གཡུ་སྒང་དགེ་འདུན།
ངས་འདིར་རང་གི་སེམས་ནང་གི་ཚིག་ཁ་ཤས་འབྲི་འདོད་བྱུང་། སྤྱིར་འདི་ངས་འཁྱོངས་མི་འཁྱོངས་བྱས་ཏེ་འབྲི་དགོས་དོན་ནི། དྲ་མིང་ཉག་རུང་བཙན་པོའམ་བློ་དགའ་མིང་ཅན་གྱིས་༢༠༢༠ ཟླ་ ༧ ཚེས་ ༥ རེ་གཟའ་ཉི་མའི་ཉིན་གྱི་སྐད་ཆ་དང་། ཡང་། ༢༠༢༠། ༠༧། ༡༩ རེ་གཟའ་ཉི་མའི་ཉིན་གྱི་སྐད་ཆ་གཉིས་ཀྱི་ཐད་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མང་ཚོགས་ཀྱིས་མ་གོ་མ་ཐོས་མེད་པའི་ལམ་ནོར་ལྡོག་ཤེས་ཀྱི་ལམ་སྟོན་ཞིག་བློ་དགའ་ཅན་ཁོ་ལ་གནང་གི་རེད་བསམ་སྟེ། ཉིན་དེ་རིང་བར་བསྒུགས་ཡིན། ཕྲན་གྱིས་མཛད་གཙོ་རྣམ་པས་ལམ་ནོར་ལྡོག་ཤེས་ཀྱི་ལམ་སྟོན་གནང་ཡོད་པ་གང་ཡང་མ་མཐོང་སྟབས་ད་རེས་འདི་འབྲི་ཁུལ་བྱས་པ་ཡིན། གསལ་པོར་ཞུ་དགོས་པ་ཞིག་ལ་ངས་བྲིས་པ་འདི་མར་ཀློག་དུས་བློ་དགའ་མིང་ཅན་ཁོས་རྒྱལ་དབང་ཡིད་བཞིན་ནོར་བུར་ཟུར་ཟ་དང་བསྙོན་འཛུགས་གང་ཡང་ཞུས་མེད་ཚུལ་བརྗོད་མདོག་ཁ་པོ་རེད། གཡོ་ཁྲམ་རྫུན་གསུམ་གྱི་གཤིས་ཀ་ནི་ཨུ་ཚུགས་ཀྱིས་འཇུན་པར་བྱེད་རྒྱུ་དེ་རེད།
༢༠༢༠ ཟླ་ ༧ ཚེས་ ༥ རེ་གཟའ་ཉི་མའི་ཉིན་གནམ་འོག་གི་གསར་འགྱུར་ཞེས་པའི་གསར་འགོད་པའི་མིང་འཛིན་པ་དྲ་མིང་དུ་ཉག་རོང་བཙན་པོ་དང་མིང་གཞན་སེར་སྨད་བློ་དགའ་ཞེས་སེར་སྨད་གྲྭ་ཚང་གི་མཚན་ཁོ་རང་གི་མིང་མགོར་བེད་སྤྱོད་པ་དེས་༸གོང་ས་མཆོག་ལ་སྒྲོ་སྐུར་བྱས་སྟེ། མ་ཡིན་ཡིན་མདོག་དང་མ་ཤེས་ཤེས་ཁུལ་གྱིས་དབུ་མའི་ལམ་རྒྱལ་བ་རིན་པོ་ཆེའི་དགོངས་པ་མ་རེད་ཅེས་མངོན་སུམ་དུ་བསྙོན་ཡོད། དབུ་མའི་ལམ་ནི། ༸གོང་ས་མཆོག་གི་དགོངས་འཆར་ཡིན་པ་མ་ཟད། ༡༩༧༣ ལོ་ནས་གོ་རིམ་སྒྲིག་ཅིང་ ༡༩༨༧ ལོར་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་པ་ནས་བཟུང་རིམ་བཞིན་བོད་ནང་དུ་གསང་བའི་སྒོ་ནས་བསམ་ཚུལ་བསྡུ་ལེན་དང་བཙན་བྱོལ་དུ་མང་མོས་འོས་མཐོ་ཤོས་ཐོབ་པ་ཡིན། འདི་མངོན་སུམ་དུ་བསྙོན་པ་ཞིག་རེད།
ཡང་། ༢༠༢༠། ༠༧། ༡༩ རེ་གཟའ་ཉི་མའི་ཉིན་གནམ་འོག་གི་གསར་འགྱུར་ཞེས་པའི་གསར་འགོད་པའི་མིང་འཛིན་པ་དེས། ད་དུང་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་ཕན་འབྲས་ཏིལ་འབྲུ་ཙམ་ཡང་མ་བྱུང་བ་ཡིན་ཙང་། ཞེས་མངོན་སུམ་དུ་བསྙོན་པ་བཅས་ཀྱི་ཐད་ལ་རང་ཉིད་ཀྱིས་སྣང་བ་མ་འགྲོ་བའི་ངོས་ནས་ཚིག་ཁ་ཤས་མ་བརྗོད་ཐབས་མེད་རེད། ཁོས་བཤད་པའི་སྐད་ཆ་དེས་བོད་མིའི་རྩ་དོན་ལ་གསོན་ཤུགས་གསར་པ་སྐྱེ་རྒྱུ་ཕར་བཞག བོད་མི་དང་འཛམ་གླིང་གི་དུས་བབ་དང་བསྟུན་པའི་ཐབས་ལམ་འཛམ་གླིང་སྟེང་ཕྱོགས་གང་ནས་གནས་ལུགས་རྒྱུ་མཚན་བརྗོད་ན་སུ་གང་ལའང་མི་གནོད་ཅིང་། རང་མི་རིགས་ལའང་ཕན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ་ཕན་འབྲས་ཏིལ་འབྲུ་ཙམ་ཡང་མ་ཐོན་པར་མཐོང་བའི་མིག་ལོང་གསར་འགོད་བྱེད་མཁན་བློ་དགའ་མིང་ཅན་གྱིས་དེང་གི་དུས་སུ་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་གང་མང་ཞིག་གི་གྲོས་ཚོགས་གོང་འོག་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོའི་སྡིངས་ཆའི་སྟེང་བོད་ཀྱི་གནས་སྟངས་རབ་དང་རིམ་པ་ཞུ་ས་ཡོད་བཞིན་པ་དང་། གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་སྟོན་དང་སྟོན་བཞིན་པ། དཀའ་ངལ་མང་པོ་ཞིག་ལ་གཟིགས་སྐྱོང་གནང་བཞིན་པ་དེ་དག་སྲིད་ཇུས་ཀྱི་ཐབས་བྱུས་གང་གིས་བྱུང་བ་མ་རྟོགས་པ་ཙམ་མ་ཟད། མངོན་སུམ་དུ་བསྙོན་པའི་གཏམ་དེ་དག་བརྗོད་ཐུབ་པ་ངོ་ཚ་དགོས་པ་ཞིག་རེད། ༸གོང་ས་རྒྱལ་བའི་དབང་པོས་དགུང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་བདུན་བར་མི་ལོ་དྲུག་ཅུ་རེ་གཅིག་རིང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཆོས་སྲིད་གཉིས་ཀྱི་འགན་འཁུར་ནས་དཀའ་ངལ་བརྒྱ་ཕྲག་མང་པོར་གདོང་གཏད་ཅིང་། དེའི་སྐབས་ཀྱི་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་འཆར་འདི་འདེམས་པ་རེད་མ་གཏོགས། བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས་འདེམས་པ་ཞིག་གཏན་ནས་མིན། དབུ་མའི་ལམ་གྱིས་ཕན་འབྲས་ཐོན་ཡོད་མེད་ཅེས་པ་དེ་གཡག་སྣ་ཁུ་ཚུར་གྱིས་འབིགས་པའི་བསམ་བློ་བ་ཚོ་ལ་དུས་ནམ་ཡང་འགྲེལ་བཤད་རྒྱག་ས་ཡོད་པ་མ་རེད། དངོས་ཡོད་གནས་སྟངས་ཀྱི་དཀའ་ངལ་ལ་མི་ལྟ་བར་སྐད་ཅོར་དང་གནམ་ལྡིང་བྱེད་མཁན་དག་གིས་ལས་དོན་ལ་བར་ཆད་བཟོས་པའང་ཉུང་ཉུང་མིན། འདི་མཁྱེན་དགོས་པ་ཞིག་རེད།
༸རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནད་ཡོད་མི་སྣའི་ཚོགས་འདུའི་གསང་བའི་ཡིག་ཆའི་ནང་ཞེས་བཀོད་འདུག་ན། སྤྱིར་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཕྱི་གསལ་ནང་གསལ་ཡིན་པ་རེད། ཡིན་ནའང་ཁྱོད་ལ་གསང་བའི་ཡིག་ཆ་དེ་འདྲ་ཞིག་གང་ནས་ལག་སོན་བྱུང་། མི་སུས་སྤྲད་པ་རེད། གལ་སྲིད་གསང་ཡིག་ཅིག་ཡོད་ན་བཀའ་ཤག་གི་ཡིག་ཚགས་ཏུ་ཡོད་དགོས་པ་དང་། ཡང་ན་དགའ་ལྡན་ཕོ་བྲང་གི་ཡིག་ཚགས་སུ་ཡོད་དགོས་པ་ཞིག་རེད། ད་ལྟའི་ཆར་ཁྱོད་ལ་ལག་སོན་བྱུང་བ་ཡིན་པའི་དབང་དུ་བཏང་ན། དཔལ་ལྡན་སྲིད་སྐྱོང་ངམ་བཀའ་དྲུང་གང་རུང་བརྒྱུད་ནས་ལག་སོན་བྱུང་པ་ཡིན་ནམ། ཡང་ན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་གང་རུང་ལས་རག་པ་རེད་དམ། ཡང་ན་གོང་སྨྲས་དེ་གཉིས་གང་རུང་ལ་འབྲེལ་བ་ཡོད་པའི་མི་ཞིག་གིས་བརྐུས་ནས་ཁྱེད་ལ་བཙོང་བ་རེད་དམ། ཨ།
ཁྱེད་ལ་གསང་ཡིག་རག་ཡོད་ན། དེ་ཁྱབ་བསྒྲགས་བྱེད་པའི་ཐོབ་དབང་སུས་སྤྲད་པ་རེད། སྤྱིའི་སྲིད་བྱུས་ཀྱི་ལྟ་བའི་ཐད་ལ་དགའ་དང་མི་དགའི་བསམ་ཚུལ་ཁྱོད་ལ་ཐོབ་དབང་ཡོད་པ་ཆ་བཞག ཡིན་ནའང་ཁྱེད་ཀྱི་གསང་ཡིག་ནང་གི་ཚིག་བེད་སྤྱོད་གཏོང་རྒྱུ་དང་། ཁྱབ་བསྒྲགས་བྱས་ན་དེ་ཧ་ཅང་ཁྲིམས་འགལ་ཆེན་པོ་ཡིན་པ་གསར་འགོད་པ་ཞིག་གིས་མ་ཤེས་པ་ཡིན་རྒྱུ་མ་རེད། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་གསང་བ་ཕྱི་བསྒྲགས་བྱེད་པ་དེ་ཁྲིམས་ཆད་ག་རེ་ཡོད་པ་ཤེས་ཡོད་དམ། ཨ།
ཁྱོད་ཀྱིས་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་ཕན་འབྲས་ཏིལ་འབྲུ་ཙམ་ཡང་མ་བྱུང་བ་དང་། མི་ལོ་བཅུ་གྲངས་མང་པོའི་དུས་ཚོད་བཟང་པོ་ཆུད་ཟོས་སུ་ཕྱིན་པར་ངོས་འཛིན་བྱས་ཏེ་བསྙོན་པའི་སྨྱོ་གཏམ་ཕུ་བསྒྲགས་མདོ་བསྒྲགས་བྱེད་པ་ནི། གཞན་གྱིས་ཆེད་དུ་བསྒྲག་འཇུག་གི་ཡོད་དམ། ཡང་ན་ལུས་སེམས་ལ་གདོན་འདྲེ་ཞུགས་སམ། གང་ལྟར་ཁྱོད་ཀྱིས་དབུ་མའི་ལམ་ཀྱི་སྲིད་བྱུས་ལ་ཕན་མེད་དུ་མཐོང་ནའང་དེ་ནི་ཕན་མེད་ཅིག་གཏན་ནས་མིན་པ་ཟུར་བལྟས་ལེབ་མཐོང་རེད།
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམག་གི་སོ་ཁ་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་ལ་ཉེན་ཚབས་ཆེན་པོའི་སྒོ་ནས་བཙན་བྱོལ་དུ་འབྱོར་བ་རེད། གཞན་སྐལ་རྡོར་ཨ་རིའི་དོན་གཅོད་ཡིན་དུས་དོལ་རྒྱལ་བསྟེན་མཁན་ཞིག་ཡིད་བཞིན་ནོར་བུའི་མདུན་ལ་མཆོངས་ནས་སྐུ་སྲོག་ལ་ཉེན་ཚབས་ཡོང་གྲབ་བྱས་པ་རེད། ན་གནངས་ད་ལོར་བློ་དགའ་མིང་ཅན་ཁྱོད་ཀྱིས་བསྙོན་འཛུགས་ཀྱིས་རྒྱལ་བའི་སྐུ་སྲོག་ལ་ཉེན་ཚབས་བཟོ་བཞིན་པ་འདི་ལས་གཞན་ཅི་ཡང་མི་འདུག དེ་ནས་༸རྒྱལ་བ་རིན་པོ་ཆེའི་བཀའ་ལུང་འདྲེན་བྱེད་ས་བསྡད་མེད་པའི་གནས་བབ་ཞིག་ལ་ང་ཚོའི་སྤྱི་ཚོགས་ཀྱི་མིའི་ཤེས་འཇོན་སོགས་གང་གི་ཐད་ནས་སླེབས་ཐུབ་མེད་པ་དེའང་ཚང་མས་ཤེས་ཀྱི་ཡོད་རེད། ཁྱོད་ལྟ་བུའི་རིགས་ཀྱིས་རྒྱལ་བའི་བཀའ་ལུང་འདྲེན་བྱས་ན་མང་ཚོགས་ལ་མགོ་སྐོར་གཏོང་ས་མི་འགྲོ་བའི་རྐྱེན་གྱིས་ཤི་འཐམ་རོ་འཐམ་བྱས་ནས་འགོག་ཁུལ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ང་ཚོའི་སྤྱི་ཚོགས་འདིར་༸གོང་ས་ཡིད་བཞིན་ནོར་བུའི་བཀའ་གསུང་ཟབ་བརླིང་གསེར་གྱི་རི་བོ་ལྟར་རིན་ཐང་བྲལ་ཞིང་། ཁྱད་དུ་འཕགས་པ་དེ་ལུང་འདྲེན་བྱེད་ས་གང་ཡང་བསྡད་མེད་པའི་གནས་སྟངས་ཤིག་ག་ལ་ཆགས་ཡོད།
འདས་པའི་མི་ལོ་དྲུག་ཅུ་བདུན་ཅུའི་རིང་ཕན་འབྲས་གཡེར་དུ་ཟ་བའི་གྲུབ་འབྲས་དག་དེང་སང་ག་འདྲ་ཆགས་ཀྱི་འདུག ད་ལྟ་སྲིད་དབང་རྩིས་སྤྲད་ཟིན་པའི་རྗེས་ཀྱི་ང་ཚོའི་སྤྱི་ཚོགས་ཀྱི་འཆམ་མཐུན་དང་ནུས་ཤུགས་སོགས་ག་འདྲ་ཆགས་འདུག དེ་ནས་མུ་མཐུད་དུ་ད་ལྟའི་མིག་མཐོང་ལག་ཟིན་གྱི་དཔར་རིས་དག་གིས་མ་འོངས་འབྱུང་འགྱུར་གྱི་གནས་སྟངས་ལ་ག་འདྲ་འབྱུང་མིན་བཅས་ལ་གཞིག་ན། ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དོན་དངོས་ལ་མི་འཚམས་ཀྱང་། ནང་ཁུལ་དཀྲུག་ཤིང་གིས་ལས་དོན་ལམ་སློང་ཡོང་འཇུག་འདོད་ཡོད་པའི་རིགས་རྒྱ་ནག་དང་དོལ་རྒྱལ་ཕྱོགས་གཏོགས་བཅས་ཀྱི་འདོད་པ་དངོས་དེ་རེད།
༡༽ དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱའི་འོག་ལ་མགོ་སྒུར་མིན་གྱི་གནད་དོན་ཞིག་གཏན་ནས་མིན། འཛམ་གླིང་གཅིག་གྱུར་རང་བཞིན་དུ་ཁ་ཕྱོགས་བཞིན་པའི་སྐབས་སུ་འདི་ནི་འཚེ་མེད་ཞི་བ་དང་། མཐུན་སྒྲིལ་གཅིག་གྱུར་གྱིས་རང་གཞན་གཉིས་ལ་ཕན་པའི་ཐབས་ལམ་ལེགས་ཤོས་དེ་རེད། འདི་ལ་ཐོག་མའི་དགོས་འདུན་དོན་ཚན་ལྔ་དེ་དང་། ༢༠༠༨ ལོར་རྒྱ་ནག་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། ཞེས་པ་དེ་དང་། དེའི་རྗེས་ལ་ ༢༠༡༠ ལོའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད། ཅེས་པ་བཅས་གང་ཡིན་ཡང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བཞི་པ། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་དང་འགལ་མེད། ཀླད་པ་སྐྱོན་ཡོད་པའམ་མཁྲིས་པའི་ནད་བྱུང་ཡོད་ན་འཆར་སྣང་དང་ཁ་དོག་ལོགས་སུ་མཐོང་སྲིད་པ་རེད། དེ་མ་གཏོགས་ཨ་མ་དང་མནའ་མ་ནོར་ས་མི་འགྲོ།
༢༽ རྒྱ་ནག་གི་རྩ་འཛིན་ཡིག་ཆ་ཀློག་མ་ཀློག་བཤད་པ་ཡིན་ན། བོད་པ་ཕར་བཞག་རྒྱ་ནག་ཁོ་ཚོའི་ནང་ལའང་ཀློག་མ་མྱོང་མཁན་ཧ་ཅང་མང་པོ་ཡོད་པ་རེད། དབུ་ལམ་སྲིད་བྱུས་ནི། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ཏེ་དོན་སྙིང་ལྡན་པའི་ཐབས་བྱུས་ཧ་ཅང་གཏིང་ཟབ་པ་ཞིག་ཡིན་པ་མ་ཟད། བོད་མི་ཚོ་ལ་རྒྱལ་སྤྱི་གཅིག་སྒྲིལ་རང་བཞིན་གྱི་ལམ་ཁར་ཕྱོགས་བཞིན་པ་གསལ་སྟོན་བྱེད་པའི་སྒྲོན་མེ་ལྟ་བུ་ཡིན། རྒྱ་ནག་དབང་འཛིན་པས་རྡོ་ལག་བརྒྱུད་བྱེད་རྒྱུ་ཕར་བཞག སྲིད་བྱུས་འདི་ལ་རང་བཙན་ཐབས་རྩོད་ལས་ཀྱང་རྒྱལ་སྤྱིའི་སྒང་ལ་ནུས་པ་ཐོན་པའི་ཁྱད་ཆོས་མཐོང་སྟེ། དབུ་མའི་ལམ་གྱི་སྲིད་བྱུས་དང་བསྟུན་ན་ཏང་གི་ལམ་ཕྱོགས་ལ་ངོ་ཚ་གཏད་རྒྱུ་ཉག་གཅིག་ཡིན་པ་ཤེས་ནས་ལག་པ་ཕྱི་ས་དང་ཁ་གཡར་ས་གཞན་མ་རྙེད་པར་བསྙོན་འཛུགས་ཀྱིས་སྐྱོན་བརྗོད་དང་རྒྱང་བཀྱེད་བྱ་བཞིན་པ་རེད། བོད་མི་མང་ཆེ་བ་རྣམས་ལ་མཚོན་ན། ༸གོང་ས་མཆོག་གིས་གསར་བཏོན་གནང་བའི་ཡང་དག་པའི་སྲིད་བྱུས་ཀྱི་ལམ་ཆེན་དུ་བསྐྱོད་ཀྱིན་ཡོད་པ་ལས་གཞན་སུ་གང་གི་མགོ་སྐོར་འོག་ཏུ་ཚུད་མེད། སྤྱི་ཚོགས་ཟིང་སློང་ཞིང་། རྒྱལ་བར་བསྙོན་འཛུགས་དང་སྐྱོན་བརྗོད་བྱེད་པའི་བློ་དགའ་ཅན་དང་འདྲ་བའི་རིགས་རྣམས་དངོས་གནས་རྒྱ་དངའདྲེ་གང་རུང་གི་མགོ་སྐོར་འོག་ཚུད་ཡོད་ཤས་ཆེ།
༣༽ གློས་ལྐུགས་ཤིག་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས། རྒྱ་ནག་གི་སྟོབས་ཤུགས་ལ་འགྱུར་བ་མེད་པར་རྟག་བརྟན་ཞིག་ལ་ངོས་འཛིན་ནམ་ཡང་བྱེད་མྱོང་ཡོད་པ་མ་རེད་ལ། མ་འོངས་པའང་བྱེད་ཀྱི་མ་རེད། དབུ་ལམ་གྱི་སྲིད་བྱུས་ནི་ཕུག་རྒྱང་རིང་བའི་ཐབས་ལམ་ཡག་ཤོས་དེ་རེད། དཔེར་ན། རང་གི་རྒྱལ་ཁབ་རང་གིས་སྐྱོང་མ་ཐུབ་པར་རྒྱལ་ཁབ་གཞན་གྱིས་ཅི་གསུང་བཀའ་སྒྲུབ་བྱས་ནས་སྡོད་དགོས་པའི་རང་བཙན་རྒྱལ་ཁབ་ལྟ་བུ་ལས། སི་པན་གྱི་རང་སྐྱོང་ས་ཁུལ་བ་ས་ཀ་ལྟ་བུ་རང་སྲིད་རང་སྐྱོང་གཙང་མ་ཞིག་བྱུང་ན་ཡག་གི་རེད།
༤༽ དུས་གཏན་ཏུ་གུང་ཁྲན་ལ་རེ་བ་བཅིངས་ན་དོན་སྙིང་ཡོད་མེད་ཅེས་པ་དེ་སུ་གང་གིས་ཀྱང་བཤད་དཀའ། འཛམ་གླིང་ཁྱོན་ཡོངས་ལ་གཅིག་སྒྲིལ་རང་བཞིན་གྱི་འགྱུར་བ་ཆེན་པོ་ཞིག་བྱུང་ན་རྒྱ་ནག་ཡང་རང་འཇགས་བསྡད་ས་ཞིག་ལྷག་མེད། ང་ཚོ་བྱིས་པ་ཡིན་དུས་ནས་ད་ལྟ་བར་དུ་ཕྱི་མིག་གཅིག་བལྟས་ན་རྒྱ་ནག་ལ་འགྱུར་བ་ཕྱིན་ཡོད་ལ། དེ་ལས་ཀྱང་ང་ཚོ་བཙན་བྱོལ་བའི་ཁྲོད་དུའང་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་བཤད་མི་དགོས་པ་ལྟར་རེད། དཔེ་དེ་བཞིན་ཞི་བའི་གྲོས་འཆར་དགོས་འདུན་དོན་ཚན་ལྔ་དང་། དེ་ནས་རྒྱ་ནག་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར། དེ་རྗེས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་འགྲེལ་བརྗོད་བཅས་ནི་དུས་གཏན་དུ་རྒྱ་ནག་ལ་རེ་བ་བཅིངས་ནས་སྤྲད་པ་ཞིག་གཏན་ནས་མིན། རང་གཞན་མི་རིགས་དང་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་ཐུབ་པའི་ཐུགས་བསམ་སྒམ་པོ་ཞིག་གི་ཐོག་ནས་མང་མོས་ཚད་མཐོ་རང་བཞིན་གྱི་ཐོག་ནས་གཏན་ལ་ཕབ་པའི་སྲིད་བྱུས་འདི་རྒྱ་ནག་ལ་རེ་བ་བཅིངས་ནས་བསྡད་ཡོད་པ་ཞིག་གཏན་ནས་མིན་པ་ཤེས་དགོས།
༥༽ བོད་ནང་རང་ལུས་མེར་བསྲེགས་གནང་མཁན་གྱི་དཔའ་བོ་དཔའ་མོ་བརྒྱ་ཆའི་གོ་གྲངས་ཀྱི་འབོད་ཚིག་གཙོ་བོ་ནི་༸རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་རིགས་ལ་རང་དབང་དགོས་པ་བཅས་རེད། བློ་དགའ་ཅན་གྱིས་ཀྱང་འབོད་ཚིག་མང་ཆེ་བའི་ནང་དོན་ལ་ཉན་ཡོད་རྒྱུ་རེད། རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་གཏོང་བ་དེ་སེལ་དགོས་ན། དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་ཅི་ཡང་ལྷག་མེད། བོད་རང་བཙན་འཐབ་རྩོད་ཀྱི་ངོས་ནས་མཚོན་ན། བོད་པ་རང་ངོས་ནས་རང་བཙན་ཡིན་པའི་ཁུངས་ལུང་ཡོད་པ་དངོས་ཡོད་རེད། ཡིན་ནའང་དེང་སྐབས་རང་ངོས་གཅིག་པུ་ལ་ཡོད་པའི་མི་ཆོག་པར་རྒྱལ་སྤྱིའི་རང་བཞིན་གྱི་ཁུངས་ལུང་ཡོད་པའི་ཡིག་ཆ་དགོས་པའི་རྐྱེན་གྱིས་ང་ཚོ་ལ་མཚོན་ན། དཀའ་ངལ་ཆེ་སར་འཕྲད་བཞིན་པའི་གནད་འགག་དེ་རེད། དེ་མ་གཏོགས་བོད་མིའི་འགོར་ཆག་འཇིག་འདི་འདྲ་ཡོང་དགོས་དོན་མེད་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་རྒྱ་ནག་ལ་བཏོན་དགོས་དོན་མེད། དབུ་ལམ་སྲིད་བྱུས་འདི་མི་མང་བརྒྱ་ཆའི་ཚད་མཐོ་ཤོས་ལ་འགྲེལ་བཤད་རྒྱག་མི་དགོས་པར་རང་འགན་རང་གིས་ཁུར་ཏེ་ཨུ་ཐུག་རང་བཞིན་གྱི་སྲིད་བྱུས་ཤིག་མིན་པ་ཤེས་རྟོགས་བྱུང་ནས་སྲིད་བྱུས་འདིར་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་བྱས་པ་ཞིག་རེད་མ་གཏོགས། བཙན་སྐུལ་དང་གཡོ་ཁྲམ་སོགས་བེད་སྤྱད་དེ་གཏན་འབེབས་བྱས་པ་མིན་སྟབས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་དགོས་དོན་མེད།
༦༽ གཞི་མེད་བསྙོན་འཛུགས་ཀྱི་རྙོག་གཏམ་མ་བྱས་ན་བཟང་། དེས་སྤྱི་ཚོགས་དང་ལས་དོན་གང་གི་ཐད་ལ་ཕན་ཐོགས་པ་ལས་སྐྱོན་རྒྱག དབུ་མའི་ལམ་གྱི་སྲིད་བྱུས་ནི་རྒྱལ་ཁབ་དང་མི་རིགས་ཤིག་གི་དཀའ་ངལ་སེལ་ཐབས་ཡིན་པ་ལས་མི་སྒེར་རམ་ཁྱིམ་ཚང་སྒེར་བའི་བདེ་སྡུག་གི་དོན་དག་གཏན་ནས་མིན། མི་སྒེར་དང་ཁྱིམ་ཚང་ཞིག་གི་ཆེད་ཡིན་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གཞུང་འབྲེལ་རང་བཞིན་གྱིས་ལྷག་བསམ་རྣམ་དག་གིས་རྒྱབ་སྐོར་བྱེད་མཁན་དག་ལྐུག་པ་གཏན་ནས་མིན་ལ། དེ་དག་གིས་རྒྱབ་སྐྱོར་གནང་བའི་སྐོར་ལ་ཞིབ་ལྟ་བྱོས་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་མི་སྒེར་དང་ཡབ་གཞིས་ཁྱིམ་ཚང་ཞིག་གི་ཆེད་མིན་པ་ཧ་ཅང་གསལ། དེ་ལ་ཁུངས་བཙུན་དང་མི་བཙུན་ཞེས་འགྲེལ་བཤད་རྒྱག་དགོས་པ་ཏིལ་འབྲུ་ཙམ་ཡང་མེད། ག་ཕྱི་ལོག་པའི་གཏམ་རྐྱང་རྐྱང་བཤད་ན། ཨ་མའི་མགོ་བཅད་དེ་ཁྲིམས་ཁར་ལྷུང་དུས་རྒྱུ་མཚན་ཡོད་པའི་འགྲེལ་བཤད་རྒྱག་ཁུལ་བྱེད་ཀྱི་ཡོད་པ་དང་འདྲ།
༧༽ དུས་ནམ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྟ་ལམ་བོང་བུས་བཀག་མེད་ལ། མི་ལོ་བཅུ་གྲངས་མང་པོའི་རིང་བོད་ཀྱི་གནད་དོན་འཐུས་ཤོར་ལའང་བཏང་མེད། ༡༩༧༣ ནས་འགོ་བརྩམས་ཏེ་ཕྱི་ལོ་ ༢༠༡༡ བར་༸གོང་ས་ཡིད་བཞིན་ནོར་བུས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐོག་ནས་འགན་དབང་བཞེས་པའི་སྐབས་སུ་ཕྱི་ནང་གསང་གསུམ་ནས་སྐྱབས་བཅོལ་བ་གཞན་དང་བསྡུར་ན་མ་འདྲ་བའི་འབུར་དུ་ཐོན་པའི་གྲུབ་འབྲས་བརྗོད་མཐའ་བྲལ། མགོན་པོ་གང་གིས་ཐུགས་ཀྱི་དམ་བཅའ་རེ་རེར་དང་། མཛད་འཕྲིན་རེ་རེར་རྒྱ་ནག་སྐྲག་ནས་མི་བཤད་དགུ་བཤད་བྱེད་དགོས་ཀྱི་ཡོད་པ་ས་རིས་ཐང་གསལ་ཡིན། ༢༠༡༡ ནས་ ༢༠༢༠ བར་ལོ་ངོ་འདི་དག་རིང་ལའང་གཞུང་དམངས་གཉིས་ཀྱི་ངོས་ནས་ཀྱང་སྲིད་བྱུས་འདི་རང་གི་སྒང་བསྐྱོད་ཀྱི་ཡོད་ལ། ཕན་འབྲས་ཀྱང་གྲངས་མེད་བྱུང་ཡོད། མིག་ལྡན་གཡེང་མཆོང་གིས་ལོག་ལྟ་མཆོག་འཛིན་དུ་གྱུར་པའི་རིགས་དེ་དག་ལ་བྱེད་ཐབས་གང་ཡང་མེད། མི་མང་པོས་གསལ་པོ་མཐོང་བཞིན་པ་ནི། ད་ལྟའི་སྐབས་འདིར་བོད་གཞུང་དམངས་གཉིས་ཀྱི་སྲིད་བྱུས་དབུ་མའི་ལམ་དང་རྒྱལ་དབང་ཡིད་བཞིན་ནོར་བུར་བསྙོན་འཛུགས་བྱེད་མཁན་བློ་དགའ་ཅན་ཁྱོད་དང་ཁྱོད་འདྲ་བས་རིགས་ཡིན་ལ། ཁྱོད་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་བསྙོན་འཛུགས་སོགས་ཀྱིས་གོ་སྐབས་འཇུས་ཏེ་བར་ཆད་བཟོས་བས་བྱས་ཉེས་ཀྱི་འགན་ཆ་ཚང་ཁྱོད་རང་གིས་འཁུར་དགོས།
༨༽ དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་སྤྲང་པོས་ལྟོ་སློང་སློང་བྱས་པའི་ཁྱད་ཆོས་དེས་ལག་པ་ཡ་གཅིག་བཟེད་ས་དེ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་ཆགས་ཡོད་པ་ཞིག་ཡིན་ན། དེ་ལས་བྱུང་བའི་རོགས་དངུལ་བློ་དགའ་མིང་ཅན་ཁྱོད་ཀྱིས་ཀྱང་ལོ་མང་པོ་རིང་ལོངས་སུ་སྤྱད་ཡོད་པས་དེ་འདྲ་བཤད་རྒྱུ་ངོ་མི་ཚ་བ་ཨོ་ཞིག་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཡིན་ན་འདྲ། རང་བཙན་རྩོད་མཁན་ཡིན་ནའང་འདྲ་རྒྱལ་སྤྱིའི་རོགས་སྐྱོར་ལ་བརྟེན་དགོས་པ་རེད། མ་བརྟེན་ཐབས་མེད་རེད། ང་ཚོ་སྐྱབས་བཅོལ་བ་ཨ་ཅང་ཅང་། སོ་སོ་རྒྱལ་ཁབ་ཡོད་པ་བལ་ཡུལ་ལྟ་བུར་ཆ་བཞག་ནའང་ཕྱིའི་རྒྱལ་ཁབ་ཀྱི་རོགས་སྐྱོར་རང་ལས་ཁོ་ཚོས་གང་ཡང་སྐྱོང་ཐུབ་ཀྱི་མེད་པ་གསལ་པོ་རེད། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་དབུ་མའི་ལམ་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་དག་གིས་གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཐད་འགྱུར་བ་བྱུང་མེད་ལ། རྒྱལ་ཁབ་དེ་དག་རྒྱ་ནག་ལ་ངོ་ཡང་ལོག་ཟིན་མེད་ལ། ལག་པ་ཡ་གང་ཡང་ཆད་མེད་པའི་རྐྱེན་གྱིས་ཚོར་བ་ཡོང་ཐབས་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་ཡ་མཚན་གང་ཡང་མིན། རང་གི་མིས་ཁ་འདྲ་མིན་སྣ་ཚོགས་ལ་འཁྱེར་ནས་རང་གི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལ་རྒྱབ་འགལ་དང་བླ་ན་མེད་པའི་དབུ་ཁྲིད་ལ་བསྙོན་འཛུགས་བྱས་ན་ཚོར་བ་ཆེས་ཤོས་དང་འཇིགས་དངངས་ཆེ་ཤོས་དེ་ཡིན་པ་རེད།
༩༽ དགུང་ལོ་ ༡༦ ནས་ ༨༥ ད་ལྟའི་བར་༸གོང་ས་ཡིད་བཞིན་ནོར་བུས་བོད་མི་མང་བློས་བཏང་མྱོང་མེད་པ་ཙམ་མ་ཟད། བོད་ཀྱི་ལོ་རྒྱུས་ལ་འགན་བླངས་ཡོད་ལ། བོད་ཀྱི་རྩ་དོན་ལའང་འགན་འཁུར་ཡོད། དེ་དག་ལ་ཁུར་བླངས་ཡོད་པའི་རྐྱེན་གྱིས་རྒྱལ་སྤྱིའི་སྒང་དུ་ཏཱ་ལའི་བླ་མ་དང་བོད་ཅེས་བརྗོད་དུས་ཆབ་སྲིད་མི་སྣ་མཐོ་གྲས་ཤིག་ཡིན་ན་མི་མཁྱེན་མཁན་མེད་ལ། འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་པ་དེ་དག་ཀྱང་ཡོད་ཚད་ལ་འགན་བཞེས་པས་བྱུང་བ་དཔེ་མཚོན་ཙམ་ཡིན། སྣང་བ་མི་འགྲོ་མཁན་སུ་ཡོད་ན་དེའི་ལུས་ངག་ཡིད་གསུམ་གདོན་གྱིས་བསླུས་ཡོད་པ་ཤ་སྟག་ཡིན། ཨ།
༡༠༽ བོད་ཀྱི་འབངས་མི་སེར་ལ་ལྟོ་གོས་གཏམ་གསུམ་ལ་གྱོང་གཏོང་བ་དང་། བོད་དོན་འཐབ་རྩོད་ལ་ངར་ཤུགས་ཅན་དང་། གཏོང་ཕོད་ཅན། སྙིང་སྟོབས་ཅན་དག་བློས་གཏོང་རྒྱུ་སོགས་ཕར་བཞག ༸གོང་ས་ཡིད་བཞིན་ནོར་བུས་དགུང་ལོ་ ༡༦ ནས་ ༨༥ བར་བོད་ཕྱི་ནང་གཉིས་གཙོར་གྱུར་པའི་བོད་མི་རིགས་ཀྱི་ཆེད་དུ་དབུ་མའི་སྲིད་བྱུས་ཀྱི་ཐབས་ལམ་འདི་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་གསལ་ཕྱིར་དཀའ་སྡུག་གང་ལའང་མགོ་མ་སྒུར་བར་རྒྱལ་སྤྱིའི་ངོས་ལེན་ཐུབ་པའི་ཐབས་ལམ་འདིའི་སྒང་ནས་བསྐྱོད་པ་རེད་མ་གཏོགས། ལས་དོན་ལ་རྒྱལ་སྤྱིའི་ངོས་ལེན་མི་ཐུབ་པ་ཞིག་ལ་ཨུ་ཚུགས་བརྒྱབ་ནས་དུས་ཚོད་རྫོགས་བཅུག་བསྡད་པ་ལྟ་བུ་མ་ཡིན་པ་ཕྱི་གསལ་ནང་གསལ་ཡིན་པ་ལ་དེ་འདྲ་བསྙོན་དགོས་དོན་ཅི་ཡིན་ནམ།
༡༡༽ བོད་ཀྱི་བདེན་མཐའ་གསལ་དགོས་ན། རྒྱབ་སྐྱོར་བྱེད་མཁན་དགོས་པ་སུ་ཡིན་ནའང་ཁས་ལེན་དགོས་པ་རེད། དེར་བརྟེན་ང་ཚོའི་སྒྲིག་འཛུགས་ཀྱི་སྲིད་བྱུས་རང་བཙན་འཐབ་རྩོད་པ་ཡིན་ན། དེང་སྐབས་ཕལ་ཆེར་ང་ཚོ་ས་ཆུ་ལ་ཐིམ། ཆུ་རླུང་ལ་ཐིམ་བསྡད་ཡོད་རྒྱུ་རེད། ང་ཚོ་བོད་པ་རང་ལ་མཚོན་ན་དེ་དོན་དངོས་ཡིན་ནའང་། རྒྱལ་སྤྱི་དང་ཐ་ན་སྐྱབས་བཅོལ་དུ་སྡོད་ཡུལ་རྒྱ་གར་ལྟ་བུར་མཚོན་ནའང་ནེ་ཧ་རུས་ཁ་གསལ་པོ་བྱས་ཏེ་བཤད་ཡོད་པ་རེད། ང་ཚོ་ལ་མཚོན་ན་དོན་དངོས་རེད་དེ། གནས་ཡུལ་རྒྱལ་ཁབ་ལ་མཚོན་ན། དེས་གནོད་པ་ཐེབས་ན་ང་ཚོར་རོགས་པ་བྱེད་དམ་མི་བྱེད། ཐ་ན་ང་ཚོ་སྡོད་འཇུག་གི་རེད་དམ་མ་རེད། འདི་ཡང་བསམ་བློའི་ནང་ལ་འཁོར་ཨེ་མྱོང་། ༸གོང་ས་ཡིད་བཞིན་ནོར་བུས་ཕྱོགས་བཞི་མཚམས་བརྒྱད་དང་བོད་ཕྱི་ནང་གཉིས་ལ་གཟིགས་ཏེ། འཛམ་གླིང་གི་འགྲོས་དང་བསྟུན། ཁོང་གིས་ཐུགས་མྱོངས་སོགས་ཕྱོགས་ཡོངས་ལ་ཐུགས་ཞིབ་ནན་པོ་བཏང་སྟེ་གསུང་བའི་དབུ་མའི་ལམ་གྱི་དགོངས་འཆར་སྲིད་བྱུས་ མང་མོས་དང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་རང་བཞིན་གྱི་སྲིད་བྱུས་འདི་ལ་བརྟེན་ནས་རྒྱལ་སྤྱི་དང་གནས་ཡུལ་རྒྱལ་ཁབ་གང་ཡིན་ནའང་ཐུགས་ཁུར་གནང་གི་ཡོད། སྐྱབས་བཅོལ་གཞན་དང་བསྡུར་ན། ང་ཚོའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་གོམ་པ་རིམ་འཛེགས་ཀྱིས་ཕྱག་ལས་གནང་བའི་གྲུབ་འབྲས་རྒྱ་མཚོ་ལས་གཏིང་ཟབ་ཅིང་རི་བོ་ལས་དཔངས་མཐོ་བ་བྱུང་ཡོད་ལ། བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་བོད་མི་ནང་ཁུལ་རྡོག་ལ་སྒྲིལ་པོ་བཟོ་བའི་ཐབས་ལམ་ཤིག་ཡིན་པ་མ་ཟད། སྲིད་བྱུས་འདིས་བོད་མི་ནང་ཁུལ་དུམ་བུར་བཏང་བ་གཏན་ནས་མེད། ད་ལྟ་བར་དུ་རྒྱའི་ལག་ཆ་ཞིག་ཏུ་གྱུར་མེད་ལ་མ་འོངས་པར་ཡང་འགྱུར་མི་སྲིད།
༡༢༽ དབུ་མའི་ལམ་གྱི་སྲིད་བྱུས་ནི། བོད་རྒྱ་གཉིས་ཕན་ཙམ་མ་ཟད། འཛམ་གླིང་སྤྱི་ལའང་ཕན་ཐོགས་ཡོད་པ་ཞིག་རེད། བོད་ལ་མཚོན་ན། བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་གཙང་མ་ཞིག་རག་ན་ང་ཚོར་ཕན་པ་ག་འདྲ་ཞིག་ཡོད་མེད་བཤད་མི་དགོས་པ་ཞིག་རེད། རྒྱ་ནག་ལའང་བོད་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཐོག་ཁེ་ཕན་ཞིག་ཡོད་པའི་རྐྱེན་གྱིས་ཁོ་ཚོ་ལའང་ཕན་པ་ཡོད་པ། རྒྱ་ནག་ནང་ཁུལ་གྱི་རྙོག་དྲ་ལའང་ཉུང་དུ་འགྲོ་བའི་ཕན་པ་ཡོད། འཛམ་གླིང་སྤྱི་ལ་མཚོན་ན། སྦོ་ན་གྷ་ཝ་ཇིས་(ABCK)ཞེས་པའི་བསམ་ཚུལ་འཁོད་པ་གོ་མྱོང་ཡོད་ཤག ༸གོང་ས་མཆོག་གིས་གུ་ཡངས་ཀྱི་ཐུགས་བསམ་བཞེས་པ་འདིས་འཛམ་གླིང་སྤྱི་ལའང་ཞི་བདེ་དང་བོད་ཀྱི་བཟང་སྤྱོད་སོགས་ཀྱིས་ཕན་ནུས་ཆེན་པོ་བསྐྲུན་ཐུབ་པའི་རེ་བ་ཡོད་པ་སོགས་ཟུར་བལྟས་ལེབ་མཐོང་རེད། རྒྱ་ནག་ལ་ཕན་པ་སྒྲུབ་དགོས་པའི་ལས་དེ་ཁྱོད་རང་ལ་སུས་སྤྲད་སོང་། ཞེས་༸གོང་ས་མཆོག་ལ་སུས་སྤྲད་དང་མ་སྤྲད་དྲི་བ་དེ་ངོ་ཚ་དགོས་པ་ཞིག་རེད། བོད་ཀྱི་དམག་ཁུལ་རྒྱ་ལག་ཏུ་ཤོར་བའི་རྗེས་སུ་༸གོང་ས་ཡིད་བཞིན་ནོར་བུ་དགུང་ལོ་ ༡༦ ཐོག་སྲིད་དབང་སྤྲད་པ་ངེས་པར་དུ་ཤེས་དགོས་པ་ཤིག་རེད། དེར་བརྟེན། དཔེར་ན། མི་ཧམ་པ་ཅན་ཞིག་གི་ལག་ཏུ་དབང་ཤོར་ཕྱིན། ཁྱོད་ཀྱིས་དེར་བསྟུན་ཤེས་ཏོག་ཅིག་མ་བྱས་ན། ཁྱོད་ལ་ཚུར་ཁེ་སང་མི་སྟེར་བ་ཆོས་ཉིད་རེད། ཕ་བྱམས་བུར་བསྟུན་གྱི་དཔེ་ལྟར་ཕན་ཚུན་གཉིས་ལ་ཁེ་ཕན་ཡོད་པ་ཞིག་བྱེད་རྒྱུ་ལས་བཙན་ཤེད་བྱེད་པར་ཁྱེད་ལ་དཔུང་ཤུགས་དང་རྒྱབ་རྟེན་གང་འདྲ་ཡོད། ཁྱོད་ཀྱིས་ཕར་ཕྱོགས་ལ་ཕན་པ་རྐང་གཅིག་མ་བསྒྲུབ་པར་རང་གི་ལུང་བ་ལེན་པའི་ཆ་རྐྱེན་དང་ནུས་ཤུགས་ག་རེ་ཡོད། འདི་དག་ཐད་བསམ་བློ་བཏང་ཡོད་དམ།
༡༣༽ དབུ་མའི་སྲིད་བྱུས་ལས་ལྷག་གི་རེ་བ་ཞིག་ང་ཚོར་ལྷག་མེད་པ་གསལ་པོ་རེད། ཡིན་ནའང་ཧོང་ཀོང་ནི་མ་གཞི་ནས་རྒྱ་མི་རང་ཡིན་པས་དེ་ང་ཚོ་དང་བསྡུར་ཐབས་མེད། ཧོང་ཀོང་དང་ང་ཚོ་མི་རིགས་དང་གོམས་གཤིས། སྐད་དང་ཡི་གེ་སོགས་ཐ་དད་ཡིན་པ་ཤེས་དགོས། དེའི་ཆ་ནས་ང་ཚོའི་རང་སྲིད་རང་སྐྱོང་དང་ཁོ་ཚོའི་བར་ལ་ཁྱད་པར་ཆེན་པོ་ཡོད། དེའི་རྐྱེན་པས་རྒྱ་ནག་གིས་ཧོང་ཀོང་དང་ཨོ་མིན་ལ་དོགས་གཞི་ཆུང་བ་དང་། ང་ཚོར་དོགས་པ་ཆེ་བ་ཡོད་པ་དེས་རྒྱུ་རྐྱེན་གཙོ་བོ་ཤེས་དགོས་པ་གལ་གནད་རེད།
༡༤༽ དབུ་མའི་ལམ་ནི་༸གོང་ས་རྒྱལ་བའི་དབང་པོས་གུ་བཤངས་ཀྱི་དགོངས་པ་ཡིན་ཞིང་། ཁ་གཡར་ས་སྣ་ཚོགས་འཚོལ་ཏེ་མངོན་སུམ་དུ་བསྙོན་ཞིང་སྐུར་འདེབས་བྱེད་མཁན་དག་ནི་ར་བཟི་ངོ་མ་དེ་ཡིན། ཁོང་གིས་བོད་ཀྱི་ལོ་རྒྱུས་ལ་སྙིང་པོ་མེད་པ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་མེད་པ། བོད་མི་མང་ལ་ནུས་པ་མེད་པའི་དགག་པ་ནམ་ཡང་གནང་མྱོང་མེད་ལ། རང་བཙན་འཐབ་རྩོད་པ་བོད་ཀྱི་གཞོན་ནུའི་ལངས་ཕྱོགས་ལའང་༸གོང་ས་མཆོག་ཁོང་གིས། “གཞོན་ནུའི་ལངས་ཕྱོགས་དེ་ཏཱ་ལའི་བླ་མའི་སྲིད་བྱུས་དང་མི་འདྲ་བ་རང་བཙན་གཙང་མའི་ཐོག་ལ་འགྲོ་གི་ཡོད་པ་ཡོངས་གྲགས་རེད། དེ་ཡག་པོ་རེད། དགའ་བསུ་ཡོད། ང་ཚོ་མང་གཙོའི་ལམ་ལ་འགྲོ་གི་ཡོད། གཏམ་བརྗོད་རང་དབང་རེད། སོ་སོ་སོ་སོས་བསམ་ཚུལ་འདྲ་མི་འདྲ་བཏོན་དགོས། བསམ་ཚུལ་འདྲ་མི་འདྲའི་ཐོག་ནས་རྩོད་གླེང་བྱས་པ་ཡིན་ན་ཕན་ཚུན་ཚང་མར་བློ་སྐྱེས་གོང་འཕེལ་འགྲོ་རྒྱུ་དང་། ཉམས་མྱོང་དང་། གནད་འགག་གསར་པ་ཤེས་རྒྱུར་ཕན་ཐོགས་ཡོང་གི་རེད།” ཅེས་གསུངས་པ་འདིས་བསྡོམས་གསལ་པོ་བརྒྱབ་ཡོད། དོན་ཆེ་ཆུང་ཆ་ནས་བཤད་ཀྱང་། ཡིད་བཞིན་ནོར་བུ་ཁོང་གིས་བོད་ཀྱི་རིག་གཞུང་རྩ་ཆེར་བཟུང་ཡོད་ལ། གོའུ་དམ་པའི་ནང་ཆོས་ཀྱང་རྩ་ཆེར་བཟུང་ཡོད། བོད་ཀྱི་སྐད་ཡིག་རིག་གཞུང་འདི་མེད་ན་གོའུ་དམ་པའི་ནང་ཆོས་ད་ལྟའི་འདི་འདྲའི་གཏིང་ཟབ་ཅིག་བྱུང་མེད་ལ། གོའུ་དམ་པའི་ནང་ཆོས་བོད་ལ་དེ་འདྲའི་གཏིང་ཟབ་ཅིག་དར་ཐུབ་མེད་ན་བོད་ཀྱི་སྐད་ཡིག་རིག་གཞུང་ཡང་དེང་སྐབས་བེད་མེད་སྐད་ཡིག་གི་ཁོངས་སུ་བཞུགས་ཡོད་པས་གོའུ་དམ་པའི་ནང་ཆོས་རྩ་ཆེར་བརྩིས་ན་མ་ཆོག་པ་གང་ཡང་མེད།
༡༥༽ ཕྱི་ལོ་ ༢༠༠༨ ལོ་ནས་ཤེས་ལྡན་རྒྱ་རིགས་མང་པོས་བོད་རྒྱ་ཞི་མོལ་སྐོར་ལ་སྙན་ཞུ་མང་པོ་ཞུས་ཡོད་པ་དེ་དབུས་བོད་མའི་མཛད་གཙོ་རྣམ་པས་གསུངས་པ་དག་ཁྱེད་ཀྱིས་སྐྱག་རྫུན་ལ་བརྩི་གི་ཡོད་དམ།
༡༦༽ དབུ་མའི་ལམ་གྱི་སྲིད་བྱུས་ནི། རྒྱ་ནག་གིས་བཙན་དབང་འོག་ཡོད་པའི་བོད་ཆོལ་ཁ་གསུམ་གྱི་ས་ཁོངས་ནས་མི་མང་གང་འཚམས་ཤིག་གི་བསམ་ཚུལ་བསྡུ་ལེན་དང་། བཙན་བྱོལ་ཁྲོད་ཚད་མཐོའི་མང་མོས་ཀྱི་ཐོག་ནས་ཐོབ་པའི་སྲིད་བྱུས་ཡིན་པས། འདི་ལ་དབུ་ལམ་སྲིད་བྱུས་འདེམས་ཀྱི་ཡིན་དང་མང་གཙོ་འདེམས་ཀྱི་ཡིན་ཞེས་པ་ནི་དབུ་ལམ་གྱི་བྱུང་ཚུལ་ལ་མ་བལྟས་པར་བཤད་པའམ། སྲིད་བྱུས་འདིའི་དགོངས་དོན་གཙོ་བོ་མང་གཙོ་ཡིན་པ་དེ་མིན་པར་སྒྲུབ་ཁུལ་གྱིས་ག་ཕྱི་ལོག་པའི་ཀུན་སློང་ཅན་ཡིན་ན་མ་གཏོགས། སྐད་ཆ་དེ་ཡོང་ས་ཞིག་ལྷག་མེད།
༡༧༽ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་རྒྱ་གར་དུ་སྐྱབས་བཅོལ་ལ་མ་འབྱོར་སྔོན་ཙམ་ལ་རྒྱ་གར་དུ་ཡོད་པའི་བོད་པ་ཚང་མའི་ལག་གི་གནས་སྡོད་ཆོག་པའི་ཡིག་ཆ་ཚང་མ་བླངས་ཏེ་ཕྱིར་བོད་ལ་འདེད་རྩིས་བྱས་པ་དང་། ༸གོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་བ་དང་ཕྱིར་ཡིག་ཆ་ཚང་མ་སྤྲད་པའི་གནས་སྟངས་དེ་ངེས་པར་དུ་དྲན་དགོས་པ་ཞིག་ཡིན། ད་ལྟ་ང་ཚོ་མིའི་ལུང་པར་རང་བཙན་རྒྱལ་ཁབ་ཅིག་ལ་ལྷན་ཁང་ཅི་ཡོད་དེ་ང་ཚོའི་སྐྱབས་བཅོལ་བའི་སྒྲིག་འཛུགས་འདིར་འཛོམས་ཡོད་ལ། མང་གཙོའི་རྒྱལ་ཁབ་ཅིག་གི་གྲོས་ཚོགས་དང་འཛིན་སྐྱོང་སྟངས་འཛིན་བྱེད་ཕྱོགས་ཚང་མ་མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཡོད་པ་དང་། ཁྲིམས་ཀྱི་མདུན་སར་འགོ་བཀའ་ཤག་དང་འབངས་མི་སེར་བར་ལའང་ཁྱད་པར་མེད་པར་དྲང་བཞག་གིས་ཐག་གཅོད་བྱེད་ཡུལ་ཡོད་པ་འདི་དག་མི་གཅིག་གི་མཛད་འཕྲིན་དང་འབྲེལ་བ་མེད་བསམ་མཁན་དག་ནི། དྲིན་ཅན་ཕ་མ་ཡིན་ཡང་དྲིན་ལན་ལོག་འཇལ་བྱེད་མཁན་གྱི་གྲས་ཡིན། མི་གཅིག་དེ་མེད་ན་ད་ལྟ་ང་ཚོའི་རྒྱལ་ཁབ་དང་། རྩ་ཆེ་མིན། སྙིང་པོ་ཡོད་མེད་སོགས་གླེང་རྒྱུའི་གོ་སྐབས་སོགས་གང་ཡང་བྱུང་ཐུབ་མེད་པ་གསལ་པོ་རེད། ཀུན་སློང་དེ་འདྲ་ཞིག་དང་བཤད་སྟངས་དེ་འདྲ་ཞིག་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་ཡིན་དགོས་ན། ང་ཚོའི་མི་རིགས་འཐབ་རྩོད་འདི་ཡོད་ཚད་མཇུག་སྒྲིལ་ཚར་བ་རེད་ཅེས་བརྗོད་འདོད་བྱུང་།
ཞེས་གཡུ་སྒང་དགེ་འདུན་གྱིས།
༢༠༢༠། ༠༧། ༢༩ ཉིན།
་་་་་་་་་་ ༸གོང་ས་རྒྱལ་བའི་དབང་པོས་དགུང་ལོ་བཅུ་དྲུག་ནས་བདུན་ཅུ་དོན་བདུན་བར་མི་ལོ་དྲུག་ཅུ་རེ་གཅིག་རིང་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཆོས་སྲིད་གཉིས་ཀྱི་འགན་འཁུར་ནས་དཀའ་ངལ་བརྒྱ་ཕྲག་མང་པོར་གདོང་གཏད་ཅིང་། དེའི་སྐབས་ཀྱི་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོངས་འཆར་འདི་འདེམས་པ་རེད་མ་གཏོགས། བླུན་པོ་ཆུ་སྣ་གར་ཁྲིད་ཀྱིས་འདེམས་པ་ཞིག་གཏན་ནས་མིན། ་་་་་་་་་་་་་་
ཉི་སྟོང་བཅུ་གཅིག་ནས་རྗེས་ལ་༸གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་འདྲ་ཡོདན། དེ་དག་བོད་མིའི་སྤྱི་ཚོགས་ཕྱིར་འབུད་གཏོང་དགོས་ཤིང་། ད་དུང་ནང་དཀྲུགས་འབད་ན། བྶལབ་བྱ་རྒྱོབས། མ་ཉན་ན་མིག་ལོག་ལྟ། སྐད་ཆ་མ་བཤད་ནས་སྡོད་གང་ཐུབ་བྱས་དང་དེ་ནས་གཞི་གཉིས་ཅིག་སད་འོངས། གཞན་ངས་ནི་ཐབས་གསར་པ་གང་ཡང་མཐོང་བགྱིད་མི་འདུག
འདི་སྤྱི་ཚོགས་དྲ་ལམ་རེད་མ་གཏོགས། གསར་འགོད་པའི་མིང་དོན་ག་ལ་འཇུག འདི་ཚོ་གཉིས་དབྱེ་བ་ཕྱེ་དགོས།
སེར་སྨད་བློ་དགའ་ནི་མཚམས་རེ་ལི་ཐང་། མཚམས་རེ་ཉག་རོང་།
སྔོན་མ་དབུ་ལམ། ད་ནི་རང་བཙན། གང་ལྟར་མགོ་གཉིས་མ་ཡིན་པ་འདྲ། ཧ་ཧ།
མི་འདིའི་རིགས་སྔོན་ཆད་བོད་པ་རྗེས་ལ་རྒྱ་མིར་འགྱུར་འགྲོ་ཡ་གི་ཉེན་ཁ་ཡོད་རེད།
ཟབ་གདོང་བླ་མ་སྤྱི་འཐུས་སྐབས་ལ་མི་འདི་ཛོའི་གྲས། དོལ་རྒྱལ་རྗེས་འབྲངས་པ་ལས། ཉེན་ཁ་ཆེ་བ་ཡོད་པར་སྤྱི་འཐུས་གྲོས་ཚོགས་སུ་གསལ་བཤད་གནང་བ་ཚར་བ་དང་། མ་འོངས་པ་ཡང་འོངས་སྲིད་པར་ལུང་བསྟན་ཡང་གནང་ཚར་བ་རེད། ང་ཚོ་བོད་རིགས་མི་མངས་ཚོས་ལྟ་ལོག མི་ངན་འདི་ཚོའི་སྐད་ཆ་ལ་མགོ་བོ་འཁོར་བགྱི་མ་རེད་དོ།།
༄དང་པོ་གཡུ་སྒང་དགེ་འདུན་ཁྱེད་ཆོལ་ཁ་གང་ཡིན་ཤེས་འདོད་ཡོད། གཉིས་པ་ཁྱོད་རང་ཉིད་ནས་ཆགས་སྡང་དང་རང་རྒྱལ་གཞན་ཕམ་གྱི་གང་ཟག་སུ་རུང་ཕམ་ཉེན་དང་ནག་པོ་སྒྲུབ་ཕྱིར་བླ་མ་ཡིད་བཞིན་ནོར་བུ་མཆོག་གི་མཚན་དང་སྦྱར་འོང་བ་འདི་ངོས་ལེན་རྩ་བ་ནས་མེད།