མི་ལ་རས་པ། (སྐྱོ་བྲག་དགའ་དབང་གིས་འོས་སྦྱོར་བྱས།)
མར་པས། གཉོས་ལ་འཕགས་སྐོར་གྱི་རྒྱུད་གདམ་པ་དང་བཅས་པ་འདུག་པས་དེ་བདག་ལ་ཞུ་བྱས་པས། ནཱ་རོའི་ཞལ་ནས་འཕགས་སྐོར་དེ་ད་གཟོད་ཁ་ཆེའི་པཎྜི་ཏ་གཅིག་ཡོང་གིས་དེ་དུས་བྱ་ཡི་གསུང་། དེ་ནས་དུས་སྐབས་ཤིག་ཏུ་ལྷུང་བྱེད་དང་མཁར་སིལ་བསྣམས་པའི་པཎྜི་ཏ་སྐྱེ་གཟུགས་བཟང་ལ་མཛེས་པ་གཅིག་བྱོན་ནས། ནཱ་རོ་པ་དང་ཕྱག་རྩེ་སྤྲོད་མཛད་ཀྱི་འདུག་སྐད། ནཱ་རོའི་ཞལ་ནས་ཁ་ཆེ་ཨ་ཀ་ར་སིདྷི་བྱ་བའི་པཎྜི་ཏ་ཆེན་པོ་དེ་ཁྱོད་ཀྱིས་ཐོས་སམ། དེ་འདི་ཡིན་ནོ་གསུང་སྐད། དེ་ནས་སྒྲོན་གསལ་ལ་སོགས་པའི་འཕགས་སྐོར་གྱི་རྒྱུད་གདམ་པ་དང་བཅས་པ་ཞུ་ཞིང་འདུག་པས། ཁོང་ལ་ནི་ལུང་ཙམ་གྱིས་ཆོག་པར་འདུག །མར་པས་ཕལ་ཆེེར་མ་གོ་སྟེ། སླར་ཤིན་ཏུ་ཞིབ་པར་ཞུས་སོ།།
དེ་ནས་ཨ་ཀ་ར་སིདྷིའི་ཞལ་ནས། ང་རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་གསུང་ནས། བོད་དུ་བྱོན་པས་གུང་ཐང་དུ་ནག་ཚོ་ལོ་ཙྪ་བ་དང་མཇལ། སྒྲོན་གསལ་ལ་སོགས་པ་བཤད་པས་ནག་ཚོས་ལ་ལ་གོ་ལ་ལ་མ་གོ་སྟེ། ད་ལྟ་བོད་ན་འཕགས་སྐོར་མཁས་པ་མེད། རྒྱ་གར་ན་ཁ་ཆེ་ཨ་ཀ་ར་སིདྷི་བྱ་བའི་པཎྜི་ཏ་ཆེན་པོ་གཅིག་ཡོད་པར་འདུག །དེ་ཁྱེད་ཀྱིས་ངོ་ཤེས་སམ་བྱས་པས། དེ་ཀ་ང་ཡིན་མོད་གསུངས་པས། ནག་ཚོ་ན་རེ། ཨ་པ་འོ་ན་གང་དུ་གཤེགས་ཟེར། ང་རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་བ་ཡིན་གསུངས་པས། རེ་ཞིག་བཤོལ་བཏབ་སྟེ། སྒྲོན་མ་གསལ་བ་ལ་སོགས་པའི་འཕགས་སྐོར་རྣམས་ཞུས་པས་ལ་ལ་རྫོགས། ལ་ལ་འཕྲོར་ཡོད་པ་ལ། བླ་མ་མར་པའི་ཐུགས་ལ་ཨ་ཀ་ར་སིདྷི་བྱ་བའི་པཎྜི་ཏ་ཆེན་པོ་དེ་བོད་ལ་སོང་པས། བོད་ཐམས་ཅད་ཁོའི་སློབ་མར་གྱུར་ནས། ང་ལ་སློབ་མ་མི་ཡོང་སྙམ་པའི་ཐུགས་ཁྲལ་གྱིས་གཉིད་མ་ཁུག་སྐད་དོ།།
དེ་ཨ་ཀ་ར་སིདྷིས་མངོན་ཤེས་ཀྱིས་དགོངས་ཏེ།ནག་ཚོ་ལ་ངའི་གྲོགས་པོ་གཅིག་བློ་མ་བདེ་བར་འདུག་པས། ད་ང་རི་བོ་རྩེ་ལྔ་ལ་མི་འགྲོ་རྒྱ་གར་རང་དུ་ལྡོག་གསུངས་པས། ཁྱེད་ཀྱང་པཎྜི་ཏ་ཆེན་པོ་ཡིན། ང་ཡང་ལོ་ཙྪ་བ་ཆེན་པོ་ཡིན་པས། གསེར་ཞིག་བསྒྲུབས་ལ་འབུལ་བས། རེ་ཞིག་བཞུགས་པར་ཞུ་བྱས་པས། ང་ལ་གསེར་གྱིས་དགོས་པ་མེད་ད་ལྟ་རང་འགྲོ་གསུངས་པས། ཆོས་བཤད་འཕྲོ་བཞག་སྟེ་པུ་ལ་ཧ་རིར་བྱོན་ནས། མར་པ་ལ་ད་གྲོགས་པོ་བློ་མི་བདེ་བ་དགོས་པ་མེད། ང་ཨུ་རྒྱན་དུ་འགྲོ་གསུངས་ཏེ་གཤེགས་པས། མར་པ་གཉིད་ཁུགས་སོ།།
རྗེ་བཙུན་མི་ལ་རས་པས་སྦྱར་བ། རྗེ་བཙུན་མར་པ་ལྷོ་བྲག་པའི་རྣམ་ཐར་ལས་སོ།།
བླ་མ་མར་པ་ལྟ་བུར་དེ་འདྲའི་ཕྲག་དོག་ཡོད་ན་ང་ཚོ་ཕལ་བ་ཞིག་ལ་ལྟ་ཅི་སྨོས། སེམས་ཅན་ལ་བསམ་བློ་་གཅིག་ཀྱང་མ་བཏང་བར་དོན་ལ་སོ་སོའི་ཁ་ཕོར་ལ་དམིགས་འདུག་གོ། འཁོར་བའི་ཆོས་ལ་སྐྱུག་རེ་བྲོ། །
ཡ་མཚན་པ་ལ་
འཇིག་རྟེན་ཆོས་བརྒྱད་རང་རེད་
བླ་མ་མར་པས། ཨ་ཀ་ར་སིདྷི་ལ་ཁྲག་དོག་བྱས་པ་མཐོང་ལ། ཨ་ཀ་ར་སིདྷིས་བླ་མ་མར་པའི་རྟ་ལམ་བོང་བུས་བཀག་གྲབས་བྱས་པ་མ་མཐོང་འདི་ཡང་། བོད་ཕྲུག་ཚོ་རང་རིགས་ལ་ཞེན་པ་དཀར་པོ་མེད་པ་དང་གཅིག གྲུབ་པ་བཀའ་རྒྱུད་ཕ་ལ་དད་པ་སྦྱོང་སྟངས་མི་ཤེས་པའི་རྟགས་སུ་ཁུམས་སོ།།
དོན་ཚན་བཅུ་དྲུག་བར་བཀླགས་པ་ཡིན་ན་ཡང་། འབྱུང་བྱའི་མིག་ལ་འོད་ཟེར་ཕོག་ནས་ངུ་སྐད་ཚམ་ལས་བྲོ་བ་ཅང་མ་མཐོང་། སང་ཉིན་ནས་ཆོས་དང་མཐུན་པའི་བསམ་ཚུལ་ཕུལ་ཆོག་པ་ཞུའོ།།