའི་འོད་ཅན་ལྟ་བུར་གྱུར། །
གདོང་དམར་བོད་པའི་རིགས་རྒྱུད་ལ། །
སྟོབས་ནུས་ཇི་ཙམ་ཡོད་པ་ཡང་། །
རང་གཞན་བློ་ཡི་མེ་ལོང་ངོས། །
གཟུགས་བརྙན་འཆར་བའི་སྐལ་བ་བསྐྲུན། །
མ་འོངས་སྲིད་པ་ཇི་སྲིད་བར། །
བོད་ཀྱི་རྒྱལ་རབས་རྨ་མེད་པ། །
སྟོན་པའི་རྡོ་རིང་འགྱུར་ངེས་པས། །
ཁྱོད་ནི་སྐྱེ་བ་དོན་དང་ལྡན། །
ཕྱག་ལས་གང་དང་གང་གནང་བ། །
ཀུན་གྱི་ཏོག་ཏུ་གྱུར་པ་ལ། །
དགའ་བའི་མེ་ཏོག་མི་འཐོར་བ། །
འདི་ན་མཁས་པ་སུ་ཞིག་མཆིས། །
བདག་ཀྱང་གུས་པའི་ཐལ་མོ་བཅས། །
སྐུ་ཚེ་ཞབས་པད་བརྟན་པ་དང་། །
འགྲོ་དོན་ཕྲིན་ལས་འབྱུང་བ་ཡི། །
གསོལ་བ་སྙིང་གི་དབུས་ནས་འདེབས། །
ངོས་འཛིན་གནང་རྗེས་བཙོན་ལ་བཞུགས། །
བཙོན་མཐར་ཐབས་ཀྱིས་བྱེས་ལ་ཕེབས། །
བྱེས་ལ་མ་དགོན་བུ་དགོན་བསྐྱངས། །
སྲོང་བཙན་དཔེ་མཛོད་གསར་རྒྱག་དང་། །
བཙན་པོའི་རྒྱལ་རབས་དེབ་རྒན་བརྩམས། །
ལ་དྭགས་གངས་འཁྱགས་མཆོད་རྟེན་དང་། །
མཉན་ཡོད་ཡུལ་དུ་ལྷ་ཁང་བཞེངས། །
ག་ས་ག་རུ་ཤིང་སྣ་འཛུགས། །
དེ་འདྲའི་ཐབས་མཁས་མཛད་བཟང་མང་། །
ཁྱེད་ཀྱང་༸སྐུ་ཚེ་ཡུན་བརྟན་ཤོག །