རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས།
(གསལ་བཤད། རྩོམ་ཡིག་འདིར་དོན་ཚན་དྲུག་ཅུ་རེ་ལྔ་ཡོད། ཡིག་ཚོགས་ཅུང་མང་བས་ཚིག་དོན་ལ་ནོར་བ་གང་མཆིས་ཀློག་པ་པོར་སྙིང་ནས་འཆགས། ལེགས་སྤེལ་ཉེས་འགོག་གི་དགོངས་ཚུལ་གནང་མཁན་ཡོད་ན་དགའ་བས་རྗེས་སུ་ཡི་རང་ཡོད། འོན་ཀྱང་། ཆ་རྐྱེན་གཅིག་རང་ཡོད་དེ། དེ་ནི་སྔོན་ལ་ཡི་གེ་འདི་ཚར་གཅིག་ཅིས་ཀྱང་གཟིགས་ཟིན་པ་གནང་རོགས་ཞེས་ཞུ་བ་དེ་ཡིན། འདི་ནི་ངའི་རེ་བ་ཡིན་ནོ།། རྩོམ་པ་པོས།)
༄༅།། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།། བྱིན་གྱིས་བརླབ་པར་མཛད་དུ་གསོལ།།
རྒྱུད་ཚོད་མཐོན་པོར་སོན་པའི་གང་ཟག་ལ།།
གང་ཟག་དགོས་བཙན་མཛད་པ་མཐའ་མེད་ཀྱང་།།
སྤྱི་དང་མཐུན་པ་ཕལ་བའི་དྲ་ལམ་དུ།།
བསྟན་པ་སྤྱི་བཙན་ལག་ལེན་དོགས་མཐའ་གནད།།
དམ་པའི་མཛད་པ་དཔག་པར་དཀའ་ན་ཡང་།།
བླུན་པོས་ལོག་པའི་བེད་སྤྱོད་བྱེད་ངེས་པས།།
ཆོས་དང་བླ་མ་སྙིང་ནས་གཅེས་པ་ངས།།
བཏང་སྙོམས་སྡོད་པར་མ་ནུས་འདི་ལྟར་ཐལ།།
ཆེན་པོ་རྣམས་ནི་དག་སྣང་མལ་དུ་གཟིམས།།
མཁས་པ་དག་ཀྱང་ཚོར་བའི་ངད་ཀྱིས་བཟི།།
རེ་ཞིག་གཞན་གྱིས་ཅི་བཞིན་མ་བཤད་པའི།།
དཔྱད་པའི་སྒོ་འདི་ཁོ་བོས་ཁུར་དུ་བླངས།།
དག་སྣང་ཅན་གྱིས་བསྟོད་པའི་ཆེད་དུ་མིན།།
ལོག་མཐོང་ཅན་གྱིས་རྒོལ་བའི་འབེན་དུ་མིན།།
ཅུང་ཙམ་ཡིན་ཡང་བསྟན་ལ་ཕན་པའི་བློས།།
སྙན་སྒྲོན་རིང་མོ་སེམས་ཀྱི་རླབས་སྒྲ་ཡིན།།
རང་གཞན་ཕྱོགས་སུ་ལྷུང་བ་མཁྱོགས་པོའི་བློ།།
ཉེ་རིང་ཕྱོགས་རེ་མཐོང་བ་མུན་པའི་ཡིད།།
འཇིགས་ཞུམ་བག་ཚས་བཅོམ་པ་རྨས་པའི་སེམས།།
མཐའ་དག་སྤངས་ནས་བདེན་པའི་མཆིད་འདི་སྤྲོ།།
༡༽ སྐད་ཆ་འདི་སྙན་གསེང་ཞུ་ཡུལ།
དེ་ཡང་ཐོག་མར་སྐད་ཆ་འདི་དག་སྙན་གསེང་ཞུ་བའི་ཡུལ་ནི། ༧གོང་ས་༧རྒྱལ་བའི་དབང་པོའི་ཕྲིན་ལས་ཀྱི་ཁ་ལོ་བ་དགའ་ལྡན་ཕོ་བྲང་བླ་བྲང་གི་སྣ་ཆེན་པོ་ལ་གཏོགས་པ་དག་དང་། དཔལ་ས་སྐྱའི་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་དབུས་པའི་ཕོ་བྲང་རྣམ་གཉིས། ངོར་ཚར་རྫོང་གསུམ་གྱི་མཁན་པོ་དང་ཞབས་དྲུང་རྣམ་པ་དང་རྫོང་སར་འཇམ་དབྱང་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོ་སོགས་དང་། ༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་༧ཁྲི་རིན་པོ་ཆེ་ནས་ཤར་བྱང་གི་༧ཆོས་རྗེ་རྣམ་གཉིས་སོགས་གདན་སའི་མཁན་བླ་རྣམ་པ། ༧རྒྱལ་བའི་དབང་པོ་༧ཀརྨ་པ་རྣམ་པ་གཉིས། འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་དང་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ། ༧འབྲུག་ཆེན་སྐྱབས་མགོན་རིན་པོ་ཆེ་དང་རྒྱལ་བ་མདོ་ཁམས་པ་ཆེན་པོ། ༧སྟག་ལུང་ཞབས་དྲུང་རིན་པོ་ཆེ་དང་ཏའི་སི་ཏུ་རིན་པོ་ཆེ་སོགས་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་རྩ་ལག་རྣམ་པ། ༧སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་དང་༧སྐྱབས་རྗེ་རྫོགས་ཆེན་རིན་པོ་ཆེ། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དང་།༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ། ༧སྐྱབས་རྗེ་ནམ་མཁའི་སྙིང་པོ་རིན་པོ་ཆེ་དང་གྲུབ་དབང་རིན་པོ་ཆེའི་རྒྱལ་ཚབ་མཆོག་སྤྲུལ་རྣམ་གཉིས་དང་མཁན་ཆེན་རྣམ་གསུམ། བདུད་འཇོམས་དང་དིལ་མགོ་མཁྱེན་བརྩེ་ཟུང་གི་ཡང་སྲིད་རྣམ་པས་དབུས་པའི་བྱེས་ཀྱི་བླ་ཆེན་རྣམ་པ་དང་། དཔལ་བླ་རུང་དང་། ཡ་ཆེན་ཆོས་སྒར་གཉིས་ཀྱི་དབུ་བཞུགས་མཁན་སྤྲུལ་རྣམ་པ། ཇོ་ནང་རྒྱལ་ཚབ་ཆོས་ཀྱི་སྣང་བ་རིན་པོ་ཆེ་སོགས་རྗེ་བཙུན་རྒྱལ་བ་༧ཇོ་ནང་པའི་གཞི་དང་བྱེས་ཀྱི་བསྟན་པའི་བདག་པོ་རྣམ་པ། གཡུང་དྲུང་བོན་གྱི་༧རྒྱལ་བ་སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་དབུས་པའི་བསྟན་པའི་རྩ་ལག་རྣམ་པ་བཅས་ཚང་མ་ལ་ཕུལ་བ་ཡིན།
ད་དུང་རང་རེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་སྤྱི་ཟུང་དང་། དཔལ་ལྡན་འབྲུག་དང་། ཆེན་པོ་ཧོར། རྒྱ་གར་དང་བལ་ཡུལ། ནུབ་ཕྱོགས་སོགས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ལ་དད་ཅིང་རང་རེ་དང་དམ་ཚིག་གིས་བསྡུས་པ་ཐམས་ཅད་དང་། འདིར་མཚན་དངོས་སུ་སྨོས་པར་ཐལ་བ་དག་དང་། མང་དུ་ཐོས་པ། བསྟན་པ་ལ་གཅེས་པ། ལྷག་བསམ་དང་གཟིགས་རྒྱང་རིང་བའི་ཆོས་ཀྱི་གྲོགས་པོ་དང་། མཁྱེན་དཔྱོད་དང་ལྡན་པ། གཟུ་བོར་གནས་པ་གང་ན་སུ་བཞུགས་པ་ཚང་མ་ལ་ཕུལ་བ་ཡིན། དེ་དག་ཀུན་གྱིས་ལེགས་པར་གཟིགས་ནས་གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་པ་འབའ་ཞིག་གིས་ཡི་གེ་འདི་ལ་དམིགས་བསལ་གྱིས་ཐུགས་སྣང་མཛད་དུ་གསོལ།
༢༽ སྒེར་སེམས་མེད་པའི་འབོད་སྐུལ།
དེ་ཡང་འདིར་ངས་ད་ཆ་དྲ་ལམ་དུ་དར་ཁྱབ་འགྲོ་ཉེར་ཡོད་པའི་དྲ་ལམ་དབང་བསྐུར་གྱི་ཁེ་ཉེན་དང་འབྲེལ་བའི་སྐད་ཆ་རིང་མོ་ཞིག་བཤད་རྒྱུའི་ཐག་བཅད་པ་ཡིན་མོད། སྐད་ཆ་འགའ་རེ་ནི་ཟླ་བ་གཅིག་གི་སྔོན་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ནས་སྤྱན་རས་གཟིགས་ཀྱི་དབང་ཆེན་གནང་བའི་སྔ་ནུབ་དེ་གར་ངོ་དེབ་བརྒྱུད་ནས་བཤད་མྱོང་ཡོད།
ལར་ནས་ང་ལ་འདིའི་ཐད་སྒེར་དང་འབྲེལ་དོན་སྤུ་ཙམ་མེད་ལ། རང་གི་རྩ་བའི་བླ་མ་རྣམས་ལ་ལོག་མཐོང་དང་མ་དད་པ་ནི་རྨི་ལམ་དུའང་མེད། ཡིན་ན་ཡང་། སློབ་མ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་སེམས་ཀྱི་འཁྱེར་སོ་དང་བསམ་ཚུལ་གང་ཡོད་བླ་མ་དང་མཆེད་གྲོགས་དག་ལ་སྙན་སྒྲོན་ཞུ་བ་ནི་ལུང་དང་རིགས་པ་གང་གི་ངོས་ནས་ཀྱང་ཆོག་པ་ཞིག་ཏུ་ངོས་འཛིན་བྱ་བཞིན་ཡོད།
འདིར་རྒྱུ་རྐྱེན་ངེས་ཅན་ཞིག་གི་འོག་ནས་བརྗོད་གཞི་འདིའི་ཐོག་ནས་སྐད་ཆ་ཤོད་སྐབས། ༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཉེ་ཆར་གྱི་དྲ་ལམ་བཀའ་དབང་དང་འབྲེལ་ནས་མི་ཞུ་ཐུ་མེད་ལྟ་བུ་ཞིག་ཆགས་ཀྱི་ཡོད་པས། ༧རྒྱལ་བའི་དབང་པོའི་མཚན་ཡང་ཡང་སྨྲོས་པར་འགྱུར་བ་འདིར་མ་གུས་པར་གྱུར་པའི་ཆ་མཆིས་ན་སྙིང་ནས་མཐོལ་ཞིང་བཤགས་པར་གསོལ་བ་ཡིན།
༣༽ རྒྱུད་ཚོད་མཐོན་པོར་དབང་རྫས་མེད་ཀྱང་ཆོག
དེ་ཡང་སློབ་དཔོན་དང་སློབ་མ་གནས་ཐ་དད་ན་ཡོད་བཞིན་རྒྱང་རིང་པོ་ནས་དབང་བསྐུར་ཆོག་པ་དེ་འདྲ་བླ་མ་མཚན་ལྡན་གྱིས་གདུལ་བྱ་རྒྱུད་ཚོད་མཐོན་པོའི་རིགས་ལ་དབང་བསྐུར་བའི་དབང་དུ་བཏང་ན་ཡོད་ངེས་རེད། རྒྱལ་བ་དགོངས་བརྒྱུད་དང་རིག་འཛིན་བརྡ་བརྒྱུད་སོགས་ལའང་རགས་པའི་ཆོ་ག་ཞིབ་མོ་དེ་འདྲ་དགོས་ཀྱི་མེད་ལ། དགོངས་པ་གཏད་པ་ཙམ་དང་། བརྡ་ཐབས་དམིགས་བསལ་དེ་འདྲས་དབང་རྫོགས་པར་བསྐུར་བའི་ལོ་རྒྱུས་མང་པོ་ཡོད།
རྡུལ་ཚོན་དང་རས་བྲིས། ཚོམ་བུ་དང་ལུས་དཀྱིལ་བཅས་དཀྱིལ་འཁོར་བཞིའི་ནང་ནས་རྡུལ་ཚོན་དང་རས་བྲིས་ཀྱང་སྤྱིར་བཏང་གདུལ་བྱའི་ཆེད་དུ་ཡིན་པ་དང་། དབང་པོ་རབ་ལ་ཚོམ་བུའི་དཀྱིལ་འཁོར་དང་ལུས་དཀྱིལ་ལས་དབང་བཞི་ཐོབ་ཀྱི་ཡོད་པ་གསུངས་ཡོད། མདོར་ན། དབང་ནི་མཚོན་བྱེད་རྟགས་ཀྱི་བརྡ་སྣ་ཚོགས་པ་ཞིག་ལ་བརྟེན་ནས། མཚོན་བྱ་དོན་གྱི་དཀྱིལ་འཁོར་ངོ་སྤྲོད་པ་དང་སྐུ་བཞིའི་ས་བོན་རྒྱུད་ལ་འཇོག་པ་ཞིག་ཡིན་སྟབས། དབང་གི་བརྡ་ཐབས་སྤྲོས་པ་ཆེན་པོ་དགོས་མིན་དེ་བླ་མ་རྟོགས་པ་མཐོ་དམན་དང་སློབ་མ་སྣོད་དང་ལྡན་མིན་གྱི་ཐོག་ནས་འཇོག་དགོས་ཤིང་། རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་སྨིན་གྲོལ་དྲིས་ལན་དུའང་། དབང་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ལ་མཐའ་གཅིག་ཏུ་རྫས་ཀྱི་དབང་བསྐུར་མ་བསྐུར་གཅིག་པུར་རག་མ་ལུས་པའི་ཚུལ་དཔེ་མཚོན་དང་བཅས་པའི་སྒོ་ནས་གསུངས་ཡོད་པ་དང་། རིག་འཛིན་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་ཀྱི་འགྲེལ་པར་ཡང་། སྤྱིར་བཏང་དབང་ཐོབ་པ་ལ་རྒྱུ་གཉིས་དང་རྐྱེན་བཞི་དགོས་པ་ནན་བརྗོད་གནང་བཞིན། དབང་རྣོན་ཅིག་ཆར་བའི་རིགས་ལ་རིག་པ་རྩལ་གྱི་དབང་ཁོ་ན་དང་པོ་ནས་བསྐུར་ཏེ་རྟོགས་པ་རྒྱུད་ལ་སྐྱེ་བ་ཡོད་པ་སོགས་ལ་ནི་མ་ངེས་སོ།། ཞེས་དམིགས་བསལ་དང་བཅས་དེ་གསུངས་པ་སོགས་ནི་དེ་དེ་བཞིན་ནོ་ཞེས་ཞུ་བ་ཡིན། ཇོ་བོའི་དམ་ཚིག་བསྡུས་པ་ལས་བླ་མའི་ཞལ་ལས་བྱུང་བའི་དབང་ལ་སོགས་པ་བཞི་གསུངས་པའང་འདི་དང་གནད་གཅིག་གོ།
༤༽ ཐུན་མོང་གདུལ་བྱར་རྒྱུ་གཉིས་རྐྱེན་བཞི་གནད།
དེ་ལྟ་ཡང་སྤྱིར་གསང་སྔགས་རྟེན་འབྲེལ་གྱི་གནད་ཡིན་པས་ཀྱང་། ཐུན་མོང་གི་གདུལ་བྱ་ལ་ལྟོས་ནས་རྫས་དང་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་བཅས་ནི་འབྲུ་སྐྱེ་བ་ལ་ས་ཆུ་དང་གནམ་གཤིས། ས་བོན། ཞིང་པའི་ངལ་རྩོལ་བཅས་ཆ་ཚང་དགོས་པ་ལྟ་བུ་ཞིག་ཡིན་པ་གསར་རྙིང་ཐུན་མོང་གི་བཞེད་པ་ཡིན་ལ། ཁྱད་པར་དུ་འཇམ་མགོན་མི་ཕམ་པས་གསང་བ་སྙིང་པོའི་སྤྱི་དོན་འོད་གསལ་སྙིང་པོ་ལས། ཇི་ལྟར་སྨིན་པར་བྱེད་ཅེ་ན། རྒྱུ་གཉིས་དང་རྐྱེན་བཞི་ཚོགས་པའི་མཐུ་བསམ་གྱིས་མི་ཁྱབ་པ་ལས། ཟབ་མོ་སྔགས་ཀྱི་རྟོགས་པ་ཁྱད་པར་ཅན་དངོས་སུ་སྐྱེ་བའམ། སྐྱེ་རུང་གི་ནུས་པ་རྒྱུད་ལ་འཇོག་པ་ཡིན་ནོ།། ཞེས་གསུངས་ཤིང་། དེའི་མཇུག་ཐོག་ཏུ། རྐྱེན་བཞི་ནི། དབང་བསྐུར་དུ་རུང་བའི་སྣོད་ལྡན་གྱི་སློབ་མ་དད་པ་དང་ཤེས་རབ་ཅན་ནི་རྒྱུའི་རྐྱེན། སྔགས་ལམ་གྱི་ནུས་པ་རྙེད་མས་སློབ་མའི་རྒྱུད་བྱིན་གྱིས་རློབ་པའི་དབང་བསྐུར་ནུས་པའི་སློབ་དཔོན་མཚན་ཉིད་དང་ལྡན་པ་བདག་པོའི་རྐྱེན། ནུས་པའི་ཁྱད་པར་དང་ལྡན་པའི་རྫས་དང་སྔགས་དང་ཏིང་ངེ་འཛིན་ནི་དམིགས་པའི་རྐྱེན། དབང་དང་ཆོ་ག་སྔ་མ་སྔ་མས་གོ་ཕྱེ་ནས་ཕྱི་མ་ཕྱི་མ་འབྱུང་བས་ན་སྔ་མ་སྔ་མ་ནི་དེ་མ་ཐག་པའི་རྐྱེན་ཏེ། ཞེས་གསུངས་ཤིང་།
ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི། ཆོ་ག་ཉམས་པས་སྨིན་པར་ནུས་མ་ཡིན།། ཞེས་པའི་ཐད་ཀྱི་འགྲེལ་པར་ཡང་། ཆོ་གའི་ཡན་ལག་ཕྲ་མོ་ཉམས་པས་ཀྱང་དངོས་གྲུབ་དང་བྱིན་རླབས་ཀྱི་གནས་ལ་བསྒྲིབ་པར་འགྱུར་བས། སློབ་མའི་རྒྱུད་སྨིན་པར་ནུས་པ་མ་ཡིན་པའི་ཕྱིར། རྟོགས་པ་མཆོག་དང་ལྡན་པ་ཞིག་ཡིན་ཡང་། སློབ་མའི་དབང་པོ་དམན་མཆོག་དང་བསྟུན་དགོས་པར་གསུངས་ན། ཞེས་སོགས་རྒྱ་ཆེར་བཤད་དོ།།
ཡང་ཇོ་ནང་ཀུན་མཁྱེན་ཏ་ར་ན་ཐས་མཛད་པའི་དབང་མདོར་བསྟན་གྱི་འགྲེལ་པ་ཟབ་དོན་གསལ་བར་བྱེད་པའི་ཉི་མ་ལས། ཆུ་དང་ཅོད་པན་ལ་སོགས་པ་རྫས་དང་། ཨོཾ་ཨ་ཨི་རྀ་ཨུ་ལྀ་ཞེས་སོགས་སྔགས་དང་། ཡུམ་ལྔ་རིགས་ལྔའི་ལྷའི་རྣམ་པར་བསྐྱེད་པ་ལ་སོགས་པ་བསམ་གཏན་གྱི་ཁྱད་པར་གང་ཡིན་པས་སློབ་མ་བྱིན་གྱིས་རློབ་པར་བྱེད་པ་དེ་ནི། ཞེས་པ་ལ་སོགས་པ་ནས། ཆོ་ག་དེས་དེ་བྱས་པ་ལ་དབང་ཐོབ་པའམ་དམ་ཚིག་ཐོབ་པ་ཞེས་བྱ་སྟེ། ཆོ་གས་སེམས་རྒྱུད་ཀྱི་ཡོན་ཏན་དགེ་བའི་ས་བོན་གསོས་བཏབ་པའི་ཆ་དེ་ནི་སྔགས་ཀྱི་སྡོམ་པ་དང་དམ་ཚིག་ཡིན་ནོ།། ཞེས་སོགས་རྫས་སྔགས་ཏིང་ངེེ་འཛིན་གྱི་ཁྱད་པར་སུམ་ལྡན་གྱི་དབང་གི་ཐོབ་ཚུལ་ཞིབ་ཏུ་གསུངས་པ་དང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་གསང་འདུས་དཀྱིལ་ཆོག་ལས། བསམ་གཏན་གྱི་དཀྱིལ་འཁོར་གྱི་ཆོ་ག་ནི། སློབ་དཔོན་ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པ་དང་། སློབ་མ་རྡུལ་ཚོན་གྱིས་བྲི་བའི་ཡོ་བྱད་མི་རྙེད་པ་ལ་སོགས་པ་ལ་དམིགས་བསལ་དུ་གསུངས་ཀྱི། སྤྱིའི་དབང་དུ་བྱས་པ་མིན་ནོ།། ཞེས་དང་། སྔགས་རིམ་ཆེན་མོར། རྗེ་བཙུན་རྩེ་མོའི་གསུང་ནས། བྱིན་རླབས་ཕྲ་མོས་དབང་བསྐུར་གྱི་གོ་བཅད་ནས་ཟབ་མོ་སྟོན་པའི་རྡོ་རྗེ་ཐེག་པའི་གཟུགས་བརྙན་སྤང་བར་བྱའོ།། ཞེས་གསུང་བ་ཡང་ཤིན་ཏུ་མང་བས། རྒྱུད་སྡེ་ནས་བཤད་པའི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པར། གོ་རིམ་འགངས་ཅན་རྣམས་མ་འཁྲུགས་པར་ཆོ་ག་ཚང་བས་དབང་བསྐུར་ན་ཡང་དག་པའི་གདམས་ངག་གི་སྣོད་དུ་རུང་བ་སོགས་ཀྱི་ཡོན་ཏན་འབྱུང་གི། དེ་ལས་གཞན་པའི་ཆོ་གས་ནི་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་ཡང་མི་ཐེབས་ཤིང་། དངོས་གྲུབ་འགྲུབ་པའི་གེགས་ཀྱི་སྒོ་གསུམ་གྱི་དྲི་མ་ཡང་འཁྲུད་མི་ནུས་ལ། གདམས་པའི་མཆོག་རྒྱུད་དང་དགོངས་འགྲེལ་ཟབ་མོ་ཉན་པ་ལ་སོགས་པའི་སྣོད་དུ་སྒྲུབ་མི་ནུས་པས་རྡོ་རྗེ་ཐེག་པའི་རྨང་འཛུགས་པ་འདིའི་སྐབས་སུ་འབད་པར་རིགས་སོ།། ཞེས་རྡོ་རྗེའི་གསུང་གིས་གདམས་པའང་གོང་དུ་བཤད་པའི་རྒྱུ་གཉིས་རྐྱེན་བཞི་དང་འབྲེལ་བའི་གསུང་འདི་དག་དང་དགོངས་པའི་ཆུ་བོ་ཡེ་ཤེས་ཀྱི་ཀློང་དུ་གཅིག་པར་འདྲེས་པ་ཁོ་ནའོ།། སྤྱིར་བཏང་བ་ལ་དམིགས་ཀྱིས་བསལ།། བསྟན་བཅོས་ཀུན་ལ་རབ་ཏུ་གཅེས།། ཞེས་པའང་ཤིན་ཏུ་དྲན་པར་བྱའོ།།
༥༽ མདུན་རྒྱབ་མེད་པའི་བསམ་ཚུལ།
ལར་ནས་ད་ཐེངས་ཀྱི་གླེང་གཞི་འདིའི་ཡོང་ས་ནི། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཀྱི་དབང་ཆེན་གནང་གྲབས་ཡོད་སྐབས་དེར་ཐལ་ཆ་ཅན་གྱི་ཚིག་བེད་སྤྱོད་བཏང་ནས་དྲ་ལམ་ནས་དབང་བསྐུར་བ་བསྟན་པ་གཤིགས་པའི་སྟ་རེ་རེད་ཅེས་བཤད་པ་དེ་རེད།
དེའི་ཐད་སྤྱི་སྒེར་ཚང་མས་གཅིག་རྗེས་གཉིས་འཐུད་དུ་རྒོལ་གཏམ་སྤེལ་ཞིང་ངོ་རྒོལ་གྱི་རྣམ་འགྱུར་བསྟན། དེ་དང་ཆབས་གཅིག ༧གོང་ས་མཆོག་ཁ་ལ་ཁུར་ནས་ཆབ་སྲིད་ཀྱི་རྩེད་མོ་རྩེ་མཁན་གྱི་སྐབས་འཚོལ་བ་འགས་ཀྱང་གོ་སྐབས་དེ་བེད་སྤྱད་ནས་ཡར་བཤད་མར་བཤད་མང་པོ་བྱས་པ་ནས་མཐར་དོ་བདག་གིས་དགོངས་དག་ཞུས་པའི་བར་གྱི་ལེའུ་དེ་རྫོགས་ཟིན་པ་ཞིག་རེད། འདིའི་ཐད་བསྐྱར་བཤད་དགོས་པ་གང་ཡང་མེད་མོད། དྲན་སྐུལ་ཞུ་དགོས་པ་ཞིག་ལ། ཚང་མས་རྒོལ་གཏམ་སྤེལ་སའི་ལྟེ་བ་དེ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ལ་ཚིག་རྩུབ་ཞུས་པ་དེ་རང་ཡིན་དགོས་པ་ལས། སྤྱིར་དྲ་ལམ་ནས་དབང་བསྐུར་འོས་མིན་དང་འབྲེལ་བའི་བརྗོད་གཞི་མཐའ་དག་ཐོ་གཞུང་ནག་པོའི་ནང་དུ་འཕེན་དགོས་པར་བསམ་མི་རུང་།
དེ་ཡང་གདུལ་བྱ་སྤྱིར་བཏང་བར་དབང་བསྐུར་སྐབས་གོང་དུ་བཤད་པའི་དབང་གི་རྒྱུ་རྐྱེན་དག་ཚང་དགོས་པར་གསུངས་པ་ནི་དོན་ལ་གནས་པ་ཞིག་ཡིན་ན། དེ་ལྟ་བུའི་རིམ་པ་མི་འདྲ་བའི་ཆོ་ག་དང་བླ་སློབ་བར་དུ་བརྒྱུད་དགོས་པའི་དབང་རྫས་སོགས་ཀྱི་ཕྱི་མཚན་མ་རྫས་ཀྱི་སྤྲོས་པ་མང་པོ་ཞིག་དྲ་ལམ་ནས་ཡོང་ཐབས་མེད། དེའི་ཆ་ནས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་སྐད་ཆ་འདིའི་ནང་དུའང་ང་ཚོས་ཉམས་འཇོག་འོས་པའི་ཆ་ཅུང་ཟད་ཅིག་ཡོད་པ་དེ་ཁས་ལེན་དགོས་པ་ཞིག་རེད་སྙམ།
ང་སྒེར་ངོས་ནས་སྔར་ཡང་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལ་ཐད་ཀར་ཁོང་གིས་༧གོང་ས་མཆོག་ལ་གུས་ཞབས་མེད་པའི་སྐད་ཆ་བཤད་པ་དེའི་ཐད་དགོངས་སེལ་གཙང་མ་ཞུ་འོས་པ་དང་། དེ་དང་མཉམ་དུ་དྲ་ལམ་ནས་དབང་བསྐུར་ན་མ་འོངས་པའི་བསྟན་རྒྱུན་ལ་གནོད་ཀྱི་ཡོད་པའི་སེམས་ཚོར་དེ་རང་ལྡོག་ནས་རྒྱུ་མཚན་མེད་པ་ཞིག་མ་རེད་ཅེས་བཤད་པ་ཡིན་ལ། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལའང་བསམ་ཚུལ་འདི་རང་ཞུས་པ་ཡིན།
མདོར་ན། ཁ་ཕར་སྤྱི་ཚོགས་ལ་འཁོར་ནའང་འདྲ། ཚུར་སྒེར་ལམ་ནས་ཡིན་ནའང་འདྲ། ཁ་ཞེ་མེད་པའི་ཐོག་ནས་རང་གི་བསམ་ཚུལ་དྲང་བཤད་བྱ་རྒྱུ་དེ་རང་ཉིད་གྱི་གཏམ་བརྗོད་ལ་བཏོན་པའི་མཐར་ཐུག་གི་དགོས་འདུན་ཡིན།
༦༽ བཀའ་དབང་རིན་བྲལ་རྣམས་དྲ་ལམ་ནས་གནང་རོགས།
གོང་གི་དོན་དག་འདི་དང་འབྲེལ་ནས་བཀའ་མོལ་གནང་མཁན་དང་དགག་ཡིག་འབྲི་མཁན་དག་གི་ཁྲོད་དུ་དྲྭ་ལམ་དབང་བསྐུར་དང་མ་འོངས་བསྟན་རྒྱུན་གྱི་འབྲེལ་བའི་ཐད་ནས་བཀའ་མོལ་ལྷོད་པོར་གསུང་མཁན་ཞིག་ཕལ་ཆེར་མ་བྱུང་། ད་དུང་མང་པོ་ཞིག་གིས་༧གོང་ས་མཆོག་ལ་གུས་ཞབས་དང་རྒྱབ་སྐྱོར་ཡོད་པ་མཚོན་ཐབས་ཀྱི་ཆེད་དུ། དྲ་ལམ་ནས་དབང་བསྐུར་བ་འདི་ཧ་ཅང་ཡག་པོ་ཡིན་པ་དང་། མ་འོངས་པར་བཀའ་དབང་ཟབ་མོ་རིགས་ཡོངས་རྫོགས་དྲ་ཐོག་ནས་བསྐུར་རོགས་ཞེས་ཞུས་ཡོད།
དེ་ཡང་དཔེར་ན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་སྤྱི་ལོ་༢༠༢༠ ཟླ་༥ ཚེས་༢༨ ཉིན་སྤེལ་བའི་འབྲེལ་ཡོད་ཡི་གེར། སླད་མར་ཡང་(འདིའི་བར་ནས་ཚིག་སྣ་ཅུང་ཟད་བསྡུས་ཡོད)དབང་བཀའ་རིན་ཐང་བྲལ་བའི་རིགས་རྣམས་དྲ་ལམ་དང་བརྙན་འཕྲིན་བརྒྱུད་དེ། རྒྱ་ཆེ་བའི་དད་ལྡན་མང་ཚོགས་ཀྱི་ཕན་བདེའི་གསོས་སུ་ཡང་ཡང་སྩོལ་གནང་ཐུགས་རྗེས་ཅིས་ཀྱང་འཛིན་པར་མཁྱེན། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་ཡོད།
ད་དུང་། གུས་རང་ངོས་ནས་མཁྱེན་དཔྱོད་ཅན་དུ་ངོས་འཛིན་ཞུ་ཡུལ་དགེ་བཤེས་འཇིགས་མེད་བློ་གྲོས་ཚང་གིས་ཀྱང་། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་བཀའ་ཡིག་དང་། དཔལ་ས་སྐྱའི་ཆོས་ཚོགས་ཀྱི་ཡི་གེ ། དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་ཀྱི་བཀའ་ཡིག་བཅས་དྲ་རྒྱ་བརྒྱུད་དབང་བསྐུར་རུང་བའི་རྩོད་གླེང་ཁྲུན་ཐག་ཆོད་པའི་རྡོ་རྗེའི་བཀའ་ཚིག་རྣམ་གསུམ་ཡིན་པས། ད་ནས་དབང་རྗེས་གནང་། བཀའ་བསྒོ་རིགས་གཏད། ཆོས་བཤད་བྱིན་རླབས་སོགས་ཅི་འདྲ་ཞིག་དྲ་རྒྱ་བརྒྱུད་གནང་ཡང་གནང་དུ་རུང་བ་དགག་སྒྲུབ་རྣམ་གཞག་ཞིབ་མོས་རིག་པའི་གཞུང་ལུགས་སུ་གཏན་ལ་ཕབ་ཟིན་པ་ཡིན། ཞེས་བཤད་སོང་།
༧༽ ཕུ་ཕར་ལ་བཏབ་པས་ཨ་ར་ཚུར་ལ་ཚིག
ཡིན་ན་ཡང་། ངས་ནི་བསམ་བློ་ག་ཚད་ཅིག་བཏང་ཡང་། ཐེངས་འདིའི་ཁོང་རྣམ་པའི་བཀའ་མོལ་མང་པོ་ཞིག་༧གོང་ས་མཆོག་གི་དགོངས་གཞི་ཡག་པོ་ཞིག་རྟོགས་ཀྱིན་མེད་པའམ། ཡང་ན་སེམས་ཚོར་དང་དད་པ་དག་སྣང་གི་སྐད་ཆ་གཙོ་བོར་བཤད་བསྡད་པ་ཙམ་དུ་མཐོང་། དེ་ཡང་༧གོང་ས་མཆོག་སྐུ་སྒེར་གྱི་གནང་ཕྱོགས་ཁོ་ནའི་ངོས་ནས་ཞུས་པ་ཡིན་ན་ནི་སྒྲུབ་བྱེད་འདི་དག་འགོད་ཀྱང་མི་དགོས་ཏེ། དེ་ནི་དམིགས་བསལ་གྱི་དབང་དུ་བཏང་བས་ཆོག་མོད། གོང་གི་བཀའ་ལུང་ཡོད་ཚད་མ་འོངས་པར་ཁ་ཐོགས་ཚད་ཀྱིས་དྲ་རྒྱ་བརྒྱུད་དབང་བསྐུར་བྱ་རུང་བའི་རྒྱབ་གཉེར་གྱི་རྡོ་རྗེའི་བཀའ་གཙིགས་ཤིག་ཆགས་པ་ཡིན་ན་ནི། སྤྱིར་བཏང་དམིགས་བསལ་དང་འཕྲལ་ཕུགས་རྒྱང་གསུམ་ལ་དགོངས་པ་ཞིབ་ཏུ་མ་བཞེས་པའི་ཁ་ཕོ་རུས་ལྟ་བུའི་བཀའ་མོལ་འདི་དག་ཕུ་ཕར་ལ་བཏབ་ནས་ཨ་ར་ཚུར་ལ་ཚིག་པ་ཞིག་ཏུ་མི་འགྱུར་བའི་ངེས་པ་མི་འདུག་སྙམ་སྟེ། གཤམ་དུ་རེ་རེ་ནས་ཞུ་བར་བྱའོ།།
༨༽ གྲ་སྒྲིག་སྡུག་ས་ནས་བྱེད་དགོས།
ལར་ང་ཚོས་བརྗོད་གཞི་འདི་དག་གི་ཐོག་ལ་སྐད་ཆ་ཤོད་སྐབས། འགྱུར་བ་སྣ་ཚོགས་དང་འབྲེལ་བའི་མ་འོངས་པ་ཞིག་གི་ཕྱོགས་ལ་བསམ་བློ་འཁོར་ཐུབ་དགོས། དེ་ཡང་༧གོང་ས་མཆོག་གཏན་ནས་མི་བཞུགས་པའི་དུས་ཀྱི་ལོ་ལྔ་བཅུ་དང་བརྒྱ། ཡང་ན་དེ་ལས་ཀྱང་རིང་པའི་དུས་ཀྱི་བོད་བརྒྱུད་ནང་བསྟན་འདིའི་གནས་སྟངས་ལ་སེམས་ཁུར་ཡོད་པའི་ཐོག་ནས་བཀའ་མོལ་གནང་དགོས། ད་ལྟའི་༧གོང་ས་མཆོག་གིས་མ་འོངས་པའི་བོད་བརྒྱུད་ནང་བསྟན་གྱི་གནས་སྟངས་ཀྱི་ཚབ་བྱེད་མི་ཐུབ་པར་མ་ཟད། ཐ་ན་མ་འོངས་པའི་༧གོང་ས་མཆོག་གི་ཚབ་ཀྱང་མི་བྱེད་པ་སྲིད་པའི་ཕྱོགས་ལ་བསམ་བློ་འཁོར་དགོས། དུངས་ཞེན་དང་རེ་བའི་ངོས་ནས་གནས་སྟངས་དེ་ལྟ་བུ་སུས་ཀྱང་མཐོང་འདོད་མེད་མོད། དོན་དངོས་ནི་བསམ་པ་ནང་བཞིན་ཡོང་ངེས་ཤིག་མིན། དེ་ལྟར་བཤད་དུས་ངས་༧གོང་ས་མཆོག་གི་ཆེ་བའི་ཡོན་ཏན་དང་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་བཅས་ཀྱི་སེམས་ནང་གི་དངོས་ཡོད་ཀྱི་གོ་གནས་དེ་ཡག་པོ་ཞིག་ངོས་ཟིན་མི་འདུག་དགོངས་སྲིད། དེ་མ་རེད།
༩༽ ངའི་སེམས་ནང་གི་༧གོང་ས་མཆོག
དེ་ཡང་བོད་ཀྱི་འདས་པ་དང་ད་ལྟའི་ལོ་རྒྱུས་ཁྲོད་༧གོང་ས་མཆོག་ལས་ལྷག་པའི་ཐུན་མོང་གིས་གོང་བཀུར་ཞུ་ཡུལ་གྱི་བླ་ཆེན་ཞིག་བྱུང་མྱོང་མེད་པ་ཞིག་རེད། འཛམ་གླིང་ནང་པའི་དབུ་ཁྲིད་སུ་འདྲ་ཞིག་དང་བསྡུར་ཡང་། སྐུ་ཚེ་ཧྲིལ་པོ་ཡང་དག་པའི་ཐོས་བསམ་སྒོམ་གསུམ་ལ་བསྐྱལ་བའི་ངེས་པ་དོན་གྱི་འདུལ་འཛིན་དང་སྡེ་སྣོད་འཛིན་པ་ཁོང་ལྟ་བུ་ཞིག་མཇལ་དུ་མེད། བོད་ཀྱི་ཆོས་བརྒྱུད་དང་མི་མང་ཚང་མས་ཁོང་ལ་གུས་བཀུར་ཅི་ཙམ་ཞུ་བཞིན་ཡོད་པའི་ཚད་གཞི་དེ་ཧ་ལས་པ་ཞིག་རེད། ཁོང་གི་མཚན་མཐོང་ཁོ་ནའི་འོག་ནས་བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ལ་འཛམ་གླིང་གི་ཆེ་མཐོང་གང་འདྲ་ཞིག་ཐོབ་ཀྱིན་ཡོད་པ་འདི་ཙམ་གྱི་བཀའ་དྲིན་ཡང་གཞལ་མཐའ་བྲལ་བ་ཞིག་ཡིན། ཐུན་མོང་གདུལ་བྱའི་སྣང་ངོར་སངས་རྒྱས་ཀྱིས་ཀྱང་སྐབས་དེར་འཁོར་དེ་ཙམ་མང་པོ་ཞིག་ལ་རྒྱ་ཆེ་བའི་སྒོ་ནས་ཆོས་གསུང་ཐུབ་ཨེ་ཡོད་ན་དྲན་གྱི་ཡོད། ༧གོང་ས་མཆོག་ནི་མགོན་པོ་ཀླུ་སྒྲུབ་དང་རྒྱལ་སྲས་ཞི་བ་ལྷའི་ལྟ་སྤྱོད་རྨད་དུ་བྱུང་བ་སྟེ། རིགས་པ་དང་འབྲེལ་བའི་ལམ་བཟང་པོ་འདི་འཛམ་གླིང་དུ་སྤེལ་མཁན་གྱི་སངས་རྒྱས་ཀྱི་ཕོ་ཉ་དངོས་རེད།
སྟོན་པའི་ཕ་ཡུལ་ཏེ། འཕགས་པའི་ཡུལ་གྱི་སྐྱེ་བོ་དག་གིས་རང་ཉིད་ཀྱི་དགེ་ཕྲུག་ཡིན་པའི་ནང་པའི་ལུང་པ་གཞན་གྱི་ཆོས་ཀྱི་སློབ་དཔོན་ཞིག་ལ་ཡོངས་ཁྱབ་ཀྱི་ཐོག་ནས་ཚད་མཐོའི་གཙུག་ཏུ་བཀུར་བ་ཞིག་ལོ་རྒྱུས་ཀྱི་ཁྲོད་དུ་༧གོང་ས་མཆོག་དང་མཉམ་པ་ཞིག་ད་བར་བྱུང་མེད་པའི་ཡིད་ཆེས་ཡོད། འདིའི་སྐོར་ངས་རྒྱ་གར་བའི་མིག་ཀོང་ནས་མཇལ་བའི་༧གོང་ས་མཆོག་ཅེས་པའི་རྩོམ་ཡིག་ཏུའང་ལམ་ཙམ་བྲིས་པ་ཡིན། ཡིན་ན་ཡང་། འདི་དག་གང་གིས་ཀྱང་མ་འོངས་པའི་ཚབ་བྱེད་ཐུབ་ཀྱི་མེད་པ་དེ་དངོས་ཡོད་ཡིན་སྲིད་པར་བསམ་བློ་འཁོར་དགོས་རེད།
༡༠༽ ༧གོང་ས་མཆོག་གིས་འབྱུང་འགྱུར་ལ་གཟིགས་སྟངས།
མཚམས་མཚམས་ང་ཚོས་དོན་དག་མང་པོ་ཞིག་རང་གིས་རང་ལ་བརྒྱུད་མར་དྲན་གསོ་མ་བཏང་ན་གཏིང་བརྗེད་དུ་འགྱུར་སྲིད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་དབུ་ཁྲིད་ལ་བརྩིས་སྤྲད་གནང་བ་རེད། ཚང་མས་ང་མེད་པ་ནང་བཞིན་གྱིས་ཤོག་ཨང་། ཞེས་ཡང་དང་ཡང་དུ་གསུངས་པ་རེད། མི་གཅིག་ལ་བསྟེན་པའི་བསམ་བློ་ནི་ཕུགས་སུ་ཉེན་ཁ་ཅན་ཞིག་རེད་ཅེས་གསུངས་པ་རེད། སྐབས་དེར་ང་ཚོ་མང་པོ་ཞིག་ལ་བཀའ་མོལ་དེ་དག་ཉན་ཐོས་ལ་ཐེག་ཆེན་བསྟན་པ་བཞིན་དང་དུ་ལེན་དཀའ་བ་དང་། གློ་བུར་ཚ་དྲགས་པ། འཇུ་དཀའ་བ་བཅས་ཡིན་པའི་ཚོར་སྣང་བྱུང་ཡོད། ཡིན་ན་ཡང་། ད་ཆ་བསམ་བློ་བཏང་ན་༧གོང་ས་མཆོག་གི་དགོངས་གཞི་དེ་ཚོ་ཅི་འདྲའི་ཡང་དག་པ་དང་། དངོས་ཡོད་གནས་ཚུལ་ལ་ཁ་ཕྱོགས་པ། མ་འོངས་པར་རྒྱང་གཟིགས་གནང་བ་ཞིག་ཡིན་པ་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་ཡོད། ད་དུང་༧གོང་ས་མཆོག་གི་འདས་པའི་མི་ལོ་དྲུག་ཅུའི་རིང་གི་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་པའི་འགྱུར་བ་གཏོང་ཕྱོགས་མང་པོ་ཞིག་ཧ་ཅང་ཞིབ་ཚགས་ལ་བརྒྱུད་རིམ་ལྡན་པ་ཡིན་པ་དེ་སེམས་ཐོག་ནས་ཚོར་སྐབས། དད་གུས་ཀྱི་ཚོར་བ་གནོན་མི་ཐུབ་པ་དེ་འདྲ་ཡང་ཡང་འབྱུང་གིན་ཡོད། འདི་དག་གི་ཐད་ཀྱི་ངའི་གོ་རྟོགས་དེ་རྣམ་པ་ཚོ་ལས་ཞན་པ་ཡོད་ཀྱི་མ་རེད།
༡༡༽ ལོ་རྒྱུས་ཀྱིས་ལེ་བདའ་མི་ཡོང་བ་ཞིག་དགོས།
ཡིན་ན་ཡང་། ང་ཚོར་འདོད་པ་ཡོད་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་མི་བཞུགས་པའི་ཉི་མ་ཞིག་ཡོང་གི་རེད་ལ། ད་ལྟ་ནང་བཞིན། སྤྱི་ཚོགས་ཀྱི་གནོན་ཤུགས་ལ་འཛེམས་ཟོན་དང་བསྟུན་ཤེས་དགོས་པ་དེ་འདྲ་མིན་པར། འདས་པའི་དུས་ཀྱི་གནང་ཕྱོགས་དང་འབྲེལ་བའི་ཐག་གཅོད་འོས་འཚམས་བྱུང་མེད་པའི་དོན་དག་དེ་འདྲའི་ཐད་ཉིན་གཅིག་དེ་རིང་གི་ང་ཚོར་ལེ་བདའ་བྱེད་སྲིད་པ་ཞིག་རེད། ད་ལྟའི་༧གོང་ས་མཆོག་གི་མཛད་པའི་ཟུར་ཕྲ་མོ་ཙམ་ཡང་མ་འོངས་པའི་ལོ་རྒྱུས་ཀྱིས་ཁག་འདོགས་བྱ་ཡུལ་མ་ཆགས་པ་ཞིག་ལ་བསམ་བློ་གཏོང་རྒྱུ་དེ་ནི་ལུགས་གཉིས་གང་ཐད་ནས་ང་ཚོས་ཕུགས་རྒྱང་རིང་པོའི་༧གོང་ས་མཆོག་ལ་འགན་ཁུར་ལེན་སྟངས་ཤིག་ཏུ་ངོས་འཛིན་ཐུབ་དགོས།
སྐབས་རེར་བླ་ཆེན་མི་ཆེན་དག་གི་ཁ་ཉེ་ཐག་ཉེ་ན་ཡོད་པའི་མི་དེ་ཚོ་འཕྲལ་གྱི་གནས་བབ་ལེགས་པོ་ཁོ་ནའི་དྲོད་ཀྱིས་གཟི་ཞིང་། འབྱུང་སྲིད་པའི་དོན་དག་ལ་སྣང་ཆུང་བྱེད་ཐལ་ཤོར་བ་དང་། སོ་སོའི་འཕྲལ་གྱི་ཁེ་ཕན་ཉི་ཚེ་བ་སྲུང་སྐྱོབ་ཀྱི་ཆེད་བསམ་ཚུལ་མི་མཐུན་པ་བཤད་རྒྱུར་འཛེམས་ཟོན་བྱས་ནས་ཕུགས་རྒྱང་རིང་པོའི་དོན་དག་གི་ཐོག་འགན་མ་ཁུར་བ་དེ་འདྲ་མང་པོ་བྱུང་ཡོད། འདི་ནི་ཉེན་ཁ་ཅན་ཞིག་རེད།
༡༢༽ ཤེས་ཡོན་པའི་བརྡ་ལན་ནི་མ་འདྲ་བ་ཞིག་ཡིན་དགོས།
ད་ལྟའང་མི་ཁག་ཅིག་ནི་ལྡོག་ཕྱོགས་ཀྱི་གནས་ཚུལ་བསླེབས་པ་དང་ཁྲོ་ཆོག་ཆོག་ཡོད་པར་མ་ཟད། ཁོར་ཡུག་མེད་པ་མ་གཏོགས་གྲྭ་དམག་བུད་ནས་རུབ་རྡུང་བྱེད་པའི་དུས་ཚོད་དེའི་བསམ་བློ་རང་འཇགས་བྱས་ནས་བསྡད་ཡོད་པ་ཞིག་ཚོར།
ཐ་ན་དུས་རྒྱུན་རྩི་མཐོང་དང་ཆ་འཇོག་ཞུ་ཡུལ་གྱི་ཤེས་ཡོན་རྣལ་མ་ཡོད་པའི་རིགས་ཏེ། དཔེར་ན། ལོ་ཙཱ་བ་ཆུང་ཚེ་རིང་དང་། ཧོར་གཙང་འཇིགས་མེད། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལྟ་བུས་ཀྱང་ཐེངས་འདིའི་གནད་དོན་ཐོག་ཐུགས་ཁུར་དང་བཀའ་མོལ་གནང་སྟངས་ནི། ཚོར་བ་ཤུགས་ཆེ་བ་དང་། ཕྱོགས་ཡོངས་ལ་དགོངས་པ་མ་འཁོར་བ། དངོས་ཡོད་ཀྱི་འཇིག་རྟེན་ལས་ཕྱིར་གཤིགས་རྒྱག་བཞིན་ཡོད་པའི་ཚོར་བ་ཞིག་སྤྲད་བྱུང་། དེ་ནི་གཟབ་ནན་གྱིས་མ་འདང་བ་ཞིག་ཡིན་པ་སྨྲོས་མ་དགོས། ཕ་རོལ་པོར་སྤྱིར་བཏང་གི་བརྡ་ལན་གྱི་རྣམ་འགྱུར་སྟོན་པ་དེར་ཐལ་ཆ་འདུག་ཅེས་ནམ་ཡང་ཞུ་གིན་མེད། ཡིན་ན་ཡང་། རྣམ་འགྱུར་སྟོན་སྟངས་ཀྱི་ཆ་ནས་ཤེས་ཡོན་པ་དང་དངོས་ཡོད་ལ་ཐུགས་བསམ་བཞེས་མཁན་ཚོའི་གནང་སྟངས་དེ་དཀྱུས་མ་དང་མ་འདྲ་བ་ཞིག་དགོས།
མི་ཞིག་གིས་སྐད་ཆ་སྡུག་པོ་ཐེངས་གཅིག་བཤད་པ་དེས་མི་དེའི་སྐད་ཆ་ཡོད་ཚད་གནས་ལུགས་མེད་པར་འགྱུར་མི་སྲིད་ལ། མི་ཞིག་གིས་སྐད་ཆ་ཡག་པོ་ཐེངས་གཅིག་བཤད་པ་དེས་མི་དེའི་གཏམ་སྤྱོད་ཡོད་ཚད་ཡག་པོ་ཡིན་པའང་མི་མཚོན། མ་གཞི་ནས། ང་ཚོ་སུ་ལའང་ཨོ་རྒྱན་སྟོབས་རྒྱལ་སྡུག་ཅག་ཅིག་ཡིན་དགོས་པའི་དམིགས་ཚད་ཅིག་མེད་པ་རེད། དེའི་ཕྱིར་ཁོའི་སྐད་ཆ་གང་བཤད་པ་དེ་དག་ཀྱང་ང་ཚོས་ཀྱང་འགྲིགས་པ་འགྲིགས་པའི་ཁོངས་སུ་འཇོག་རྒྱུ་དང་། མ་འགྲིགས་པ་མ་འགྲིགས་པའི་ཁོངས་སུ་འཇོག་དགོས་སྙམ།
ཆབ་སྲིད་ཀྱི་རྩེད་མོའི་ངོས་ནས་ངའི་བཤད་སྟངས་འདི་ཕྲུ་གུའི་བསམ་བློ་ལྟ་བུ་ཞིག་ཡིན་སྲིད་ན་ཡང་། ཤེས་ཡོན་པ་རྣལ་མ་ཡིན་ངེས་སྙམ་པ་དག་ལ་འདི་ལྟ་བུའི་རེ་བ་ཞིག་བཅངས་པར་ཐལ་ཆ་གང་ཡང་མེད། འདི་ནི་ངས་གདེང་འཇོག་ཆེ་བའི་དབང་གིས་ཡིན་པ་ལས། གལ་ཏེ་ཁོང་དག་ཀྱང་ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་ཞིག་ཡིན་ན་ངས་འདི་ལྟ་བུའི་ཡུས་ཞུ་རྒྱུ་མ་རེད།
༡༣༽ ལོ་རྒྱུས་ཀྱི་རྒྱུ་ཆ་ལ་ཕྱོགས་རིས་མི་རུང་།
གུས་པས་ཉིན་འདི་གར་ཡི་གེ་འདི་འབྲི་བཞིན་པའི་སྐབས་སུ་རྒན་ཐུབ་བསྟན་ཡར་འཕེལ་གྱི་ངོ་དེབ་ཐོག་ནས་ཁོང་གིས་བསྡུ་བསྒྲིགས་གནང་བའི་ངོ་དེབ་དཔར་མཛོད་ཀྱི་དོན་རྐྱེན་དེ་དང་འབྲེལ་ཡོད་ཀྱི་ཡི་གེ་དེ་ཚོར་རགས་རིམ་ཞིག་བལྟས་པ་ཡིན། ཁོང་གིས་སྔ་ཕྱིའི་ཡི་གེ་བརྒྱ་ཡས་མས་ཤིག་ཕྱོགས་གཅིག་ཏུ་བསྒྲིགས་གནང་འདུག་ན་ཡང་། དེའི་ནང་དུ་དྲ་ལམ་ནས་དབང་བསྐུར་ན་འགྲིག་མིན་དང་འབྲེལ་བའི་སྤྲུལ་སྐུ་པདྨ་དབང་ཆེན་དང་། ཀླུ་སྨྱོན་སོགས་ཀྱིས་བྲིས་པའི་དཔྱད་བརྗོད་ཀྱི་རིགས་དང་། འབྲེལ་ཡོད་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཆོས་རིག་བཀའ་བློན་དང་བྲག་གཡབ་སྐྱབས་མགོན། བོད་ཀྱི་བང་ཆེན་སོགས་དང་འབྲེལ་བའི་གཏམ་ལན། ཐ་ན་དོ་བདག་གི་ཐ་མའི་དགོངས་སེལ་གྱི་ཡི་གེའང་དེར་བསྡུས་མི་འདུག །
གནང་སྟངས་འདིའི་ཀུན་སློང་ལ་སྐྱོན་ཡོད་པའི་ཡིད་ཆེས་མེད་ན་ཡང་། སྐབས་དེར་ང་ལ་ང་ཚོའི་དོ་བདག་གང་ཞིག་དང་གདོང་ཐུག་རྒྱག་སྐབས་ཕྱོགས་གཅིག་ཁོ་ན་མ་གཏོགས་བསམ་བློ་གཏོང་མི་ཐུབ་པའི་ཞན་ཆ་དེ་འདི་ལྟར་ཡོང་བ་ཞིག་ཡིན་པ་དང་། བསྟན་པ་སྔ་དར་སྐབས་ཀྱི་བན་བོན་གྱི་གནད་དོན། ཀཱ་ཤི་དང་ཧ་ཤང་གི་གནད་དོན། གླང་དར་གྱི་མགོ་ལ་ར་ཡོད་མེད་ཀྱི་གནད་དོན་ཚུན་ཆད་ང་ཚོས་ཡིག་ཚགས་ཤིག་བསྔོགས་ན་ཡང་ཕྱོགས་གཅིག་རྐྱང་པའི་བཤད་སྟངས་ལས་མཐོང་རྒྱུ་མེད་པའང་འདི་འདྲ་ཞིག་གི་རྒྱུ་རྐྱེན་ལས་བྱུང་བ་རེད་ཨང་སྙམ་པའི་བསམ་བློ་ཞིག་དབང་མེད་དུ་འཁོར་བཅུག་བྱུང་།
ཁོང་གིས་ཀྱང་ཨོ་རྒྱན་སྟོབས་རྒྱལ་ལ་རྒོལ་ལན་གྱི་རིགས་ཕྱོགས་གཅིག་ཏུ་ཉར་ཚགས་བྱས་པ་ཙམ་ཡིན་པས་ངོ་གདོང་ནས་བལྟས་ན་དཀའ་ངལ་ཅན་ཞིག་མིན་ན་ཡང་། གལ་ཏེ། མ་འོངས་པར་ཞིབ་འཇུག་རང་གི་དམིགས་ཡུལ་གྱི་ཐོག་ནས་མི་ཞིག་གིས་འདི་ཉིད་དོན་རྐྱེན་ཞིག་ཏུ་བལྟས་ནས་ཁོང་གི་དཔར་མཛོད་ཐེངས་གཅིག་ཉུལ་བ་ཡིན་ན་དེ་དུས་ཕལ་ཆེར་མགོ་འཐོམས་ངེས་རེད་ལ། ལོ་རྒྱུས་ཀྱི་རྒྱུ་ཆ་ཞིག་ཡིན་པའི་ངོས་ནས་ནི་ང་ཚོའི་འདོད་ཕྱོགས་ཡིན་མིན་ལ་མ་ལྟོས་པར་ཕྱོགས་ཡོངས་ལ་དགོངས་པ་བཞེས་གནང་རྒྱུ་དེ་ཅིས་ཀྱང་མེད་དུ་མི་རུང་བ་ཞིག་རེད་སྙམ། ད་ཆ་ང་ཚོ་ངེས་པར་དུ་སྔོན་གྱི་བསམ་བློ་གཏོང་སྟངས་ཀྱི་གནས་བབ་དེ་དག་ལས་བརྒལ་བ་ཞིག་དགོས་ཀྱི་མི་འདུག་གམ།
༡༤༽ རང་སེམས་དཔང་བོར་བཞག་པའི་སེམས་ཁུར།
རྒྱུད་སྟོད་གྲྭ་ཚང་གི་ཡི་གེ་དེའི་ནང་དོན་ཀྱང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སོགས་དང་འདྲ་བར། ༧གོང་ས་མཆོག་གིས་གང་གསུངས་ན་དེ་ཡིན། གཙོ་བོའི་ཇི་ལྟར་བཀའ་བསྩལ་ཡིན། ཁྱེད་བསྟན་པའི་བདག་པོ་ཡིན་པས་གང་གནང་ན་དེ་ཡིན། ཁྱེད་ཀྱིས་དབང་ཐོབ་གསུངས་ན་ཐོབ་པ་རེད། ང་ཚོར་དད་པ་རྣམ་པར་དག་པ་ཡོད་པས་ཁྱེད་ཀྱི་གསུངས་པ་རང་ཡིན་ཞེས་ཟེར་བ་དེ་རྒྱུ་མཚན་གྱི་ལྟེ་བར་བཞག་འདུག།
ད་དུང་ཡིག་ཆ་དེ་དག་གི་ཟུར་མང་པོ་ཞིག་ནས། ཁྱེད་ཐུགས་མ་ཕམ། ང་ཚོ་ཁྱེད་ཀྱི་རྒྱབ་ན་ཡོད། ད་རེས་ང་ཚོར་གནས་དུས་ཚོད་རྩིས་བྱེད་ཀྱི་འདུག་རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་དུ་འཇོག་གི་མིན་། ཟེར་བ་ལྟ་བུ་དང་། ཡང་གྲྭ་ཚང་དང་ཚོགས་སྡེ་གཅིག་གིས་བྲིས་ན་གཉིས་པ་དེས་ཀྱང་འབྲི་དགོས་པ་དང་། ངོ་རྒོལ་བསྒྲགས་གཏམ་སྤེལ་རྒྱུ་དེ་༧གོང་ས་མཆོག་ལ་བློ་དཀར་སེམས་དཀར་མཚོན་བྱེད་ཀྱི་ཚད་ཐིག་ལྟ་བུ་ཞིག་ཆགས་ན། དེ་ནི་༧གོང་ས་མཆོག་གི་མཛད་ཕྲིན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་གཞི་ཞིག་ཆགས་སྲིད་པ་མཐོང་གི་ཡོད།
ངའི་སེམས་ཁུར་འདི་ནི་༧གོང་ས་མཆོག་ལ་འཛིན་པའི་ཟོལ་མེད་ཀྱི་དགའ་གུས་འབའ་ཞིག་ལས་བྱུང་བ་ཡིན་པ་འདི་ངས་རང་སེམས་ལ་དཔང་པོར་བཅོལ་རྒྱུ་ཡིན། ཡིད་ཆེས་གནང་མིན་གང་ལྟར། རེ་ཞིག་ང་ལ་དེ་ལས་བཟང་བའི་ཐབས་ཤེས་གཞན་གང་ཡང་མེད།
༡༥༽ ཚོར་བའི་དབང་དུ་འགྲོ་མི་རུང་།
འདིའི་ཐད། རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གིས་ཉེ་ཆར། ངས་བསམ་ན་༧རྒྱལ་བ་རིན་པོ་ཆེའི་ངོས་ནས་བསམ་བློ་བཏང་བ་ཡིན་ན་ཁོང་ལ་སྐུར་འདེབས་ཞུ་མཁན་ལས་བོད་མི་སྤྱིའི་དོན་དག་ལ་བསམ་ཤེས་མེད་པར་ནང་ཁུལ་ཐུག་པ་དཀྲུག་དཀྲུག་བྱེད་པ་དེ་ཐུགས་ཕམ་ཆེ་བ་ཡོང་གི་རེད། ཅེས་གསུངས་པ་དང་འདྲ་བར། ང་ཚོས་སྐབས་སྐབས་དོན་དངོས་ཐོག་བྱ་བ་གང་འདྲ་ཞིག་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞིར་འགྱུར་སྲིད་པ་དང་། དོན་དག་གང་ཞིག་གིས་ཁོང་གི་ཕྲིན་ལས་ལ་གནོད་ཀྱི་ཡོད་པ་དེ་ངོས་འཛིན་གསལ་པོ་མ་ཐུབ་པ་དེ་འདྲ་ཡོང་གིན་འདུག །
མཚན་སྨད་དང་སྐྱོན་བརྗོད་དེ་འདྲ་བྱུང་ན་ཚོར་བ་ལོས་ཡོད། ཡིན་ན་ཡང་། བཀའ་ཤག་དང་སྤྱི་འཐུས་གྲོས་ཚོགས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ལྟ་བུས་དགོས་ངེས་དང་འོས་འཚམས་ཀྱི་ལངས་ཕྱོགས་གསལ་སྟོན་བྱས་ཏེ་དགག་པ་ནན་ཏན་དུ་བརྒྱབ་ཚར་བ་ཡིན་ན་དེ་གས་འཐུས་པ་ཞིག་ཏུ་ངོས་འཛིན་དགོས་སྙམ།
མ་གཞི་ངས་བསམ་ན། སྐྱོན་བརྗོད་དང་སྐུར་འདེབས་ཞུ་མཁན་བྱུང་བ་ཙམ་གྱིས་༧གོང་ས་མཆོག་སྐུ་རྐྱང་དུ་འཕུད་ཀྱིན་འདུག་སྙམ་པ་ནི་ནོར་འཁྲུལ་རེད། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་འགའ་རེ་ཡོད་པ་ཙམ་གྱིས་༧གོང་ས་མཆོག་གི་དངོས་ཡོད་ཀྱི་བོད་གངས་ཅན་གྱི་སྐྱེ་བོ་དག་གི་སེམས་གཏིང་དུ་ཡོད་པའི་སྤྱི་ནོར་གྱི་གནས་བབས་དེར་གཡོ་འགུལ་ཐེབས་པ་ཞིག་གཏན་ནས་མ་རེད། སྤྱི་ནོར་སྤྱི་ནོར་གྱི་ས་ལ་འཇོག་པ་ནི་རང་གཞན་ཐུན་མོང་གི་དོན་དག་ཡིན།
༡༦༽ གསན་འདོད་ཆེ་ཤོས་ཀྱི་ཐུགས་རེ།
གོང་དུ་ཡང་བཤད་ཡོད། ༧གོང་ས་མཆོག་གིས་དབང་གནང་ན་ཐོབ་ས་ཞིག་ལ་ཐོབ་ཀྱི་ཡོད་པ་དེ་རྒྱུད་ཚོད་མཐོན་པོའི་བླ་སློབ་ནང་ཚགས་ཀྱི་དོན་དག་ཅིག་རེད། སངས་རྒྱས་ཀྱི་མཛད་པ་དང་། གང་ཟག་དགོས་བཙན་གྱི་འགྲོ་ལུགས་རེད། རྒྱུད་སྟོད་གྲྭ་ཚང་ལྟ་བུ་རིམ་གཉིས་བཤད་སྒྲུབ་སྙིང་པོར་བྱེད་པའི་སློབ་མ་ཚོར་དྲ་ལམ་ནས་དབང་ཞུས་ན་ཐོབ་པའི་གདེང་ཚད་ཡོད་ལོས་ཆོག །དེ་ལ་ཡང་དགག་པ་མེད།
འོན་ཀྱང་། དྲ་ལམ་དབང་བསྐུར་དེ་རིམ་གྱིས་ལམ་ལུགས་སུ་གྱུར་ན་དེ་ལ་ཕུགས་ཀྱི་ཉེན་ཁ་ཞིག་ཡོད་མེད་ཀྱི་ཕྱོགས་ལ་ཐུགས་བསམ་ཅུང་ཟད་ཙམ་ཡང་མ་འཁོར་བ་འདིར་སེམས་འཚབ་བྱུང་། འདིའི་ཐད་ང་ཚོར་ཚོར་བའི་དབང་དུ་མ་སོང་བའི་བགྲོ་གླེང་ཞིག་ཅིས་ཀྱང་བྱུང་ཡོད་འོས། བླ་མ་དང་འབྲེལ་བའི་མཛད་པ་ལ་ཡང་དོན་དངོས་དང་མཐུན་པའི་བརྟག་ཞིབ་བྱེད་པ་དང་། དཔྱད་པ་བྱས་པའི་གྲུབ་དོན་དང་། བསམ་ཚུལ་མ་འདྲ་བ་དེ་ཚོ་བླ་མའི་སྙན་དུ་འཇོག་པ་དེ་ཚོ་མ་གཞི་ནས་༧གོང་ས་མཆོག་གི་ངོས་ནས་གསན་འདོད་ཆེན་པོ་ཡོད་པ་ཞིག་ཡིན་པའི་ཡིད་ཆེས་ཡོད།
སྔར་མཁས་དབང་ཟླ་བ་ནོར་བུ་དང་། ཆོས་རྒྱལ་ནམ་མཁའི་ནོར་བུ་སོགས་ཀྱི་༧སྤྱི་ཚོགས་ཀྱིས་དང་ལེན་དཀའ་བའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་འབྲེལ་ཡོད་བསམ་ཚུལ་མང་པོ་ཞིག་ལའང་སྐབས་དེའི་མི་མང་བྱིངས་ཀྱི་བསམ་ཚུལ་ལས་ལྡོག་སྟེ། ༧གོང་ས་མཆོག་གིས་ཧ་ཅང་ཐུགས་ཐག་ཉེ་བོས་རྒྱབ་སྐྱོར་དང་སྐུལ་མ་གནང་བའི་ཚུལ་ཁོང་རྣམ་པའི་འབྲེལ་ཡོད་ལོ་རྒྱུས་དག་ཏུ་གསལ་ལ། སྔར་ཞིག་ལ་མཁས་དབང་ནམ་མཁའི་ནོར་བུ་སྐུ་དངོས་ཀྱིས་གུས་པར་འདིའི་སྐོར་ཡིད་འགུལ་ཤིན་ཏུ་ཐེབས་པའི་བཀའ་མོལ་ཞིག་ཀྱང་གནང་མྱོང་ཡོད།
མ་ཟད། ༧གོང་ས་མཆོག་གི་དུས་དང་མཐུན་པའི་དཀྱེལ་ཡངས་ཀྱི་དགོངས་པར་སྐབས་དེའི་སྲོལ་རྒྱུན་ལ་ཞྭ་མི་ཕུད་མཁན་གསར་རྗེ་དང་གུང་ཁྲན་གྱི་ཁྲག་དྲོན་འཕྱུར་བཞིན་པའི་རང་རྟོན་ཅན་གྱི་གཞོན་ནུ་འབའ་བ་ཕུན་ཚོགས་དབང་རྒྱལ་ཀྱང་སེམས་འགུལ་གྱིས་མིག་ཆུ་འཆོར་དགོས་པ་བྱུང་བའི་ལོ་རྒྱུས་ཡོད།
༡༧༽ འབྲོམ་སྟོན་པས་ཇོ་བོ་ལ་ཞུ་སྐུལ་ཕུལ་བ།
སྔར་ཇོ་བོ་རྗེ་ལྷ་གཅིག་བོད་དུ་ཕེབས་སྐབས་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་བོད་དུ་གསང་སྔགས་མང་པོ་སྟོན་པ་འོས་འཚམས་མིན་པའི་ཞུ་བ་ཕུལ་བ་རེད། འབྲོམ་གྱིས་ཇོ་བོས་གསང་སྔགས་བླ་མེད་སྟོན་རྒྱུར་བཀག་འགོག་ཞུས་པ་ཡོངས་གྲགས་ཡིན། ཁོང་གིས་དེ་ལྟར་གནང་བ་དེ་ཡང་བླ་མར་དད་པ་མེད་པ་དང་། བླ་མའི་མཛད་པ་ལ་སྐྱོན་ཡོད་པས་མིན་ཡང་། འབྲོམ་རིན་པོ་ཆེས་སྐབས་དེའི་བོད་ཀྱི་གསང་སྔགས་ཀྱི་གནས་བབ་མང་པོ་ཞིག་ལ་དགོངས་ནས་བསྟན་པའི་གཞི་ལེགས་པར་ཚུགས་པའི་ཆེད་དུ་རྒྱུས་ཡོད་ཀྱི་ཆ་ནས་རང་གི་བསམ་ཚུལ་ཇོ་བོ་ལ་ཞུས་པ་ཞིག་རེད། དེ་ནི་༧གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་སྤོབས་པ་ཆེན་པོས་ངོ་སྤྲོད་གནང་བཞིན་པའི་སྟོན་པ་བཀའ་དྲིན་ཅན་གྱི་དགོངས་པ་སྟེ། དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ལས། བསྲེགས་བཅད་བདར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ན་ང་ཡི་བཀའ།། བླང་བར་བྱ་ཡི་མོས་པའམ།། གཞན་གྱིས་མཁས་པ་འཇུག་མི་བྱ།། ཞེས་གསུངས་པའི་དོན་ཡང་རེད། མ་རེད་དམ།
༡༨༽ སྙོམས་སྒྲིག་གི་ལྷུ་ལག་གལ་ཆེ་ཤོས།
འཇིག་རྟེན་ཚུལ་མཐོང་གི་ངོས་ནས་ཞུས་ན། ཕྱི་ལོག་དང་ཁོར་ཡུག་གི་གནས་ཚུལ་མང་པོ་ཞིག་བླ་མས་ཐད་ཀར་མཁྱེན་རྟོགས་ཐུབ་ཀྱི་མེད་སྟབས། ངེས་པར་དུ་དེ་འབྲེལ་གྱི་ལས་འགན་མང་པོ་ཞིག་ང་ཚོ་སློབ་མ་ཚོ་དང་གཤམ་འོག་གི་ལས་ཀྱི་སྣེ་མོ་བ་དག་གི་ལས་དོན་གྱི་ཁྱབ་ཁོངས་སུ་འཇོག་དགོས། འདི་བླ་མ་སྲུང་སྐྱོབ་བྱེད་སྟངས་གལ་ཆེ་ཤོས་ཤིག་ཡིན་པ་དང་། བླ་མ་དང་དབུ་ཁྲིད་ཀྱི་མཛད་པ་སྤྱི་ཚོགས་ཀྱི་དོན་དངོས་དང་ཆོས་ཉིད་ཀྱི་ལྡོག་ཕྱོགས་སུ་མི་འགྲོ་བའི་སྙོགས་སྒྲིག་གི་ལྷུ་ལག་གལ་ཆེ་ཤོས་དེ་ཡིན། གལ་ཏེ་དེ་རིགས་ཚང་མ་གཅམ་བུ་བྱས་ནས་བཞག་ན་དེ་ནི་བླ་མ་སྐུ་རྐྱང་དུ་འཕུད་སྟངས་ངོ་མ་དེ་མ་རེད་དམ། གལ་ཏེ་ང་ཚོས་བླ་མ་ལ་བཟང་ཕྱོགས་ཀྱི་གནས་ཚུལ་ཁོ་ན་ཞུས། བླ་མས་གང་གནང་བ་ལ་དགོས་ངེས་ཀྱི་སློབ་སྟོན་དང་བསམ་ཚུལ་གྱི་དཔྱད་གཞི་འབུལ་བ་ཙམ་ཡང་མི་བྱེད། བླ་མའི་དགོངས་གཞི་སྤྱི་ཚོགས་ཐོག་ལག་བསྟར་བྱེད་ཐབས་ལ་དམིགས་བསལ་གྱི་འགན་གང་ཡང་མི་ཁུར་བ་ཡིན་ན། དེ་ཙ་ན། ང་ཚོས་ཞབས་ཏོག་ཞུ་རྒྱུའི་ཚབ་ལ་ཁོང་རྣམ་པ་ཉེན་ཁའི་གནས་སུ་སྐྱེལ་བཞིན་ཡོད་པ་རེད།
༡༩༽ ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཅིག
སྟོན་པ་ཐུགས་རྗེ་ཅན་གྱིས་ཆོས་འདུལ་བའི་གླེང་གཞི་དང་འབྲེལ་པའི་བཅའ་བ་རེ་རེར་ཡང་། སྐུ་དངོས་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་ལ་གཟིགས་ཞིབ་གནང་། དོན་རྐྱེན་རེ་རེ་བཞིན་སྐབས་ཐོག་དེའི་འབྲེལ་ཡོད་མི་སྣ་ལ་ཐད་ཀར་རམ། ཉེ་གནས་ཀུན་དགའ་བོ་བརྒྱུད་ནས་འདྲི་བརྩད་མཛད། ཀུན་དགའ་བོས་ཀྱང་ཕྱི་ལོགས་ཀྱི་གནས་ཚུལ་མང་པོ་ཞིག་དུས་ནས་དུས་སུ་ཡར་ཞུ་ཕུལ། སྐབས་སྐབས་དཔོན་གཡོག་ཚང་མ་མཉམ་དུ་རུག་རུག་བྱས་ནས་སངས་རྒྱས་ཀྱི་མདུན་དེ་ཀར་དངོས་ཡོད་གནས་ཚུལ་ར་སྤྲོད་བྱེད་ཆེད་འཁྲུགས་ཆ་དོད་པོའི་རྩོད་གླེང་དང་སྦྱངས་བཤད་གནང་བ་བཅས་ཡོང་གིན་ཡོད། སངས་རྒྱས་ཀྱིས་རང་ངོས་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་རྒྱུར་དོ་སྣང་ཆེན་པོ་གནང་བ་མ་ཟད། ཀུན་དགའ་བོས་ཀྱང་སངས་རྒྱས་ལ་དགོས་ངེས་ཀྱི་རམ་འདེགས་ཆ་ཚང་ཞུས་ཡོད། འདི་དང་འབྲེལ་བའི་གཏམ་རྒྱུད་ཡིད་འཕྲོག་པ་གྲངས་མེད་ཅིག་ཡོད་པའི་ནང་ནས་གཅིག་ནི། འཕགས་པ་སངས་རྒྱས་ཀྱི་ཐབས་ལ་མཁས་པའི་དྲིན་ལན་བསབ་པའི་མདོའི་གླེང་གཞིའི་ནང་དུ་སངས་རྒྱས་དང་ཉེ་གནས་ཀུན་དགའ་བོ་གཉིས་ཀྱི་བར་དུ་བྱུང་བའི་བཀའ་མོལ་རིང་པོ་ཞིག་ཡོད་པ་དེ་ཡིན།
༢༠༽ བཀའ་ཤག་ལ་བསམ་བློ་འདི་འཁོར་མི་འདུག
ལར་ནས་ད་ལྟའི་དཔལ་ལྡན་བཀའ་ཤག་འདིས་འཛིན་སྐྱོང་སོགས་གང་ཅིར་ཕྱག་ལས་ཡག་པོ་གནང་བཞིན་ཡོད་པའི་མཐོང་ཚུལ་ཡོད། ཡིན་ན་ཡང་། ངས་བསམ་ན། དབུ་སྲིད་སྐྱོང་ནས་བཟུང་སྟེ་བཀའ་བློན་རྣམ་པ་བཅས་ཚང་མས་དབང་བསྐུར་དྲ་ལམ་ནས་བྱས་ན་དོན་གྱིས་ཕུགས་རྒྱང་རིང་པོའི་བོད་བརྒྱུད་ནང་བསྟན་གྱི་བསྟན་རྒྱུན་ལ་འབྲེལ་བ་ཞིག་ཆགས་ཀྱི་ཡོད་མེད་དང་། མ་འོངས་པར་སྐབས་འཚོལ་རིང་ལུགས་པ་ཚོས་༧གོང་ས་མཆོག་གིས་དེ་ལྟར་གནང་བ་ལ་ཁག་བཞག་ནས་གསང་སྔགས་ཀྱི་དབང་གང་བྱུང་དུ་དྲ་ལམ་ནས་བསྐུར་བ་ཞིག་ཡོང་སྲིད་པ། སྐབས་དེར་སྟངས་འཛིན་དང་དོ་དམ་གང་འདྲ་བྱ་དགོས་སོགས་དྲ་རྒྱའི་དུས་རབས་ཀྱི་རྙོག་འཛིངས་ཆེ་བའི་དཀའ་ངལ་འདི་ཆོས་ལུགས་དར་སྤེལ་གྱི་ཁྱབ་ཁོངས་ནས་གདོང་ལེན་བྱ་དགོས་ཁེལ་ངེས་ཡིན་པ་སོགས་ལ་བསམ་བློར་འཁོར་མི་འདུག །
ཁོང་ཚོས་འགྲོ་བ་སྡུག་བསྔལ་གྱི་མནར་བ་དག་གི་ཆེད་དུ་དབང་ཞུ་བར་གསོལ་བ་འདེབས་རྒྱུར་བྲེལ་བཞིན་ཡོད་པའི་ཁུལ་རེད་དེ། སྤྱིར་བཏང་གི་དྲ་ལམ་ནས་ལས་འགུལ་ཞིག་མཉམ་ཞུགས་བྱེད་སྐབས་སམ། རོལ་རྩེད་ཅིག་ལ་མཉམ་སྤྱོད་བྱེད་སྐབས་ཀྱི་དགོས་ངེས་ཀྱི་ཐོ་འགོད་དེབ་སྐྱེལ་ལྟ་བུའི་ཚད་གཞི་བཟོ་ཐུབ་མེད། དྲ་ལམ་རང་གི་འགྲོ་ལུགས་ལྟར་༧གོང་ས་མཆོག་གི་དབང་གྲལ་དུ་ཞུགས་པར་མ་མཐའི་ཚད་གཞི་ཞིག་ཀྱང་བཟོས་མེད།
བཀའ་ཤག་གི་ངོས་ནས་༧གོང་ས་མཆོག་གིས་གནང་རྒྱུའི་དབང་དེ་བྱིན་རླབས་ཀྱི་ངོས་ནས་བཀའ་སློབ་གཞན་དང་མ་འདྲ་བ་ཞིག་ཏུ་བརྩིས་ཡོད་སྲིད་མོད། ཁོ་ཚོའི་ངོས་ནས་༧གོང་ས་མཆོག་གི་དབང་བསྐུར་ཟེར་དུས་ཕལ་ཆེར་བཀའ་བགོ་དང་ཕྱག་དབང་ལྟ་བུའི་བྱིན་རླབས་ཤིག་ཡོངས་ཁྱབ་ཏུ་གནང་བ་ཙམ་ཞིག་ཏུ་གོ་བ་བླངས་པ་ལས། དམིགས་བསལ་གྱི་ཆ་རྐྱེན་དང་དགོས་འདུན་མང་པོ་ཡོད་པའི་ཆོ་ག་མགོ་རྙོག་ཅན་ཞིག་ཡིན་པ་ཡིད་ལ་འཁོར་མེད།
༢༡༽ གསོལ་འདེབས་ཤེས་པ་ཙམ་གྱིས་མི་ཆོག
ཁོང་ཚོས་དབང་ཞུ་བ་ནི་ཏོག་དབྱིབས་ནད་དུག་གིས་མནར་བ་དག་ལ་༧གོང་ས་མཆོག་གི་བྱིན་རླབས་ཐོབ་ཐབས་བྱ་རྒྱུ་དེ་ཡིན་སྟབས། ཕར་བལྟས་ན་བསམ་བློ་གཏོང་སྟངས་འདིར་མ་འགྲིགས་པ་གང་ཡང་མེད། མ་ཟད། ༧གོང་ས་མཆོག་གི་བྱིན་རླབས་ནི་རང་གཞན་ཚང་མས་རེ་སྒུག་ཞུ་ཡུལ་ཉག་གཅིག་ཡིན་སྟབས། ཐུགས་རྗེ་ལེགས་འབུལ་འོས་པ་ལྟ་བུ་ཞིག་རེད།
ཡིན་ན་ཡང་། བཀའ་ཤག་གིས་དབང་བསྐུར་བར་གསོལ་བ་འདེབས་རྐྱང་བྱེད་པ་ལས། གསུང་ཆོས་གོ་སྒྲིག་པ་ཞིག་གི་ངོས་ནས་སྒྲུབ་དགོས་པའི་གྲ་སྒྲིག་གི་ལས་དོན་དེ་ཚོ་ཡག་པོ་ཞིག་གཏན་ནས་བསྒྲུབས་མེད། གལ་ཏེ་དྲ་ལམ་ནས་དབང་མ་གནང་ཐབས་མེད་ཡིན་ན། གཤམ་གྱི་བརྒྱུད་རིམ་འདི་འདྲ་རེ་ཅིས་ཀྱང་ལག་ལེན་དུ་བསྟར་དགོས་པ་ཞིག་ཆགས་ཡོད། (འོན་ཀྱང་། ང་སྒེར་གྱི་ལངས་ཕྱོགས་ནི་ད་ཕྱིན་དྲ་ལམ་ནས་དབང་གཏན་ནས་མི་བསྐུར་རྒྱུ་དེ་ཡིན)
༢༢༽ མེད་ཐབས་མེད་པའི་ལག་ལེན་བདུན།
དེ་ཡང་ཐོག་མར་འབྲེལ་ཡོད་ཐོབ་དཔང་གཞིར་བཟུང་གིས་ནམ་རྒྱུན་གསུང་ཆོས་ཞུ་སྐབས་བདེ་དོན་ལས་ཁུངས་སོགས་ལ་ཐོ་འགོད་བྱེད་པ་ནང་བཞིན། སྔོན་ཚུད་ནས་དྲ་ལམ་བརྒྱུད་ཚད་ལྡན་དེབ་སྐྱེལ་དགོས་པ་དང་གཅིག །
དབང་དངོས་སུ་ཞུ་མཁན་ཞིག་ཡིན་ན། མ་མཐའ་ཡང་ནང་པ་ཞིག་ཡིན་ངེས་པའམ། རང་ཉིད་དབང་དངོས་སུ་ཞུས་པ་བརྒྱུད་གསང་སྔགས་རྡོ་རྗེ་ཐེག་པའི་རྗེས་འཇུག་པ་ཞིག་བྱ་རྒྱུའི་ཆོད་སེམས་ཡོད་དགོས་པ་ཞིག་ཡིན་པ་དང་གཉིས།
དབང་མནང་མགོ་ཚུགས་པ་ནས་མཇུག་མ་དྲིལ་བར་ཐད་གཏོང་ལས་ཁ་འབྲལ་མི་རུང་བ་དང་། འགྲོ་ཞོར་འདུག་ཞོར་དང་། གསང་སྤྱོད་ནང་ཚུན་ཆད་ནས་དྲ་སྒོ་ཕྱེས་ནས་འཛུལ་ཙམ་བྱེད་པ་དེ་རིགས་མ་ཡིན་པའི་ཀུན་སློང་ཀུན་སྤྱོད་ཚད་ལྡན་དགོས་པའི་སྐོར་ཁ་གསལ་ཆ་ཚང་གི་ལམ་སྟོན་དགོས་པ་དང་གསུམ།
ཆ་རྐྱེན་འདི་དག་ལ་འགན་ལེན་ཡོང་ཆེེད། སྤྱིར་བཏང་བགྲོ་གླེང་ལྟར་ངོ་དེབ་ཀྱི་ཤོག་ངོས་རང་ནས་ཐད་གཏོང་བྱ་རྒྱུ་མ་ཡིན་པར། གཞི་ཁྱོན་ཆེ་བའི་དྲ་ལམ་ཚོགས་ཁང་གི་མ་ལག་འཛོམས་Zoom དང་དགོས་རྒུ་Google དྲ་ལམ་ཚོགས་ཁང་ཉོ་བ་སོགས་དམིགས་བསལ་གསུང་ཆོས་ལག་ཁྱེར་གྱི་དོད་ཐུབ་ཐོ་ཨང་ཁོ་ན་བརྒྱུད་མཉམ་ཞུགས་ཐུབ་པའི་དྲ་ལམ་གྱི་འཛུལ་སྒོ་བཟོས་ནས་བརྩན(ཚིག་འདི་ལ་རེ་ཞིག་ཚིག་མཛོད་ཀྱི་ཁུངས་མ་རྙེད་ཀྱང་འདི་བཞིན་བྲིས་པ་ཡིན། རྩོམ་པ་པོས) ཆ་ཡག་པོ་བཟོ་དགོས་པ་དང་བཞི།
བཀའ་དབང་འདི་༧གོང་ས་མཆོག་གིས་ད་ལྟའི་དམིགས་བསལ་འཛམ་གླིང་རང་བཞིན་གྱི་ནད་ཡམས་ཀྱི་དཀའ་ངལ་འོག་ཡོད་པའི་རྡོ་རྗེ་ཐེག་པའི་སློབ་མ་དག་གི་ཆེད་ཡིན་པ་ནན་བརྗོད་ཐོག །༧གོང་ས་མཆོག་གི་དམིགས་བསལ་མཛད་པར་བསྙད་བཏགས་ཏེ་གཞན་གྱིས་གང་འདོད་དུ་བསྐུར་རྒྱུ་དེར་བཀའ་ཤག་དང་འབྲེལ་ཡོད་ཀྱི་ངོས་ནས་འོས་འཚམས་སུ་གཟིགས་ཀྱི་ཡོད་མེད་ཀྱི་ལངས་ཕྱོགས་ཡིག་འཁོད་ཁ་གསལ་བཟོ་རྒྱུ་དང་ལྔ།
ད་དུང་དྲ་ལམ་ནས་དབང་ཞུས་པ་དེ་སྒེར་ངོས་ཀྱི་བདག་འཇུག་ནང་བཞིན་གྱི་བྱིན་རླབས་ཙམ་དུ་འཛིན་དགོས་སམ། ཡང་ན་བརྒྱུད་པ་དངོས་སུ་ཐོབ་པར་བརྩིས་ནས་གཞན་ལའང་འཆད་སྤེལ་ཆོག་པ་སོགས་༧གོང་ས་མཆོག་སྐུ་དངོས་ལ་བཀའ་འདྲི་ཞུ་བ་ཚུན་ཆད་ཀྱིས་ཁ་གསལ་གཏོད་དེ། གསལ་ཞིང་གནད་དུ་ཐིངས་པའི་ལམ་སྟོན་དགོས་པ་དང་དྲུག །
གོང་གི་དོན་ཚན་འདི་དག་མང་ཚོགས་ལ་གསལ་པོ་ཆགས་པའི་ཆེད་ཡིག་ངག་གཉིས་ཐོག་ནས་སྐད་ཡིག་འདྲ་མིན་ཐོག་ཁ་གསལ་བྲིས་ཏེ། འབྲེལ་ཡོད་དྲ་ཚིགས་ཁག་ཏུ་དྲ་སྒོ་ཕྱེས་པ་ཙམ་ན་མིག་སྔུན་དུ་འཆར་ངེས་པ་ཞིག་བཟོ་དགོས་པ་དང་བདུན་ཏེ། འདི་དག་ནི་གསུང་ཆོས་གོ་སྒྲིག་པའི་ངོས་ནས་རྡོ་རྗེ་སློབ་དཔོན་དང་སློབ་མ་ཡོངས་ལ་ཆེས་གཞི་རྩའི་འགན་ཁུར་ཡོད་པའི་ཞབས་ཞུ་ཞུ་སྟངས་ཤིག་ཡིན། བློ་ཕམ་པ་ཞིག་ལ། དེ་འདྲ་གང་ཡང་བྱུང་མེད།
བཀའ་ཤག་གི་ངོས་ནས་དེང་རབས་ཀྱི་དྲ་ལམ་འདི་༧གོང་ས་མཆོག་གི་སྔགས་ཀྱི་བཀའ་དབང་ཐད་ཀར་གནང་སའི་ཆོས་ར་ཞིག་ཏུ་ཅིས་ཀྱང་མ་བསྒྱུར་ཀ་མེད་ཡིན་ན། བཀའ་ཆོས་ཀྱི་ནང་དོན་ལ་དཔག་པའི་ཚད་གཞི་དང་ཆ་རྐྱེན་བསྐྲུན་དགོས་པ་འདི་ཙམ་ཞིག་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་མི་ཞིག་གི་བློ་ཡུལ་དུ་འཁོར་མི་ཐུབ་པ་ཞིག་གང་ཡིན་ནམ།
དེང་སང་དྲ་ལམ་ནས་ཉོ་ཚོང་ལྟ་བུའི་ལས་ཀ་ཆུང་ངུ་ཞིག་བྱེད་ནའང་། བེད་སྤྱོད་བྱེད་མཁན་གྱི་དྲ་རྒྱའི་ཁོར་ཡུག་གི་བདེ་འཇགས་དང་སྟབས་བདེར་དམིགས་པའི་ཚད་གཞི་མང་པོ་ཞིག་དང་ལེན་དགོས་ཀྱི་ཡོད་པ་མ་ཡིན་ནམ།
དེང་གི་དྲ་ལམ་གྱི་སློབ་ཆེན་སོགས་ཀྱི་སློབ་ཁྲིད་དག་ལའང་མཉམ་ཞུགས་བྱ་རྒྱུར་ཆ་རྐྱེན་དང་བཀག་རྒྱ་དགོས་འདུན་དང་བླང་བྱ་ཅི་ཙམ་ཡོད་པ་མ་མཁྱེན་པ་ཡིན་ནམ།
དེ་ནས་ཁེ་ལས་དང་ཚན་རྩལ་སློབ་གསོ་སོགས་ཀྱི་ཁྱབ་ཁོངས་སུ་ལག་རྩལ་འདི་བེད་སྤྱོད་གཏོང་སྐབས་འགྲོ་སྟངས་བཟོ་དགོས་པ་བཞིན། ཆོས་དང་འབྲེལ་བའི་ཁྱབ་ཁོངས་སུ་འཕྲུལ་རིག་ལག་རྩལ་འདི་དག་བེད་སྤྱད་གཏོང་སྐབས་ཀྱང་། ནང་དོན་ལ་དཔག་པའི་འོས་འཚམས་ཀྱི་གོ་སྒྲིག་དགོས་པ་འདི་ག་རེ་བྱས་ན་མ་མཁྱེན་པ་རེད། སྐུ་ངོ་རྣམ་པ།
༢༣༽ ཉམས་འཇོག་འོས་པའི་དོན་ཚན་གཅིག
ནམ་རྒྱུན་མཁས་པ་ཡིན་ཟེར་མཁན། ཐ་ན་ཚན་རིག་ཚུན་ཆད་ཤེས་ཟེར་མཁན་དེ་ཚོས་ཀྱང་། བཀའ་ཤག་གི་གནང་སྟངས་ལ་ཞིབ་ཚགས་པོས་ལྟ་སྐུལ་དང་བསམ་ཚུལ་འདོན་དགོས་ན་ཡང་། འདི་དག་གི་ཕྱོགས་ལ་སྐད་ཆ་སྦྲང་བུའི་སྐད་ཙམ་ཞིག་བྱུང་མེད་པར་དེ་ལས་ལྡོག་སྟེ། ཐེངས་འདིར་ཆོས་རིག་བཀའ་བློན་གྱི་བཤད་སྟངས་འགྲིག་མིན་ཁོ་ནའི་ཐོག་ནུས་པ་མང་པོ་ཞིག་འཕྲོ་བརླག་བཏང་བ་རེད། ལར་ཆོས་རིག་བཀའ་བློན་གྱི་སྔ་ཕྱི་སོ་ཟིན་དེ་ཙམ་མེད་པའི་སྐད་ཆ་མང་པོ་ཞིག་ལ་དབུ་ཁྲིད་མཐོ་ཤོས་ཤིག་གི་བབས་བརླིང་བརྟན་གསུམ་གྱི་གནས་བབ་མེད་པ་ལྟར་འདུག་མོད། ཁོང་གིས་སྤྱི་ལོ་༢༠༢༠ ཟླ་༥ ཚེས་༢༦ འཁོད་པའི་གསལ་བཤད་ཡི་གེ་དང་པོའི་དོན་ཚན་བཞི་པར།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བླ་ཆེན་གཞན་སུ་དང་སུས་དྲྭ་བརྙན་བརྒྱུད་དབང་དང་བྱིན་རླབས་རིགས་གནང་སྐབས་དྲྭ་ཐོག་ནས་ཉན་མཁན་དང་ལྟ་མཁན་ཚང་མར་དབང་དང་བྱིན་རླབས་ངོ་མ་ཐོབ་པར་དགོངས་མཁན་དང་གསུང་མཁན་ཕལ་ཆེར་སུའང་མེད། འོན་ཀྱང་ཉན་མཁན་སོ་སོའི་དབང་པོ་དང་དད་པས་ལྕོགས་ན་བླ་མའི་ཐུགས་རྗེ་དང་ཆོས་ཀྱི་བྱིན་རླབས་གཉིས་ལ་བརྟེན་ནས་དབང་དངོས་གཞི་མ་ཐོབ་ཀྱང་བྱིན་རླབས་ཁྱད་པར་ཅན་རེ་འཇུག་ཐུབ་པར་ཐེ་ཚོམ་དང་རྩོད་པ་མེད་པར་མ་ཟད། བླ་མ་རྣམ་པས་དེ་ལྟར་མཛད་དོན་ཡང་སློབ་མའི་སེམས་རྒྱུད་ལ་ཆོས་ཀྱི་བྱིན་རླབས་དང་བག་ཆགས་འཇོག་པའི་ཆེད་དུ་རེད་ཅེས་བརྗོད་ཆོག ། ཅེས་བྲིས་པ་དང་།
དེ་བཞིན་དོན་གཉིས་པ་དང་གསུམ་པ་བཅས་ནི་རྩ་བའི་ཆ་ནས་ཕུགས་སུ་གནོད་སྐྱོན་མི་འགྲོ་བའི་སྙོམས་སྒྲིག་རང་བཞིན་གྱི་བསམ་བློ་གང་ལེགས་ཡོད་པའི་འགྲེལ་སྟངས་ཅུང་ཟད་བབ་ཆགས་པོ་ཞིག་བྱུང་འདུག་སྙམ་པས། ད་ཆ་ཚོར་བ་བྱེ་བྲག་པ་དེ་ཚོ་ཅུང་ཞི་འཇམ་དུ་ཕྱིན་ཟིན་པའི་སྐབས་འདིར་ང་ཚོས་བསྐྱར་དུ་ཁོང་གི་ཡི་གེ་དང་པོ་དེར་ཐེངས་གཅིག་གཟིགས་པ་ཡིན་ན་ཚོར་སྣང་ཅུང་མ་འདྲ་བ་ཞིག་སྤྲོད་པའང་སྲིད།
༢༤༽ མ་ཤེས་ན་གཞན་ལ་འདྲི་དགོས།
སྲིད་སྐྱོང་བློ་བཟང་སེང་གེ་དང་བཀའ་བློན་རྣམ་པར་དེང་རབས་ཤེས་ཡོན་གང་ལེགས་ཡོད་ན་ཡང་། འདི་རིགས་ཀྱི་ཐོག་ལ་དགོས་ངེས་ཀྱི་དགོངས་པ་ཡག་པོ་བཞེས་ཐུབ་མེད་པ་གསལ་པོ་ཡིན་སྟབས། གདན་ས་གསུམ་དང་ཆོས་བརྒྱུད་ཁག་གི་དབུ་འཛིན་སོགས་ཀྱིས་དུས་ནས་དུས་སུ་གནང་སྟངས་འདི་རིགས་ལ་དགོས་ངེས་ཀྱི་ལམ་སྟོན་དང་གསལ་འདེབས་གནང་བའམ། བཀའ་ཤག་གི་ངོས་ནས་དེ་དག་གི་མདུན་ནས་ལམ་སྟོན་ཞུ་དགོས་པ་ལྟ་བུ་ཞིག་ཡིན། རབ་ཡིན་ན་ཆོས་ཕྱོགས་ཀྱི་ཆེས་མཐོའི་སློབ་སྟོན་ཚོགས་ཆུང་དེ་འདྲར་སློབ་སྟོན་ཞུས་ནས་འགན་ཁུར་དུ་འཇུག་དགོས་པ་ཞིག་རེད།
༢༥༽ ཤེས་ཡོན་པའི་དགོངས་པ་བཞེས་སྟངས།
༧གོང་ས་མཆོག་ལ་སྐྱོན་བརྗོད་ཞུ་མཁན་སུ་འདྲ་ཞིག་བྱུང་ཡང་། དེ་ལ་བཀའ་ཤག་དང་མི་སྒེར་ཚང་མས་ངོ་རྒོལ་ཡོད་པའི་རྣམ་འགྱུར་ལོས་སྟོན། བཀའ་ཤག་ལ་མཚོན་ན། འདི་ནི་ཁོང་རྣམ་པར་བཅའ་ཁྲིམས་ཀྱིས་སྤྲད་པའི་འོས་འགན་ཡང་རེད། དེ་དང་མཉམ་དུ་མི་མང་དཀྱུས་མ་ཚོས་ཚོར་བ་དང་འབྲེལ་བའི་རྣམ་འགྱུར་ཤུགས་ཆེ་ཙམ་སྟོན་གྱི་རེད། མི་མང་གི་ཚོར་བ་ལ་བརྩི་བཀུར་དང་བསམ་ཤེས་ནི་མང་གཙོའི་ཆ་ཤས་ཤིག་རེད།
ཡིན་ན་ཡང་། མཁན་སྤྲུལ་དགེ་བའི་བཤེས་གཉེན་དང་དགེ་འདུན་པ། ཤེས་ཡོན་པ་སོགས་ཀྱིས་འདི་རིགས་རྒྱལ་ཕམ་གྱི་གནད་དོན་ཞིག་ལ་བརྩིས་ནས་ཚོར་བ་འཕར་ཏེ་མི་འདུག་པར། དྲ་ལམ་ནས་དབང་གནང་བ་དེ་ལམ་ལུགས་སུ་གྱུར་ན་དེས་མ་འོངས་པར་ཤུགས་རྐྱེན་གང་འདྲ་ཐེབས་སྲིད་པ་སོགས་ངོས་གཞན་ལ་དགོངས་པ་བཞེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
༢༦༽ མ་འོངས་པའི་དྲ་ལམ་ཉེ་བརྒྱུད།
འདི་དག་གི་ཐད། དགའ་ལྡན་ཕོ་བྲང་སོགས་ཀྱི་འབྲེལ་ཡོད་གསལ་བཤད་དག་ཏུའང་། སྔོན་གྱི་གཏེར་སྟོན་ཆེན་པོ་དེ་ཚོ་དང་གུ་རུའི་བར་ལ་རྒྱང་ཐག་རིང་པོའི་བར་དུ་ཆོད་ཀྱང་བརྒྱུད་པ་རྩི་སྲོལ་ཡོད་པ་སོགས་དང་སྦྱར་ནས་དྲ་ལམ་གྱི་དབང་བསྐུར་ལ་ཁུངས་སྐྱེལ་བྱེད་ཐབས་བྱས་འདུག །ཡིན་ན་ཡང་། དུས་ཚོད་རིང་པོས་བར་དུ་ཆོད་པའི་གུ་རུ་དང་གཏེར་སྟོན་གྱི་བརྒྱུད་པའི་འབྲེལ་བ་དམིགས་བསལ་དེ་༧གོང་ས་མཆོག་གི་ཐུགས་བསྐྱེད་དང་གདུལ་བྱའི་དད་པ་བཅས་རྒྱུ་མཚན་དུ་བྱས་ནས་དུས་ཀྱིས་བསྐལ་བའི་དྲ་ལམ་གྱི་དབང་བསྐུར་ཐོབ་ཆོག་པའི་སྒྲུབ་བྱེད་དུ་འགོད་པ་འདི་མགོ་རྙོག་ཅིག་རེད།
གལ་ཏེ་ལོ་བརྒྱ་ཕྲག་གི་རྗེས་སུ། ༧གོང་ས་མཆོག་གིས་སྔར་ལོ་མང་པོའི་སྔོན་གནང་ཟིན་པའི་དུས་འཁོར་དབང་ཆེན་གྱི་བརྙན་ལམ་ལ་བལྟས་ནས་མི་ཚོས། ༧གོང་ས་མཆོག་གི་ཐུགས་བསྐྱེད་ལ་དུས་ཀྱི་ཚད་བཀག་མེད་པས་མ་འོངས་པའི་གདུལ་བྱའང་དམིགས་འོག་ཏུ་ཡོད་ངེས་པ་དང་གཅིག །སོ་སོར་སྐབས་དེར་དད་གུས་བཅོས་མིན་ཡོད་པའི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་དང་གཉིས། གུ་རུ་དང་གཏེར་སྟོན་གྱི་བར་དུ་ལོ་སྟོང་ཆོད་ཀྱང་བརྒྱུད་པ་བརྩི་ཆོག་པ་དང་གསུམ་རྟགས་སུ་བཀོད་ནས་ངས་༧གོང་ས་མཆོག་གི་མདུན་ནས་ཞུ་གིན་ཡོད་ཅེས་ལབ་ཏུ་བྱུང་ན་ང་ཚོས་ངོས་ལེན་གནང་རྩིས་ཡིན་ནམ།
ད་ཆ་ང་ཚོས་ཡུལ་གཅིག་ཏུ་མི་དགོས་པའི་སྒྲུབ་བྱེད་ལ་སངས་རྒྱས་ཀྱིས་བྱ་རྒོད་སྤུངས་རི་ནས་ཆོས་གསུང་བཞིན་དུ་དཔལ་ལྡན་འབྲས་སྤུངས་སུ་ཆོས་གསུངས་པ་དང་། གུ་རུའི་གཏེར་ཆོས་ཀྱི་རྒྱུ་མཚན་འདི་དག་བློ་ཁོག་ཆེན་པོས་འགོད་རྐྱང་གནང་བ་ཡིན་ན། ནམ་ཞིག་ཁོང་ཚོས་དུས་གཅིག་གི་ཁོངས་སུ་མི་དགོས་པར་བརྙན་འཕྲིན་ཁོ་ན་ལས་ཡང་དང་ཡང་དུ་ཆོས་ཞུ་ཆོག་པའི་རྒྱུ་མཚན་དུ་ཁུར་ནས་ང་ཚོར་ཚུར་ངོ་སྤྲོད་བྱེད་རྒྱུ་རེད། མཁན་པོ་རྟ་མགྲིན་ཟེར་བ་ཞིག་གིས་རྒྱ་ཡིག་གི་དྲིས་ལན་ཞིག་ཏུ་སྒྲ་དང་བརྙན་ཕབ་བརྒྱུད་དབང་ལུང་གི་བརྒྱུད་པ་ཐོབ་ཆོག་པ་དེ་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་དགོངས་པ་ཡིན་ཞེས་བཤད་པ་ཞིག་ཀྱང་མཐོང་བྱུང་ལ། འདི་འདྲའི་བཤད་ཚུལ་དང་ལག་ལེན་མང་དུ་མི་འགྲོ་བ་ཞིག་གི་ཆེད་ཚང་མས་ཁུར་མཉམ་ལེན་གནང་དགོས། གལ་ཏེ་བླ་མ་ཚད་ལྡན་གཞན་གྱིས་གསུངས་པ་དེ་འདྲ་ཡོད་སྲིད་ན་དེའང་གང་ཟག་དགོས་བཙན་ལ་ཐོབ་རུང་ཙམ་དུ་འཛིན་པ་ལས་ཡོངས་ཁྱབ་ལག་ལེན་གྱི་ཚད་གཞིར་མི་འཛིན་རོགས། སྐུ་མཁྱེན།
ནམ་ཞིག་སྒྲ་དང་བརྙན་ཕབ་བརྒྱུད་བརྒྱུད་པ་ལེན་མཁན་དེ་ཚོས་ཚུར་ང་ཚོ་ལ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སྐུ་གཤེགས་ནས་ལོ་བརྒྱ་ཕྲག་འགའི་རྗེས་སུ་འོད་གསལ་གྱི་སྣང་ངོར་རིག་འཛིན་འཇིགས་མེད་གླིང་པ་ལ་དབང་བསྐུར་བ་ལྟ་བུ་གསར་རྙིང་ལ་ཡོད་པའི་དག་སྣང་ཉེ་བརྒྱུད་ཀྱི་ལོ་རྒྱུས་ཧ་ཅང་མང་པོ་ཡོད་པ་དག་དྲངས་ནས། ད་ཆ་འོད་གསལ་གྱི་སྣང་ཆ་མི་དགོས་པར་ཚན་རིག་ལག་རྩལ་གྱིས་དེའི་ཚབ་བྱེད་ཀྱི་ཡོད་པ་རེད། དེ་ཡག་པོ་རེད་ཅེས་དགེ་བཤེས་ལོག་སྨྲ་ཚར་གཅོད་ཀྱི་བཤད་བཤད་བྱེད་མཁན་ཞིག་བྱུང་ན། དེ་ལ་ང་ཚོས་ལན་ཇི་ལྟར་འདེབས་རྒྱུ་ཡིན། འདི་ཚང་མ་ང་ཚོས་དྲ་རྒྱའི་དུས་རབས་ཀྱི་ནང་བསྟན་གྱི་བརྒྱུད་པ་བརྟན་སྲུང་དང་འབྲེལ་བའི་མདུན་དུ་ལྷག་པའི་དྲི་བའི་རིགས་རེད། ད་མཁྱེན་སོང་ངམ།
༢༧༽ ཉ་དང་ཉུང་མ་མཉམ་བསྲེས།
དོན་དངོས་ཐོག ། ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་བ་དང་། གུ་རུ་རིན་པོ་ཆེས་གཏེར་སྟོན་ལ་གཏེར་གྱི་བཀའ་གཏད་ཕོག་ཟེར་བ་དེ་ཚོའི་བརྒྱུད་ལམ་ནི། གཏེར་སྟོན་ཚད་ལྡན་ཞིག་ཡིན་ན་དེ་ནི་སྔར་གུ་རུ་རིན་པོ་ཆེས་དཔལ་གྱི་བསམ་ཡས་སོགས་སུ་དབང་གྲལ་དུ་བཅུག ། དགོངས་པ་དོན་གྱི་གཏད་རྒྱ་ཞེས་པ་ཞིག་ལས་ཅན་གྱི་སློབ་མ་གྲུབ་ཆེན་རྗེ་འབངས་ཉེར་ལྔ་ལྟ་བུའི་སྙིང་དབུས་མི་ཤིགས་པའི་སྒྲོམ་བུར་རྒྱས་བཏབ་ཅིང་གཏད། ནམ་ཞིག་རྟེན་འབྲེལ་དུས་སུ་སྨིན་ཞིང་། བཀའ་རྒྱའི་ལུང་རྫོགས། གཏད་རྒྱའི་བརྡ་ཁྲོལ་བའི་ཚེ་ན། རྐྱེན་ཤོག་སེར། ཐབས་བརྡ་ཡིག་སོགས་ཀྱིས་སད་པར་བྱས་པ་ཞིག་ཡིན་དགོས། གཏེར་ཞེས་པ་འདི་ནི་དེང་སང་གི་བཤད་སྟངས་བྱས་ན་རིག་ཚན་ཁ་ཁ་ཞིག་རེད། འདི་ལ་ཁོ་རང་གི་རིག་པའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་ཆ་ཚང་ཞིག་ཡོད་པ་རེད། འདིའི་སྐོར་གསལ་ཙམ་ཞིག་ནི་རྡོ་གྲུབ་བསྟན་པའི་ཉི་མས་མཛད་པའི་ལས་འཕྲོ་གཏེར་གྱི་རྣམ་བཤད་ཆེན་མོར་མཇལ་ན་ཧ་གོ་ཐུབ་ཀྱི་ཡོད།
ད་དུང་སངས་རྒྱས་ཀྱིས་དཔལ་ལྡན་འབྲས་སྤུངས་སོགས་སུ་ཁྲོམ་ཚོགས་ལ་དབང་སྐུར་བ་དང་། སངས་རྒྱས་ཀྱིས་སྤྲུལ་པ་སྣ་ཚོགས་པས་གང་ཟག་མི་འདྲ་བའི་འདུན་དུ་ལུས་སྣང་བར་བྱས་པ་སོགས་དཔེ་རུ་སྦྱར་ནས་འཐད་པར་བསྒྲུབས་པ་ནི་ཅིས་ཀྱང་མ་ངེས་ཏེ། དེ་དག་གི་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དེ་ཉིད་ངེས་པར་དུ་འཁོར་གདུལ་བྱ་ཁྱད་པར་བ་དག་ལ་གང་ཟག་དགོས་བཙན་གྱི་དབང་དུ་བྱས་ནས་སངས་རྒྱས་ཀྱིས་རྒྱལ་པོ་ཨིནྡྲ་བྷོ་དྷི་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་སྣང་བར་མཛད་པ་ལྟ་བུ་རེད། དེ་དག་ནི་གདུལ་བྱ་ལས་དག་པ་ལ་ཚོམ་བུའི་དཀྱིལ་འཁོར་དུ་སྨིན་པར་མཛད་པའི་ཚུལ་རེད།
ད་དུང་མཁས་པ་ཧོར་གཙང་འཇིགས་མེད་སོགས་ཀྱིས། རྒྱལ་པོ་ཨིནྡྲ་བོ་དྷི་སོགས་ཀྱིས་སྐབས་དེར་གསང་སྔགས་བསྟན་ནས་ཨོ་རྒྱན་གྱི་ཡུལ་སྟོངས་པར་བྱས་པ་ལྟ་བུ་དཔེ་རུ་བཀོད་འདུག་མོད། དེ་ཚོ་ནི་གསང་སྔགས་ཐོག་མར་དར་བའི་སྐབས་ཀྱི་འཁོར་ཚང་མ་རིག་འཛིན་གྱི་ས་ལ་གྲོལ་ཆོག་ཆོག་ཡོད་པ་དག་ལ་ཆོས་སྟོན་སྟངས་ཤིག་སྟེ། སངས་རྒྱས་ཀྱིས། ཆོས་ཚིག་བཞི་ཙམ་བསྟན་པས། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། ལྔ་སྡེ་ལ་ཡེ་ཤེས་སྐྱེས། ཞེས་པ་ལྟ་བུ་ཞིག་རེད། འདི་དང་དེང་སང་གི་དྲ་ལམ་ནས་དབང་ཞུ་མཁན་དག་གི་གནས་བབ་གཉིས་སྦྱོར་ཐབས་མེད། ལར་ནས་ཚོགས་སྒྲུབ་ཉམས་སུ་བླངས་ནས་རིག་འཛིན་གྱི་ས་ལ་གྲོལ་ཆོག་ཆོག་ཏུ་སྨིན་པ་ལ་སྦྱོར་ལམ་གྱི་རྟོགས་པ་ཐོབ་པ་ཞིག་དགོས་པ་འདི་རྒྱུད་སྡེ་སྤྱིའི་དགོངས་པ་ཡིན།
མདོར་ན། སྐབས་དེར་གྲོང་ཁྱེར་ཧྲིལ་པོའི་མི་ཚང་མས་མཆོག་གི་དངོས་གྲུབ་ཐོབ་ནས་ཡུལ་ཁམས་སྟོངས་པ་ལྟ་བུའི་ལོ་རྒྱུས་ཡོད་པ་ཡང་སྟོན་འཁོར་གཉིས་ལ་དགོས་ངེས་ཀྱི་ཆ་རྐྱེན་རྒྱུ་ཚོགས་གྲངས་ཚང་གི་ཐོག་ནས་ཡོང་བ་ཞིག་རེད།
དེས་ན་སངས་རྒྱས་ཀྱིས་ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཞིང་གཞན་གྱི་གདུལ་བྱ་འཁོར་དུ་བཙུད་པ། ཨིནྡྲ་བོ་དྷི་སོགས་ཀྱིས་དག་པའི་གདུལ་བྱ་རྣམས་ལ་གསང་སྔགས་བསྟན་དེ་ཚོམ་བུ་ཚོགས་སྒྲུབ་ཀྱི་ཉེ་རྒྱུའི་སྤྱོད་པ་གྲུབ་ནས་རིག་འཛིན་གྱི་ས་ལ་གཤེགས་པ། གུ་རུ་པདྨས་བརྒྱུད་པ་དྲུག་ལྡན་གྱི་སྒོ་ནས་གཏེར་ཆོས་ཀྱི་བརྒྱུད་པ་ཕྱི་རབས་ལ་གཏད་པ་སོགས་ང་ཚོས་འཕྲུལ་རིག་ལག་རྩལ་གྱི་ལམ་ནས་ཕན་ཚུན་འབྲེལ་བ་བྱེད་ཐུབ་པ་དང་། ངོ་དེབ་ཀྱི་ལམ་ནས་འཛམ་གླིང་ཡོངས་ཀྱིས་དབང་ཞུ་ཐུབ་པ་སོགས་གཅིག་མཚུངས་སུ་སྦྱོར་བ་འདི་ཉ་དང་ཉུང་མ་མཉམ་བསྲེས་ཀྱི་བཤད་སྟངས་ཚབས་ཆེན་ཞིག་རེད།
༢༨༽ ཡེ་ཤེས་ཀྱི་འཕྲིན་སྐར་དང་དྲ་ལམ་སྐུད་བརྡ།
དེ་ཡང་སྐབས་དེར་པདྨ་དང་རྗེ་འབངས་སྙིང་གི་བུ་དགུ་ལྟ་བུ་དེ་དག་ཕན་ཚུན་བར་གྱི་དྲ་ལམ་ནི་ཡེ་ཤེས་ཀྱི་འཕྲིན་གཏོང་འཁོར་སྐར་མ་ལག་དམིགས་བསལ་བ་ཞིག་རེད། མ་ལག་དེ་དག་ཧ་ཅང་ཕོན་ཆེན་པོ་དང་ཞིབ་ཚགས་པོ་ཡོད་པ་རེད། མ་ལག་དེ་རྣམ་པ་ཐམས་ཅད་མཁྱེན་པའི་སྟོང་ཁམས་ཆེན་པའི་ས་ཚུགས་སུ་བསྐལ་པ་གྲངས་མེད་པ་གསུམ་ལ་བཟོ་བསྐྲུན་བྱས་ནས་གྲུབ་པ་ཞིག་ཡིན་སྐད། རྣམ་མཁྱེན་གྱི་མཁའ་དབྱིངས་ས་ཚུགས་ནས་ཡེ་ཤེས་དང་ཐུགས་རྗེའི་འཁོར་སྐར་བརྒྱུད་ནས་ཁོང་ཚོའི་ཀུན་གཞིའི་རེག་བརྡ(radar)ལ་ཕོག་པ་ཞིག་རེད། རྐྱེན་དེས་སྨིན་པའི་གདུལ་བྱ་རྣམས་ཀྱི་དགེ་བའི་ཁབ་ལེན་དང་བརྡར་ནས་ས་དང་ལམ་གྱི་ཡོན་ཏན་གྱི་དྲ་འབྲེལ་སྒོ་ཕྱེས་པ་དེ་འདྲ་ཞིག་ཡིན་ས་རེད།
༢༩༽ རྡོ་མོ་བྷེལ་ལ་ཇེ་དྲུག་པ 6G།
༧གོང་ས་མཆོག་ལྟ་བུ་རང་ངོས་ནས་སངས་རྒྱས་དང་ཨོ་རྒྱན་པདྨ། ཨིནྡྲ་བོ་དྷི་སོགས་དང་འདྲ་བའི་ཡེ་ཤེས་ཀྱི་བརྡ་རྟགས་ཤུགས་ཚད་མཐོ་ཤོས་ཏེ་ན G ལྔ་པའམ་དྲུག་པ་ལྟ་བུ་ཞིག་གི་གནས་རིམ་དུ་རིམ་པ་སྤར་ཟིན་པ་ཞིག་ཡིན་ལོས་ཆོག །ཡིན་ན་ཡང་། ང་ཚོའི་གནས་རིམ་དེ་ད་དུང་ཡང་རྡོ་མོ་བྷིལ་(ལག་འཛིན་ཁ་པར་ཐོན་རྙིང་ཤོས་ཀྱི་གྲས་)གྱི་གནས་རིམ་དུ་ཡོད་པ་རེད། དེས་ན་ང་ཚོས་རང་ཉིད་སངས་རྒྱས་དང་། གུ་རུ་པདྨ། ཨིནྡྲ་བོ་དྷི་སོགས་ཀྱི་དངོས་ཀྱི་གདུལ་བྱ་ཁྱད་པར་བ་དེ་དག་དང་མཉམ་དུ་སྦྱོར་ག་ལ་རུང་། ཤེར་ཕྱིན་མངོན་རྟོགས་རྒྱན་ལ་གཟིགས་མྱོང་མཁན་ཞིག་ཡིན་ན་ཡང་། ལོངས་སྐུའི་འཁོར་དང་སྤྲུལ་སྐུའི་འཁོར་གཉིས་མི་འདྲ་བ་དང་། ལོངས་སྐུའི་འཁོར་གྱི་གནས་ཚད་དེ་སྤྲུལ་སྐུ་ལས་མཐོ་བ་ཡོད་པ། ལོངས་སྐུས་རང་གི་འཁོར་ལ་ཡེ་ཤེས་ཀྱི་ཚན་རྩལ་མཐོ་ཤོས་ཏེ་བེད་སྤྱོད་བཏང་ནས་ཆོས་གནང་ཡང་། སྤྲུལ་སྐུའི་གདུལ་བྱ་ཐུན་མོང་བ་དག་ལ་དེ་ནི་བེད་སྤྱོད་མེད་པ་སོགས་མཁྱེན་གྱི་རེད། དེས་ན་ང་ཚོས་ཀྱང་། འཕྲུལ་རིག་ལག་རྩལ་གྱིས་དེའི་ཚབ་བྱས་ནས་ང་ཚོ་རང་ཉིད་ལོངས་སྐུའི་གདུལ་བྱའི་གནས་རིམ་དུ་སྤོར་མི་ཐུབ།
༣༠༽ མཐོང་ཐོས་རེག་པའི་ཉེ་འཁོར་གྱི་བྱེད་པ།
དེ་བཞིན། དགའ་ལྡན་ཕོ་བྲང་གི་གསལ་བཤད་དེར། ལུང་འབོག་པར་མཐོང་བའི་ཉེ་འཁོར་དགོས་ངེས་ཀྱི་ཆ་རྐྱེན་དུ་མ་གསུངས་པར་ཐོས་པའི་ཉེ་འཁོར་གྱིས་ཆོག་པ་དབང་ཞུ་བར་སློབ་དཔོན་དང་སློབ་མ་གནས་གཅིག་ཏུ་མི་དགོས་པའི་ཤེས་བྱེད་ལྟ་བུར་བྱས་པ་ནི་གཏན་ནས་མི་མཚུངས།
ལུང་ནི་རྣ་བའི་སྐྱེ་མཆེད་དང་འབྲེལ་བའི་བྱེད་ལས་ཅན་ཡིན་ཞིང་། ཉན་ཤེས་ལ་སྣང་བའི་སྒྲའི་རྒྱུན་མཚམས་མི་ཆད་པར་ཐོས་པ་གཙོ་བོར་འཛིན་པ་ཞིག་རེད། དབང་ནི་དེ་དང་མི་འདྲ་བར་ལུས་ངག་གི་རིག་བྱེད་གཞན་ཤིན་ཏུ་མང་པོ་ཞིག་མཉམ་ཞུགས་དགོས་པ་ཞིག་ཡིན་པས་མཐོང་བ་ཐོས་པའི་ཉེ་འཁོར་གཉིས་ཆར་གྱི་མ་ཚད། ད་དུང་རེག་པའི་ཉེ་འཁོར་ཡང་དོན་གྱིས་དགོས་པ་རེད། གང་ཡིན་ཞེ་ན། དབང་གི་ཆོ་གའི་བརྒྱུད་རིམ་ཁྲོད་དུ་རེག་བྱའི་སྐྱེ་མཆེད་དང་རོ་ཡི་སྐྱེ་མཆེད་སོགས་ཀྱི་བྱེད་ལས་མང་པོ་ཞིག་ཚུད་ཡོད་པ་མཁྱེན་གསལ་ལྟར་རེད། འདི་ཚོ་ཆོས་མངོན་པའི་སྐྱེ་མཆེད་ཀྱི་མུ་རྩི་སྟངས་དང་སྦྱར་ནས་བཤད་ན་མང་པོ་ཞུ་རྒྱུ་ཡོད་ཀྱང་འདིར་དེ་ཙམ་གྱིས་ཆོག །
གོང་གི་སྒྲུབ་བྱེད་འགོད་སྟངས་དེ་ནི་སྒྲ་འབེབས་འཕྲུལ་ཆས་ཀྱིས་སྒྲ་ལེན་པ་ལ་མཐོང་བའི་ཉེ་འཁོར་ཆ་རྐྱེན་དུ་མི་དགོས་པ་རྒྱུ་མཚན་དུ་བཀོད་ནས་བརྙན་ལེན་ཡོ་ཆས་ཀྱིས་བརྙན་ལེན་པ་ལའང་ཐོས་པའི་ཉེ་འཁོར་གྱིས་ཆོག་ཅེས་བརྗོད་པ་དང་འདྲ་བས་དོན་ལ་འབྱོར་བ་ཞིག་མ་རེད།
༣༡༽ དགའ་ལྡན་ཕོ་བྲང་གི་བྱེད་ལས།
ཡང་དགའ་ལྡན་ཕོ་བྲང་བླ་བྲང་གི་བཀའ་ལན་སོགས་སུ་སྐབས་འགར་༧གོང་ས་མཆོག་ཉིད་དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཆང་དང་རྣམ་པ་ཐམས་ཅད་དུ་གཅིག་པ་རང་གི་ཐོག་ནས་བཀའ་ལན་གནང་འདུག །འདིའང་ཚོད་ཚོད་ལ་མཇལ་ན། དད་པ་དང་དག་སྣང་རྩེ་མོར་སོན་པའི་བཀའ་མོལ་ཞིག་ཡིན་ན་ཡང་། དོན་ལ་སྐད་ཆ་བཤད་སྟངས་འདི་མཐའ་ཆོད་པ་ཞིག་མ་རེད།
གནང་མཁན་ས་ལམ་གྱི་རྟོགས་པ་མཐོན་པར་སོན་པའི་གང་ཟག་གིས། དག་པའི་གདུལ་བྱ་ལ་གང་ཟག་དགོས་བཙན་བྱས་ནས་དམིགས་བསལ་གནང་ན་དེ་ལ་འགལ་བ་ཡོད་པའི་བསམ་ཚུལ་གཏན་ནས་མེད། དགའ་ལྡན་ཕོ་བྲང་དང་། རྒྱུད་སྟོད་སོགས་ཀྱི་ཡི་གེར་དབང་ཐོབ་པ་ལ་དད་པ་གལ་ཆེ་བའི་སྐོར་ཡང་ཡང་གསུངས་འདུག་པ་དེ་ཚོ་མ་མཐོང་བའང་མིན།
ཡིན་ན་ཡང་། དགའ་ལྡན་ཕོ་བྲང་བླ་བྲང་གི་བྱེད་ལས་ནི་གོང་ས་མཆོག་དང་དག་པའི་གདུལ་བྱའི་བར་གྱི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ལ་མཚམས་སྦྱོར་བྱེད་རྒྱུ་དེ་མ་རེད། དེ་ལས་ལྡོག་སྟེ། འཇིག་རྟེན་ཐ་མལ་གྱི་སྤྱི་ཚོགས་ལ་༧གོང་ས་མཆོག་གི་མཐུན་འཇུག་རང་བཞིན་གྱི་མཛད་པ་སྐྱོང་བའི་ཁ་ལོ་བ་ཙམ་རེད། དེའི་ཆ་ནས་ཁོང་རྣམ་པའི་ཕྱག་ལས་གཙོ་བོ་དེ་བཀའ་དབང་འདི་དག་ཞུ་མཁན་ལ་ཆ་རྐྱེན་གང་འདྲ་དགོས་པ་དང་། འདི་ལ་སྤྱིར་བཏང་དང་དམིགས་བསལ་གྱི་ས་མཚམས་གང་ཡོད་བཅས་ཁ་གསལ་གནང་རྒྱུ་དང་། གསུང་ཆོས་གོ་སྒྲིག་པའི་ལས་དོན་ལ་ལྟ་སྐུལ་གྱིས་བཀའ་དབང་གནང་བ་དེ་སྤྱི་ཚོགས་ཐོག་གི་ཁྲམ་པ་དང་ཟོག་པོ་དག་གི་ལག་པ་འཕྱི་ས་མི་ཆགས་པ་ཞིག་བཟོ་རྒྱུ་དེ་རེད།
དེས་ན་སྤྱིར་བཏང་གི་སྤྱི་ཚོགས་ཀྱི་ཁྲོད་དུ་འབྱུང་སྲིད་པའི་མ་འོངས་པའི་དཀའ་རྙོག་སོགས་ཉེན་ཁ་ཅན་གྱི་གནས་བབ་ཅིག་དང་འབྲེལ་བའི་ཐོག་ནས་ཆོས་ཀྱི་བརྒྱུད་པ་ཞིག་གི་ཡུན་གནས་ལ་དགོས་ངེས་ཀྱི་ཆ་རྐྱེན་དང་སྦྲེལ་དེ་གླེང་སློང་བྱེད་སྐབས། བླ་མ་རྡོ་རྗེ་སློབ་དཔོན་གྱི་དོན་དམ་གྱི་གནས་ཚུལ་གཞི་ལ་བཞག་ནས་གནད་དོན་ཐག་བཅོད་པ་ཡོང་ཐབས་མེད་པ་ཞིག་རེད།
༣༢༽ བསྟན་པ་དང་འབྲེལ་བའི་ཕྱག་ལེན་བླ་མའི་རྒྱུད་ཚོད་ཀྱིས་ཐག་གཅོད་པ་འདི་༧གོང་ས་མཆོག་གི་དགོངས་པ་མིན།
ང་ཚོ་ལ་དཔེ་མཚོན་མེད་པ་མ་རེད། དགེ་སློང་མའི་སྡོམ་རྒྱུན་ལྟ་བུར་༧གོང་ས་མཆོག་སྒེར་ངོས་ནས་གཞི་ཐམས་ཅད་ཡོད་སྨྲའི་ཕ་ཚོགས་ལ་བསྟེན་ནས་སྤེལ་རྒྱུ་ནི་ཡོང་སྲིད་པ་ཞིག་ཡིན་པའི་དགོངས་གཞི་ཡོད་པ་གསལ་པོ་རེད། དེའི་ཕྱོགས་ལ་འབད་བརྩོན་ཡང་ཤུགས་ཆེན་པོ་གནང་ཡོད་མོད། ཐ་མའི་དབང་ཚད་དེ་དགེ་འདུན་པར་གནང་བ་རེད། ༧གོང་ས་མཆོག་གིས་ང་སངས་རྒྱས་ཡིན། ངས་ཐད་ཀར་དགག་སྒྲུབ་གནང་གསུམ་དང་འབྲེལ་བའི་བཅའ་བ་མཛད་ཀྱི་ཡིན་ཞེས་ནམ་ཡང་མི་གསུང་། ལྷ་རམས་པ་རིན་ཆེན་དངོས་གྲུབ་ཙམ་མ་གཏོགས། གཞན་གདན་ས་གསུམ་གྱི་མཁན་གདན་ཟུར་དག་གིས་དབུས་པའི་དགེ་བཤེས་སུས་ཀྱང་༧གོང་ས་མཆོག་གི་དགོངས་གཞི་དེར་ངོས་ལེན་དང་རྒྱབ་སྐྱོར་ཞུས་མེད། སྐབས་དེར་གུས་པས་ཀྱང་བོད་ཀྱི་བང་ཆེན་ཚགས་པར་བརྒྱུད་དགེ་བཤེས་ཟླ་བ་ལགས་ཀྱི་གཟིགས་ཚུལ་དང་འབྲེལ་བའི་རྩོད་གླེང་གི་དཔྱད་རྩོམ་རེ་ཡང་འབྲི་མྱོང་ཡོད།
ངས་བསམ་ན་དེ་ནི་༧གོང་ས་མཆོག་གིས་རང་རེ་སློབ་མ་ཚོའི་སྒེར་གྱི་རྣམ་དཔྱོད་ལ་རང་དབང་ཆ་ཚང་གནང་བ་ཞིག་དང་། ཁོང་རྣམ་པས་ཀྱང་ལུང་དང་རིགས་པའི་ལམ་ནས་སོ་སོའི་ལྟ་ཚུལ་བཤད་པ་ཞིག་ཡིན་པས་ཧ་ཅང་འགྲིག་པར་བསམ་གྱི་ཡོད།
ཡིན་ན་ཡང་། ད་ཐེངས་དྲ་ལམ་ནས་གནང་བ་འདི་མ་འོངས་པར་ཡོངས་ཁྱབ་ཏུ་གྱུར་ན་འགྲིག་མིན་དང་གཅིག །
གང་ཟག་དམིགས་བསལ་མ་གཏོགས་སྤྱིར་བཏང་གི་དབང་སྐུར་ཐོབ་ལ་དབང་རྫས་སོགས་དགོས་ངེས་ཀྱི་ཆ་རྐྱེན་དགོས་མིན་དང་གཉིས།
དབང་རྫས་དངོས་སུ་ལག་པར་གཏོད་པ་སོགས་མི་དགོས་པར་བྱས་ན་མང་པོ་ཞིག་གིས་༧གོང་ས་མཆོག་གིས་དྲ་ལམ་ནས་དབང་སྐུར་བ་ལ་ཁ་གཡར་ས་བྱས་ནས་དྲ་ཐོག་ནས་དབང་བསྐུར་མཁན་མང་ནས་མང་དུ་ཕྱིན་ཏེ་དབང་སྐུར་སྟངས་ཀྱི་ཕྱག་ལེན་འཆོལ་ཉོག་ཏུ་འགྱུར་མིན་དང་གསུམ་ཏེ།
བརྗོད་གཞི་འདི་དག་གི་ཐོག་གཞུང་ལུགས་དང་དངོས་ཡོད་གཞི་ལ་བཞག་པའི་བགྲོ་གླེང་གནང་མཁན་མང་པོ་བྱུང་མེད།
༣༣༽ ཐོབ་རུང་དང་བསྐུར་འོས་ཀྱི་ཞིབ་ཆ།
ཡང་༧གོང་ས་མཆོག་གིས་ཕྲིན་ཆོག་དཔེ་རུ་མཛད་ནས་དད་པ་དང་དམ་ཚིག་རྣམ་པར་དག་པ་དང་ལྡན་ན་ཐག་རིང་པོས་ཆོད་ཀྱང་དབང་ཐོབ་རུང་ཡིན་པའི་བཀའ་མོལ་ཐེངས་འགའ་གནང་བ་ངས་ཀྱང་ཐོས་མྱོང་ཡོད། སྐབས་འདིར་ཡང་ཁ་ཐོགས་ཚད་ཀྱིས་ལུང་འདི་དྲངས་པ་རེད། ཡིན་ན་ཡང་། ༧གོང་ས་མཆོག་གི་དགོངས་པ་དངོས་ཀྱི་འབབ་ས་གང་ཡིན་དང་། ང་ཚོས་འདི་ལག་ལེན་གྱི་ཁོངས་སུ་གོ་བ་ག་འདྲ་ཞིག་ལེན་དགོས་པ་འདིར་ཞིབ་ཆ་དགོས།
མདོར་ན། བླ་མ་མཚན་ལྡན་གྱིས་སློབ་མ་སྣོད་ལྡན་ལ་དྲ་ལམ་ནས་དབང་བསྐུར་ཡང་དབང་ཐོབ་རུང་ཙམ་ཡོད་མེད་དང་། སྤྱིར་བཏང་ཡོངས་ཁྱབ་ཐོག་དྲ་ལམ་ནས་དབང་བསྐུར་འོས་མི་འོས་གཉིས་ཁ་ཁ་ཡག་པོ་ཞིག་ཕྱེ་དགོས། འདི་ནི་ངའི་སྐད་ཆ་རིང་མོ་འདིའི་ནང་གི་ཚིག་རྩ་གཙོ་བོ་དེ་ཡིན།
༣༤༽ བྱིན་རླབས་འཇུག་པ་ཙམ་ལ་ངོས་འཛིན་དགོས།
ཁྱད་པར་དུ། དྲག་ནོན་ཆེན་པོའི་འོག་ནས་བོད་ནས་རྒྱ་གར་དུ་ཡོང་འདོད་ཡོད་ཀྱང་ཡོང་མི་ཐུབ་པའི་དད་པ་དམ་ཚིག་གཡོ་བ་མེད་པའི་བོད་འབངས་དང་། དཀའ་བ་ཆེན་པོས་རྒྱ་གར་དུ་བརྟོལ་ཏེ་དབང་ཞུ་ལ་ཉེ་སྐབས་རྒྱ་གཞུང་གིས་བཙན་བཀའ་འབྱོར་ནས་བོད་དུ་ཕྱིར་ལོག་དགོས་བྱུང་བའི་དད་འབངས་དེ་ཚོ་༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་དབང་གི་དམིགས་འོག་ཏུ་འཇུག་རྒྱུ་ཡིན་པ་དང་། དད་པ་བྱས་ན་ཐག་རིང་པོ་ན་ཡོད་ཀྱང་དབང་ཐོབ་ཆོག་པའི་བཀའ་གནང་བ་ནི་དམིགས་བསལ་ཞིག་ཆགས་ཡོད།
དེ་ཡང་མཐར་གཏུགས་ན་སྤྱིར་བཏང་དབང་གི་བྱིན་རླབས་འཇུག་པའི་དོན་རེད། དེ་ནི་རྗེས་སུ་ཡི་རང་བྱས་ན་དགེ་རྩ་འདྲ་མཉམ་ཐོབ་པར་གསུངས་པ་དང་ཕྱོགས་འདྲ་ཞིག་ཡིན། འཕགས་པ་གྲོང་ཁྱེར་གྱིས་འཚོ་བའི་མདོའི་ནང་དུ་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བྱེད་མཁན་གྱི་དབུལ་མོ་ཞིག་ལ་སྦྱིན་བདག་རྒྱལ་པོ་གསལ་རྒྱལ་ལས་ལྷག་པའི་དགེ་བ་ཐོབ་པའང་གསུངས་ཡོད་ན་ཡང་། ཚིག་འདི་དག་ལ་འཁྲིས་ནས་སོ་སོས་དགེ་བ་སྒྲུབ་མི་དགོས། གཞན་གྱིས་དགེ་བ་བྱས་པ་དེར་དགའ་བ་བསྒོམས་ནས་བསྡད་ན་ཆོག་པ་རེད་ཅེས་སུས་ཀྱང་བསམ་རྒྱུ་མ་རེད། རྗེས་སུ་ཡི་རང་བ་ལ་ཕན་ཡོན་ཚད་མེད་པ་ཡོད་དུ་ཆུག་ཀྱང་། རང་ཉིད་ཀྱིས་དགེ་བ་སྒྲུབ་པའི་ཆེད་དུ་དཀའ་ལས་རྒྱག་མི་དགོས་པར་ལྷོད་སྡོད་བྱེད་པའི་ལག་ཆར་གྱུར་སོང་ན་དེ་དུས་མ་འགྲིག་པ་རེད། དཔེ་དེ་དང་འདྲ་བ་ཞིག་རེད།
༣༥༽ སྒྲུབ་བྱེད་ནང་གི་སྒྲུབ་བྱེད།
ད་དུང་གསལ་གཏོད་དེ་ཞུས་ན། དྲ་ལམ་ཐད་གཏོང་གི་བརྒྱུད་ལམ་གཏན་ནས་མེད་པའི་སྐབས་དང་། དྲ་ལམ་གྱི་ཐད་གཏོང་ཡོད་ཀྱང་ལྟ་ཐབས་མེད་པའི་བོད་ནང་དུའང་། བོད་ནང་ནས་ཐད་གཏོང་མཇལ་ཐུབ་ཀྱི་མེད་པ་མཁྱེན་བཞིན་དུ་༧གོང་ས་མཆོག་གིས་བཀའ་མོལ་དེ་ཀ་རང་གནང་ཡོད་པ་འདི་ལ་རྣམ་པ་ཚོས་འགྲེལ་བཤད་ཇི་ལྟར་རྒྱག །ཕྱིར་བོད་དུ་ལོག་རྗེས་བོད་ནང་དུ་རྩིས་འཕྲུལ་དང་ཁ་པར་གྱི་ལམ་ནས་ཐད་གཏོང་བལྟས་ནས་དབང་ཐོབ་ཡོང་ཞེས་པའི་དོན་རེད་ཟེར་རྒྱུ་ཡིན་ནམ།
གོང་གི་གསུང་དག་ནི་ཐུན་མོང་གི་དབང་དུ་བཏང་ན། དད་པ་དང་དམ་ཚིག་བརྟན་པོས་མོས་པ་བྱས་ན་དབང་གི་བྱིན་རླབས་ཙམ་ཐོབ་པར་དགོངས་པ་ཙམ་རེད། གལ་ཏེ་ཁྱེད་ཚོས་འགྲེལ་སྟངས་ལྟར་ན། ༧གོང་ས་མཆོག་གིས་འཕྲིན་ཆོག་གི་བསྙེན་རྫོགས་ནང་བཞིན་གང་ནས་དབང་བསྐུར་བ་དེར་ཞུ་འདོད་ཀྱི་དམིགས་པ་གཏད་ཙམ་གྱིས་ཚང་མ་ལ་དབང་མཚན་ཉིད་པ་ཐོབ་ཡོད་པ་ཞིག་ཏུ་ཁས་བླངས་པ་རེད། དངོས་གནས་དེ་འདྲ་ཁས་ལེན་རྒྱུ་ཡིན་ནམ། དེ་ལྟར་བྱས་ན་ད་ནི་ཐད་གཏོང་དགོས་པའི་རྒྱུ་མཚན་ཡང་མེད་པ་རེད།
༣༦༽ ཉན་ཤེས་ན་དོགས་པ་མི་དགོས།
དོན་དངོས་ཐོག་བོད་ནང་ནས་དབང་ཆེན་ལ་དམིགས་ནས་གསོལ་བ་བཏབ་པ་དང་། བླ་མས་ཐུགས་སྨོན་མཛད་པ་ཙམ་གྱིས་༧གོང་ས་མཆོག་གིས་ཐུགས་སྨོན་དང་བྱིན་རླབས་ཀྱིས་རྗེས་སུ་འཛིན་བཞིན་ཡོད་པའི་དགའ་སྤྲོ་ཚད་མེད་པ་ཡོད་ཀྱང་། དེ་རྒྱུ་མཚན་དུ་བྱས་ནས་དབང་གི་བརྒྱུད་པ་ཇི་བཞིན་དུ་ཐོབ་ཀྱི་ཡོད་པ་དང་། དུས་འཁོར་དབང་ཆེན་ལྟ་བུ་དངོས་སུ་ཐོབ་པར་གོ་བ་ལེན་མཁན་ཡང་མེད་པ་རེད།
མ་གཞི་ནས་༧གོང་ས་རྒྱལ་བའི་དབང་པོ་དང་བོད་འབངས་བར་གྱི་ཁྱད་པར་གྱི་དམ་ཚིག་དང་དད་མོས། དམིགས་བསལ་གྱི་རྒྱབ་ལྗོངས་བཅས་ལ་སུ་གཅིག་གིས་ཀྱང་ཚབ་བྱེད་ཐུབ་པ་ཞིག་མེད་པ་དེ་འདྲ་ཡིན་སྟབས། ༧གོང་ས་མཆོག་གི་བཀའ་མོལ་དེ་རང་སོར་བཞག་ན་སེམས་ཁུར་འདི་དག་ཡོང་གཞི་ཡེ་ནས་མེད་མོད། ཁྱེད་ཚོས་མཁས་མཁས་ཐལ་དྲགས་ན་༧གོང་ས་མཆོག་གི་བཀའ་མོལ་དེ་དག་གཞན་གྱི་བེད་སྤྱོད་ཀྱི་ལག་ཆར་བསྒྱུར་ཉེན་འདུག་སྙམ།
༣༧༽ དགོངས་དོན་རིགས་པས་འགྲེལ་བ།
༧གོང་ས་མཆོག་གི་དགོངས་པ་དངོས་དེ་དེ་ལྟར་ཅིས་ཀྱང་ཡིན་དགོས་ཏེ། འཕྲིན་ཆོག་ནི་འཕྲིན་གྱི་སྒོ་ནས་ཆོ་ག་རྫོགས་པར་བྱས་ཡོད་ལ། ཆོ་ག་རྫོགས་པ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལྟ་བུར་མཚོན་ན། སྐྲ་འབྲེག་པ། གོས་བརྗེ་བ། གསང་སྟོན་གྱི་བྱ་བ་སོགས་ཕོ་ཉ་བའི་ཐུགས་འཕྲད་ཀྱིས་དངོས་སུ་ལག་ལེན་གྱི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན། དེ་ནི་གང་ཟག་བྱེ་བྲག་པ་ཞིག་ལ་དེ་ལྟར་སངས་རྒྱས་ཀྱིས་གནང་བ་དང་། འདུལ་འཛིན་འགའ་ཞིག་གིས་ད་ལྟའང་གནང་དུ་རུང་བ་ཞིག་ཡིན་དུ་སྲིད་པ་ཙམ་གསུངས་ཡོད་མོད། དོན་དངོས་ཐོག་དེ་ནི་སྔོན་ཆོག་ཅིག་རེད། བོད་གངས་ཅན་གྱི་ལྗོངས་སུ་འཕྲིན་ཆོག་འདི་ཉིད་ལག་ལེན་དུ་བྱེད་པའི་འདུལ་འཛིན་སུའང་བྱུང་བའི་ལོ་རྒྱུས་མེད་པ་འདི་གནད་འགག་ཆེན་པོ་ཞིག་རེད།
དེ་ནི་ཁོང་རྣམ་པས་འཕྲིན་ཆོག་ད་ཆོག་ཏུ་རུང་བའི་སྲིད་མཐའ་ཙམ་རྒྱུ་མཚན་དུ་བྱས་ནས་ལག་ལེན་དུ་བྱས་ན་ཚང་མས་སླ་ཆོས་བྱས་ནས་རིམ་གྱིས་འཕྲིན་ཆོག་ལག་ལེན་དུ་བྱེད་སྲིད་པ་དང་། དེ་ལྟར་བྱས་ན། དེས་འདུལ་བའི་ལག་ལེན་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཅིས་ཀྱང་ཐེབས་ངེས་པ་སོགས་ལ་དགོངས་པ་བཞེས་ནས་བཏང་སྙོམས་སུ་བཞག་པ་ཞིག་ཡིན་ངེས།
༣༨༽ སྔོན་ཆོག་དཔེ་རུ་འཇོག་པར་དཀའ་ངལ་ཡོད།
ད་དུང་ང་ལ་དོན་དག་ཅིག་མཁས་པ་ཚོར་འདྲི་རྒྱུ་ཡོད། གལ་ཏེ་འཕྲིན་ཆོག་གིས་བསྙེན་པར་རྫོགས་པའི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་ཕོ་ཉ་བ་ལམ་ནས་ཟླ་བ་གཅིག་གི་དུས་ཡུན་ཐོགས་པ་ལྟ་བུ་ལ། ཕོ་ཉ་བས་བརྗོད་པ་ཐ་མའི་བརྡ་སྤྲོད་སྐབས། གནས་གཞན་དུ་ཡོད་པའི་མཁན་པོ་ཚེ་འཕོས་ནས་ཉི་མ་ཉི་ཤུ་རྩ་དགུ་ཕྱིན་ཟིན་ན་སྒྲུབ་བྱ་དེར་སྡོམ་པ་ཨེ་ཐོབ། གལ་ཏེ་མི་ཐོབ་ཟེར་ན། བརྗོད་པ་བསུམ་པའི་ཆ་ཐ་མ་རྫོགས་པའི་སྐབས་སུ་སྡོམ་པ་ཐོབ་པར་གསུངས་པ་དང་འགལ། ཡང་འཕྲིན་ཆོག་དམིགས་བསལ་ཡིན་པས། བང་ཆེན་པ་ཡང་བསྐྱར་ཕྱིར་ལོག་ནས་མཁན་པོ་འཚོ་བཞིན་པ་གཏན་ཁེལ་བྱས། དེ་ནས་ཚུར་བསྒྲུབ་བྱའི་རྩར་ཡོང་ནས་བརྡ་སྤྲད་པ་དང་སྡོམ་པ་ཐོབ་པར་འཇོག་ཟེར་རམ། དེ་ཡང་ཡོང་ཐབས་མེད་པ་ཞིག་སྟེ། བང་ཆེན་པ་ཕྱིར་ལོག་པའི་ལམ་བར་ནས་ཡང་བསྐྱར་མཁན་པོ་ཚེ་འཕོས་ཟིན་ཡོད་མེད་སུས་ཤེས། མ་གཞི་དེ་འདྲ་དེ་འཕྲིན་ཆོག་གི་སྡོམ་པའི་ཐོབ་བྱེད་ཀྱི་ཆ་ཤས་ཡིན་པའི་ལུང་རིགས་ཀྱང་མེད། མ་ཟད་ཐུག་མེད་དུ་ཐལ་བའི་སྐྱོན་ཡང་ཡོད།
གལ་ཏེ་སྔར་མཁན་པོས་དམིགས་པ་གཏད་པ་རྒྱུ་མཚན་དུ་བྱས་ན་སྡོམ་པ་གནང་མཁན་མི་བཞུགས་པའི་སྐབས་སུའང་སྡོམ་པ་ལེན་མཁན་ལ་སྐྱེ་བ་རེད་ཟེར་ན། དེ་ལྟར་ཡིན་པ་ལས་འོས་མེད་མོད། དེ་ལྟར་ན། གོང་དུ་བཤད་པ་ལྟར། སྒྲུབ་བྱེད་འདི་རིགས་ལ་ཁ་གཡར་ནས་མ་འོངས་པར་མི་ཚང་མས་ཡོའུ་ཁྲོབ་(YouTube)དྲ་བརྙན་ཁོ་ན་ལས་དབང་གི་བརྒྱུད་པ་ལེན་པ་ཞིག་ཡོང་སྲིད། དེས་ན་དོན་དངོས་ཐོག་མང་པོ་ཞིག་དེ་ལྟར་བྱེད་རུང་ཙམ་ལུང་རིགས་གང་རུང་གིས་གྲུབ་པ་དང་། དེ་ལྟར་བྱས་ན་དངོས་ཡོད་ཀྱི་དགག་དགོས་གང་ཡོད་གཉིས་ཁ་ཁ་སོ་སོ་ཡིན་པས། འདིའི་ཐད་ཚང་མ་ལ་བསམ་བློ་ནན་ཏན་ཏུ་གཏོང་རོགས།
༣༩༽ དངོས་གཙོ་སྨྲ་བའི་ཤན་ཤུགས།
ཡང་དགེ་བཤེས་ལོག་སྨྲ་ཚར་གཅོད་ཀྱིས། ཆོ་འཕྲུལ་རྣམ་པ་གསུམ་གྱིས་ཆོས་སྟོན་པ་ཐེག་ཆེན་གྱི་སྒྲུབ་བྱའི་ནུས་པ་རེད། ད་ཆ་ཚན་རིག་གིས་དེ་སྒྲུབ་ཐུབ་ཀྱི་ཡོད་ཙང་། དེ་ལྟར་གནང་དགོས་པ་རེད་ཅེས་བཤད་ཡོད།
སྤྱིར་བཏང་ཁོང་ལ་མཚོན་ན། ནམ་རྒྱུན་བདེན་པ་བཞི་དང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལ་སྒྲུབ་བྱེད་ཡང་དག་མེད། ཚེ་སྔ་ཕྱི་མི་བདེན། མ་མཐོང་བའི་འགྲོ་བ་མེད་ཅེས་བཤད་རྒྱུར་ཐེ་ཚོམ་སྤུ་རྩེ་ཙམ་ཡང་མེད་མཁན་ཞིག་དང་། ལྷ་འདྲེའི་འཇིག་རྟེན་དང་། ལྷ་འབབ་པ་སོགས་དབང་རྩ་འཁྲུགས་པའི་འཁྲུལ་སྣང་ཙམ་རེད་ཅེས་དངོས་སུ་བསླབ་བྱ་རྒྱག་མཁན་ཞིག་རེད།
ལར་ཁོང་གི་བཤད་སྟངས་དེ་ཚོ་རིག་གསར་སྐབས་ཀྱི་ལྷ་འདྲེ་གདོན་བགེགས་ལ་རྡུང་རྡེག་གཏོང་བའི་རིགས་ལམ་སྟེ། དོན་གྲུབ་རྒྱལ་གྱི་འདྲེ་འབོད་རྐང་གླིང་གི་སྒྲུང་སོགས་ཀྱི་དངོས་གཙོ་སྨྲ་བའི་བསམ་བློ་ཤན་ཤུགས་འབའ་ཞིག་བསྐྱར་ཟློས་བྱེད་པ་ཙམ་ལས་གཞན་གང་ཡང་མ་རེད།
༤༠༽ ༧གོང་ས་མཆོག་གིས་ལྷ་འདྲེ་ལ་གཟིགས་སྟངས།
འོན་ཀྱང་༧གོང་ས་མཆོག་གི་རང་རྣམ་སྔ་ཕྱི་གཉིས་ཆར་དུ་སྣང་ཚུལ་འདི་དག་དང་འབྲེལ་བའི་དངོས་མྱོང་མང་པོ་ཞིག་ཁུངས་སུ་མཛད་ནས་མ་མཐོང་བའི་འགྲོ་བ་ཡོད་པར་ངོས་འཛིན་གནང་ཡོད། མ་གཞི་མ་མཐོང་བའི་འགྲོ་བ་དང་ཚེ་སྔ་ཕྱི་ཁས་ལེན་མིན་ནི་སངས་རྒྱས་ཀྱི་གསུང་ཁས་ལེན་མི་ལེན་གྱི་དོན་དག་ཅིག་རེད། ༧གོང་ས་མཆོག་གིས་ནན་ཏན་ཆེན་པོས་འདིའི་རིགས་ཚན་རིག་གིས་འགྲེལ་བཤད་རྒྱག་མི་ཐུབ་པའི་སྣང་ཚུལ་ཞིག་ཡིན་པ་བསྟན་ཡོད།
སྤྱི་ལོ་༢༠༡༤ ལོར་ལ་དྭགས་དུས་དབང་ཆེན་མོའི་སྐབས། ཚེ་རབས་ལས་ཀྱིས་འབྲེལ་བའི་གངས་ཅན་གྱི་ལྷ་འདྲེ་དེ་དག་གིས་དམ་ཚིག་དང་ལ་རྒྱ་ཡིད་ལ་བཅངས་ནས་ལྷ་ཕེབས་པ་ཡིན་པའི་སྐོར་ལ་བཀའ་སློབ་གནང་ཡོད། གུས་པའང་སྐབས་དེར་ཡུལ་དངོས་སུ་ཡོད། ད་དུང་༧གོང་ས་མཆོག་གིས་མཛད་པའི་གཉན་ཆེན་པོ་ཐང་ལྷའི་གསོལ་མཆོད་ཀྱི་མཇུག་བྱང་སོགས་སུ། བོད་ཀྱི་ལྷ་འདྲེ་དེ་དག་ཀྱང་རང་རེ་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་གྱི་འཇིག་རྟེན་འདིའི་ཆ་ཤས་ཤིག་ཡིན་པའི་གཟིགས་ཚུལ་བཟུང་འདུག །འདི་ནི་ཕལ་ཆེར་འཕྲོས་བཤད་ཙམ་ཡིན།
༤༡༽ གསུང་ཡུལ་གྱི་གནས་སྟངས་དང་པོར་འཇོག་དགོས།
སྤྱིར་བཏང་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ནས་བཀའ་ཆོས་གནང་བ་འདི་དག་ཧ་ཅང་གལ་ཆེན་པོ་རེད། གཞན་དོན་སྒྲུབ་པའི་ཆ་རྐྱེན་ཡང་རེད། ཡིན་ན་ཡང་། དྲ་ལམ་ནས་དབང་བསྐུར་འདི་ཕྱོགས་མང་པོ་ཞིག་ལ་དགོངས་པ་བཞེས་དགོས་པ་ཞིག་ཡིན་པ་དེ་ལོག་སྨྲའི་བློ་ལ་འཁོར་མི་འདུག །ལར་དགེ་བཤེས་འདིའི་སྔགས་ཕྱོགས་ཀྱི་མཁྱེན་རྒྱ་ཡང་བཀའ་ཤག་དང་སྲིད་སྐྱོང་བློ་བཟང་སེང་གེ་ལས་བཟང་བ་ཕལ་ཆེར་མེད་པར་མ་ཟད། ཐ་ན་མདོ་མཚན་ཉིད་ཐེག་པའི་དབང་དུ་བཏང་ཡང་། སངས་རྒྱས་ལ་གསུང་རྒྱུའི་ནུས་པ་ཡོད་པ་དབང་བཙན་དུ་བྱས་ནས་ཆོས་གསུང་རྐྱང་གནང་ཆོག་པ་ཞིག་བཞེད་ཀྱི་མེད་པའང་མ་མཁྱེན་པ་འདྲ།
སངས་རྒྱས་ཀྱི་བཀའ་ཆོས་ཡོད་ཚད་གདུལ་བྱའི་བསམ་བློ་དང་། ཁོར་ཡུག་གི་གནས་སྟངས་ཁོ་ན་ཨང་དང་པོར་བཞག་ཡོད་དེ། དེ་ནི་ང་ཚོས་རྟག་པར། སེམས་ཅན་རྣམས་ཀྱི་བསམ་པ་དང་། བློ་ཡི་བྱེ་བྲག་ཇི་ལྟ་བར།། ཆེ་ཆོས་ཐུན་མོང་ཐེག་པ་ཡི།། ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།། ཞེས་འདོན་བཞིན་ཡོད་པ་དེ་རེད།
མདོར་ན། སྐུ་སྒེར་ཡིག་ཚང་གིས་བླ་མའི་དགོངས་སྤྱོད་རྒྱུ་མཚན་དུ་བཀོད་ནས་ལག་ལེན་ཡོད་ཚད་ལུགས་མཐུན་ཅན་དུ་འགྲེལ་བཤད་རྒྱག་པ་དང་། དགེ་བཤེས་འདིས་ཚན་རིག་ལག་རྩལ་གྱིས་བྱ་བ་ཉི་ཚེ་བ་སྒྲུབ་ཐུབ་པ་རྒྱུ་མཚན་དུ་བྱས་ནས་ཆ་རྐྱེན་གང་ཡང་མེད་པར་དབང་ལུང་ཁྲིད་གསུམ་དྲ་ལམ་ནས་བརྒྱུད་སྤེལ་ཆོག་པར་བཤད་པ་ལྟ་བུ་ཚང་མ་ཕྱོགས་གཅིག་ཁོ་ནར་དགོངས་པ་བཞེས་པའི་གཏམ་ཁོ་ནར་སྣང་ངོ་།།
༤༢༽ སླ་ཆོས་ནི་ཞན་ཆ་ལས་རྒྱུ་མཚན་མིན།
ད་དུང་དགའ་ལྡན་ཕོ་བྲང་གི་ཡི་གེ་སོགས་སུ་ནམ་རྒྱུན་དབང་གྲལ་དུ་མི་ཚོགས་ཕོན་ཆེ་ཡོད་སྐབས་རྒྱང་རིང་པོ་ནས་མ་གཏོགས་མཇལ་ཐུབ་ཀྱི་མེད་པ་དང་། དབང་རྫས་སོགས་ཀྱང་རག་གི་མེད་པ་ལ་དྲ་ལམ་ནས་སོ་སོའི་མདུན་རང་དུ་ཡོད་པ་ལྟར་གསལ་པོ་ཡོད་པ་སོགས་དྲ་ལམ་ནས་དབང་ཐོབ་པའི་རྒྱུ་མཚན་དུ་བཀོད་པ་དེ་ཚོའང་རྒྱུ་མཚན་ཚད་ལྡན་མིན།
དངོས་ཡོད་ཐོག་ཚང་མས་དེ་ལས་ཡོང་གིན་མེད་པ་རེད་མ་གཏོགས། དེ་ལས་མི་དགོས་པའི་དོན་མ་རེད། དབང་ཆེན་དག་གནང་སྐབས་མི་མང་དྲགས་ནས་དབང་བསྐུར་མཁན་གྱི་བླ་མ་རྒྱང་རིང་པོ་ནས་མ་གཏོགས་མི་མཇལ་བ་དང་། དབང་གྲལ་དུ་ཕྱིན་པ་ཙམ་ཡོད་ཀྱང་། དབང་གི་རྫས་ཀྱང་མ་རག །དཀྱིལ་འཁོར་གྱི་དལ་ཡང་མ་མཐོང་། ཆོ་གའི་མགོ་མཇུག་ཀྱང་མི་ཤེས། དབང་གི་བརྡ་དོན་བླ་མས་གསུངས་པ་ལ་དུས་མཉམ་གྱི་མོས་སྒོམ་རགས་པ་ཙམ་ཞིག་ཀྱང་མེད་པར་དབང་གྲལ་དུ་ཡོད་པར་རློམ་པ་འདི་ཚོ་ཚང་མ་སྔགས་ཀྱི་བསྟན་པ་ཉམས་པའི་རྟགས་ཡིན་པས། དབང་གི་བསྐུར་ཐོབ་ཚད་ལྡན་གྱི་ངོས་ནས་ཞན་ཆ་རང་དུ་ངོས་འཛིན་བྱ་རྒྱུ་ལས་འོས་མེད།
འདིའི་ཐད་བཅོས་བསྒྱུར་དང་ཡར་རྒྱས་མ་གཏོང་མ་ཐུབ་ཀྱང་། འདི་དག་རྒྱུ་མཚན་དུ་བྱས་ནས་མུ་མཐུད་དབང་གི་འགྲོ་སྟངས་འདི་ད་ཡོད་ཀྱི་གནས་སྟངས་ལས་ཀྱང་ཞན་པའི་ལམ་ཁ་ཞིག་ལ་འགྲོ་ཆོག་རྒྱུ་རེད་ཟེར་བ་ནི། རིགས་པ་ཤེས་པ་དང་དངོས་ཡོད་གནས་ཚུལ་ལ་དགོངས་པ་བཞེས་མཁན་གྱི་བཀའ་མོལ་གནང་སྟངས་ཤིག་ག་ལ་ཡིན།
༤༣༽ ལ་དྭགས་དུས་དབང་གི་མཐོང་ཐོས།
ང་སྤྱི་ལོ་༢༠༡༤ ལོར་ལ་དྭགས་སུ་དུས་འཁོར་དབང་ཆེན་ཞུ་བར་འགྲོ་སྐབས་༧གོང་ས་མཆོག་གི་ནུབ་ཕྱོགས་པའི་སློབ་མ་རྒན་གྲས་ཡིན་པའི་ཨ་རི་བ་མཁས་པ་རོ་བྷེརདི་(Robert Thurman) ཞུ་བ་ཁོང་གིས་དུས་འཁོར་དབང་ཆེན་གྱི་ལྟ་གོན་དངོས་གཞི་དང་བཅས་པའི་དམིགས་རིམ་སོགས་ལ་ཕྱི་དྲོ་རེ་རེ་བཞིན་ནུབ་ཕྱོགས་པ་ཚོར་སྦྱོང་བརྡར་སྤྲོད་བཞིན་འདུག་པ་མཐོང་། ངའི་མཉམ་དུ་ཡོང་བའི་རྒྱ་རིགས་འགའ་ཐེ་བའི་མགོ་སེར་དང་མགོ་ནག་ཚོས་ཀྱང་དབང་གི་ལྟ་གོན་དང་དངོས་གཞི་སོགས་ཉིན་རྗེས་མའི་ནང་དོན་གང་ཡིན་དང་། དེ་དག་དང་འབྲེལ་བའི་དམིགས་རིམ་དང་གསལ་འདེབས་དགོས་པ་གང་ཡོད་སོགས་ལ་འབྲེལ་ཡོད་དུས་དབང་གི་རྣམ་བཤད་དབྱིན་ཡིག་དང་རྒྱ་ཡིག་དེ་འདྲར་བལྟས་ནས་སྔ་སྦྱོང་བྱེད་པའི་ལུགས་སྲོལ་ཡོད་པ་མཐོང་། ཁོང་ཚོའི་ངོས་ནས། དེ་རིང་ནས་དབང་དང་འབྲེལ་བའི་དམིགས་པ་འཛིན་སྟངས་སོགས་ལ་ཤེས་རྟོག་རགས་རིམ་ཞིག་དགོས་པ་ནི་སང་ཉིན་གྱི་ཚོགས་འདུའི་ཆེད་དུ་དེ་རིང་ནས་ལས་རིམ་གྲ་སྒྲིག་བྱེད་པའམ། སང་ཉིན་གྱི་སྤྲོ་འཆམ་གྱི་ཆེད་དུ་སྔ་ནུབ་ནས་ལྗོངས་རྒྱུའི་ལམ་ཁ་ཁེལ་ཡུལ་གྱི་ས་བཀྲ་ལ་ལྟ་བ་ལྟ་བུ་ཞིག་རེད། རིག་གནས་གོམས་གཤིས་འདི་ཧ་ཅང་ཡག་པོར་མཐོང་།
༤༤༽ དབང་རྩ་ཆེན་དུ་འཛིན་པ་འདིས་ཆོས་ལ་བདག་པོ་ཞིག་ཡོད་པ་མཚོན།
དེ་བཞིན་རྒྱ་རིགས་དེ་ཚོར་ཡང་། ད་བར་དབང་ཞུ་ཟེར་དུས། ངེས་པར་དུ་ཆེད་གཏད་ཀྱིས་བླ་མའི་དྲུང་དུ་གཅར་ནས་ཞུ་དགོས་པ་དང་། དེ་ཡང་དབང་གི་ནང་དོན་དང་འབྲེལ་བའི་འགྲེལ་བཤད་དེ་ཚོ་ཧ་གོ་དགོས་པ། དབང་ཐོབ་ན་གཞི་ནས་སྔགས་ཀྱི་ལྷ་སྒྲུབ་ཆོག་པ། མཚམས་ལ་འདུག་ཆོག་པ། ཚོགས་མཆོད་དང་ཚོགས་སྒྲུབ་སོགས་དམིགས་བསལ་སྔགས་དང་འབྲེལ་བའི་ལས་རིམ་ལ་མཉམ་ཞུགས་ཆོག་པ་སོགས་ཀྱི་བསམ་བློ་གང་འཚམས་ཤིག་ཡོད་པ་རེད། འདི་ངེས་པར་དུ་མུ་མཐུད་དེ་འགྲོ་ཐུབ་པ་ཞིག་དང་། བསམ་བློ་འདི་ཤུགས་ཆེ་རུ་གཏོང་མ་ཐུབ་ན་ཡང་། ཉམས་ཞན་ཤུགས་ཆེ་རུ་མི་འགྲོ་བ་ཞིག་ལ་ཚང་མས་དགོངས་པ་བཞེས་དགོས།
དེས་ན་གནད་དོན་འདི་རིགས་ཀྱི་ཐད། སྐུ་སྒེར་ཡིག་ཚང་ཡིན་ནའང་འདྲ། བོད་ཀྱི་བླ་མ་གཞན་པ་ཚོ་ཡིན་ནའང་འདྲ། ཚང་མས་དོ་སྣང་གནང་སྟེ། དབང་དང་འབྲེལ་བའི་སླ་ཆོས་ཀྱི་སྣང་ཚུལ་འདི་དག་ཞན་ཆ་ཞིག་ཡིན་པར་ངོས་འཛིན་བྱེད་པའི་དུས་ལ་བབ་པ་ཡིན།
༤༥༽ དབང་གི་ཕྱག་ལེན་ལ་གཙིགས་སུ་འཛིན་པ།
དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་དང་ཕྱག་ལེན་ལ་ཤིན་ཏུ་གཙིགས་སུ་འཛིན་པའི་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ལྟ་བུས་ནི། དབང་གི་སྐབས་ཀྱི་སྐྱབས་འགྲོ་དང་དམ་བཟུང་ལྟ་བུ་ལན་གསུམ་གསུམ་རྗེས་ཟློས་དགོས་སར་ཚིག་རྐང་ཐ་མ་ཁོ་ན་ལན་གསུམ་དུ་བཟླས་ནས་གོ་ཆོད་པར་བྱེད་པ་ལྟ་བུའང་དབང་གི་ཕྱག་ལེན་ཉམས་པའི་རྟགས་ཡིན་ཞེས་བཀའ་བཀྱོན་གནང་བ་སོགས་བྱུང་ཡོད།
འདི་དག་གི་ཐད། བོད་ཁྱིམ་གྱི་ཆོས་དགེ་དག་གི་ས་ནས་སྔ་དགོང་གི་ཞལ་འདོན་ཙམ་བསླབས་མྱོང་བའི་སྐུ་ངོ་ཚོ་དང་། མཚན་ཉིད་ཀྱི་རྩོད་གྲྭ་དང་མདོ་ཕྱོགས་ཀྱི་སློབ་གཉེར་ཅུང་ཟད་རེ་བྱས་པའི་སློབ་གཉེར་བ་ཕལ་པ་རྣམས་ཀྱི་བསམ་བློའི་གོ་ཡུལ་ནི་གཞི་འཛིན་ས་ཡག་ཤོས་དེ་ག་ལ་ཡིན། ཤ་ཚ་བའི་གཏམ་ལ་སྙན་པོ་མེད།
༤༦༽ བསྟན་པ་སྤྱི་བཙན་དང་ལག་ལེན་དོག་མཐའ།
དྲ་ལམ་ནས་དབང་བསྐུར་ན་བསྐུར་ཡུལ་དེ་སྤྱིར་བཏང་གི་སློབ་མ་དང་མང་ཚོགས་ཡིན་པའི་ཆ་ནས་ངེས་པར་དུ་ལག་ལེན་དོག་མཐའ་ནས་བྱེད་དགོས་པ་འདི་བསྟན་པ་སྤྱི་བཙན་གྱི་དབང་དུ་བཏང་ན་ཞལ་བཞེས་མ་གནང་ཐབས་མེད་ཅིག་ཡིན།
སོ་ཐར་གྱི་སྡོམ་པ་ལ་མཚོན་ན་ཡང་། སྔོན་སྟོན་པ་ཞལ་བཞུགས་པའི་སྐབས་སུ། སྨིན་གསུམ་ཤས་ཆེ་བའི་གདུལ་བྱ་འགའ་ཞིག་གིས་ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཐོས་མ་ཐག་བསྙེན་རྫོགས་ཀྱི་སྡོམ་པ་ཐོབ་པར་ངོས་འཛིན་གནང་བ་དེ་འདྲའང་བྱུང་ཡོད། དེ་ཡང་མཐར་གཏུགས་ན་དབང་པོ་རྣོ་བརྟུལ་དང་། བསྟན་པ་སྤྱི་བཙན་དང་གང་ཟག་དགོས་བཙན་གྱི་ཕྱག་ལེན་ཞིག་རེད།
ནམ་རྒྱུན་ཡིན་ན་ཆོས་བརྒྱུད་ཁག་གི་ནང་ནས་རི་བོ་དགེ་ལུགས་པ་དག་ནི་འདི་འདྲའི་ཐད་ལ་ཚང་མའི་མིག་ལྟོས་བྱ་ཡུལ་ཞིག་ཡིན་པའི་ཡིད་ཆེས་ཞུ་གིན་ཡོད། སོར་བྱང་སྔགས་གསུམ་གྱི་ལག་ལེན་གང་ཅིར་མི་སྒེར་གྱི་ཉམས་རྟོགས་དང་ལྟ་དགོངས་རྒྱུ་མཚན་དུ་བྱས་ནས་སླ་ཆོས་བྱ་རྒྱུར་ཐུགས་ཧ་ཅང་མི་མཉེས་པའི་གོམས་གཤིས་ཡག་པོ་ཡོད་མཁན་ཞིག་ཡིན། དགེ་བཤེས་རྣམ་པའང་རིགས་པའི་མཇུག་ལྡོག་ལ་ཡི་དམ་དུ་མཛད་པ་མང་བ་ཡོད།
འོན་ཀྱང་། ད་ཐེངས་ཚང་མ་གཅིག་རྗེས་གཉིས་མཐུད་དུ་སྔགས་བླ་མེད་དང་བཀའ་གཏེར་དག་སྣང་གི་ཉེ་བརྒྱུད་འབའ་ཞིག་ཁུངས་སུ་དྲངས་ནས་བཀའ་དབང་རྩ་ཆེན་ཚང་མ་དྲ་ལམ་ནས་གནང་བར་གསོལ་བ་འདེབས་མཁན་ཞིག་ཆགས་སོང་། འདི་ནི་ཅུང་ཁྱད་མཚར་ཞིག་ཏུ་མཐོང་ལ། ངས་བལྟས་ན། ཅི་གསུང་བཀའ་སྒྲུབ་ཞུ་སྟངས་ནོར་བའི་རིགས་ཤིག་རེད་སྙམ།
༤༧༽ སྐབས་འཚོལ་བའི་ལག་ཆར་འགྱུར་མི་རུང་།
འདི་ནས་ངས་ང་ལ་ཅིའི་ཕྱིར་ཚོར་སྣང་ཆེན་པོས་དབང་དྲ་ལམ་ནས་བསྐུར་ན་མི་འོས་པའི་བསམ་ཚུལ་བྱུང་བ་དེའི་ཐད། གོང་དུ་བཤད་པའི་ལུང་དང་རིགས་པ་དེ་དག་ལས་གཞན། དངོས་ཡོད་ཀྱི་གནས་ཚུལ་འགའ་ཞིག་ངས་རང་ཉིད་ཀྱི་མཐོང་ཐོས་དང་། ཉམས་མྱོང་གཞི་ལ་བཞག་ནས་གང་ཐུབ་ཐུབ་ཅིག་ཞུ་གི་ཡིན།
དྲ་ལམ་ནས་དབང་བསྐུར་བ་འདི་༧གོང་ས་མཆོག་སྒེར་གྱི་གནས་བབ་ཅིག་གི་ཐོག་ནས་གནང་བ་ཞིག་ཡིན་པ་ཡིན་ན་ང་ཚོས་འདིའི་ཐད་ང་ཚོས་སེམས་ཁུར་དེ་ཙམ་མི་དགོས་མོད། དེང་སང་གི་སྤྱི་ཚོགས་ཁྲོད་གོ་སྐབས་བསྒུགས་ནས་བསྡད་ཡོད་པའི་ཟོག་ཁྲམ་ཧ་ཅང་མང་པོ་རེད། ཉི་མ་གཅིག་ལ་ཁོང་ཚོས་ཀྱང་དེ་ལྟར་བྱེད་ཀྱི་རེད། ཁོ་ཚོས་སྒེར་གྱི་བསྟོད་བཀུར་སྙན་གྲགས་ཀྱི་ཆེད་དུ་གསང་སྔགས་ཀྱི་ཕྱག་ལེན་བེད་སྤྱོད་ལོག་པར་གཏོང་བ་དང་། ཁོ་ཚོའི་བྱེད་སྟངས་ལུགས་མཐུན་ཡིན་པའི་རྒྱུ་མཚན་དུ་༧གོང་ས་མཆོག་གིས་དྲ་ལམ་ནས་དབང་གནང་བ་བེད་སྤྱོད་གཏོང་བ་ཞིག་ལ་ངས་མཐོང་འདོད་མེད།
༤༨༽ སེམས་ཁྲལ་མངོན་དུ་འགྱུར་གྲབས།
ལར་ནས་༧རྒྱལ་དབང་ཀརྨ་པས་གསུངས་པ་ལྟར། ༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་ནས་ལྡོག་ཕྱོགས་ཀྱི་ལས་ཀ་བྱེད་པ་འདི་རིགས་གཞི་མེད་བསྐུར་འདེབས་གང་ལས་ཀྱང་ཚབས་ཆེ་བ་ཞིག་ཡིན། ངས་༧གོང་ས་མཆོག་གི་དབང་དངོས་སུ་མ་གནང་བའི་སྔ་ནུབ་དེ་གར་ངོ་དེབ་ཀྱི་ཐད་གཏོང་བརྒྱུད་འདིའི་སྐོར་ལ་ཞུས་པ་རེད། གཞན་གྱིས་གོ་ནོར་ཐེབས་སྲིད་པའི་ཉེན་ཁར་མ་འཛེམས་པར་ཞུ་དགོས་པའི་དོན་དག་ཀྱང་དེ་ཡིན། དུས་ཡུན་ཟླ་བ་གཅིག་ལྷག་ལས་ཟིན་མེད་ན་ཡང་། ངའི་སེམས་ཁུར་དེ་ད་ཆ་མངོན་དུ་འགྱུར་གྲབས་འདུག
༤༩༽ དུས་དབང་དྲ་ལམ་ནས་བསྐུར་བ།
ང་ད་ལྟ་སྡོད་ཡུལ་ཨོ་གླིང་གི་མོལ་བྷན་ཞེས་པའི་ས་ཁུལ་དུ་ཡོད་པའི་བོད་པ་འཇམ་དཔལ་བློ་གྲོས་ཟེར་བ་ཞིག་གིས་འཛོམས་zoom འཛོམས་བརྒྱུད་ནས་དུས་འཁོར་དབང་མོ་ཆེ་གནང་གི་ཡིན་ཞེས་ངོ་དེབ་སོགས་ཀྱི་བརྒྱུད་ལམ་སྤྱད་དེ་ཁྱབ་བསྒྲགས་ཆེན་པོ་བྱས་བྱུང་། གནས་ཚུལ་དེ་མཐོང་མ་ཐག་དེ་ནི་བསམ་བཞིན་དུ་སྐབས་འཚོལ་གྱི་ལས་ཀ་བྱེད་སྟངས་ཤིག་རེད་ཨང་སྙམ་པའི་བསམ་བློ་འཁོར་བྱུང་།
ངས་མི་དེ་ངོ་ཤེས་ཀྱི་མེད། ཡིན་ན་ཡང་ཁོའི་བྱེད་སྟངས་དེ་ཐལ་དྲགས་པ་ཞིག་ཏུ་མཐོང་ནས་ཚང་མས་དོ་སྣང་ཡོང་ཆེད་ངས་རང་གི་ངོ་དེབ་དུ། དུས་འཁོར་དབང་མོ་ཆེ་འཛོམས་zoom བརྒྱུད་ནས་བསྐུར་གཏན་ཁེལ་འདུག །བསམ་ཚུལ་ག་རེ་ཡོད། ཅེས་བྲིས་པ་ཡིན། དྲ་གྲོགས་མང་པོ་ཞིག་གིས་ནི་ཐ་ན་ངས་ཉེ་དུས་ཀྱི་དྲ་ལམ་གྱི་བཀའ་དབང་ལ་ཟུར་ཟ་བྱེད་ཀྱིན་འདུག་སྙམ་ནས་མུ་མཐུད་ངའི་ཀུན་སློང་ལ་ཚོད་དཔག་གནང་གིན་བཞུགས་འདུག ། ཡིན་ན་ཡང་། རྒྱབ་ལོག་གི་གནས་ཚུལ་དངོས་ག་རེ་ཡོང་གིན་ཡོད་པ་དེ་ཤེས་ཀྱི་མེད་པ་རེད། ངས་སྐད་ཆ་ཉན་ཤེས་ཀྱི་རེད་སྙམ་པ་གཅིག་གཉིས་རེ་ལ་གསལ་བཤད་ཕྲན་བུ་རེ་བྱས་པ་ཡིན། ངའི་རེ་བ་ནི། ད་དུང་ཡིན་ན་ཡང་ང་ཚོས་འདི་རིགས་ལ་དོ་སྣང་ཞིག་གནང་དགོས་ངེས་སུ་འདུག་སྙམ་པ་ཙམ་ཡིན།
༥༠༽ གཟིགས་རྒྱང་ཐུང་བའི་མཇུག་འབྲས།
༧གོང་ས་མཆོག་གིས་དྲ་ལམ་ནས་བཀའ་དབང་གནང་ནས་གཟའ་འཁོར་འགའ་ལས་མ་སོང་བའི་སྐབས་འདིར་གང་ཟག་དེ་འདྲ་ཞིག་གིས་བློ་ཁོག་ཆེན་པོས་ཕྱི་རྒྱལ་དང་རྒྱ་རིགས་ཀྱི་སྤྱི་ཚོགས་སུ་ཁྱབ་བསྒྲགས་འདི་འདྲ་ཞིག་བྱས་པ་དེས་ང་ཚོར་བྱེད་སྟངས་མ་ཤེས་པ་ཞིག་བཟོས་པ་རེད། ཕྱོགས་གཞན་ཞིག་ནས་བསམ་བློ་ཞིག་འཁོར་བཅུག་པ་རེད། བརྡ་ལན་ཞིག་བྱུང་བ་རེད།
ཐོག་མར་བཀའ་ཤག་གིས་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་རང་གིས་སྒྲུབ་དགོས་པའི་ཆབ་སྲིད་ལ་བློ་སེམས་རྩེ་གཅིག་ཏུ་མ་གཏད་པར་༧གོང་ས་མཆོག་ལ་དྲ་ལམ་ནས་དབང་བསྐུར་རྒྱུར་གསོལ་བ་བཏབ་པ་དེ་ཚོ་བྱུང་མེད་ན། ང་ཚོས་འདིའི་རིགས་ལ་བསམ་ཚུལ་བཤད་རྒྱུ་དང་བཀག་འགོག་བྱ་རྒྱུ་དེ་ཅུང་ཟད་ལས་སླ་པོ་ཡོད་པ་རེད།
གལ་ཏེ་༧གོང་ས་མཆོག་གིས་གང་གནང་བའི་བཀའ་དབང་དེ་ཡང་། ཆོས་སྒོ་ཅུང་ཡངས་པའི་བྱ་རྒྱུད་པདྨའི་རིགས་སྤྱན་རས་གཟིགས་ཀྱི་དབང་ཡིན་པ་དང་། དེས་གསང་སྔགས་བླ་མེད་ཀྱི་དབང་ལ་རིགས་འགྲེ་མི་རུང་བ་སོགས་གསལ་ཁ་ཡག་པོ་ཞིག་གཏོད་ཡོད་ན། དེ་ཡང་གཞི་འཛིན་ས་ཡག་པོ་ཞིག་རེད།
དེ་ཡང་མ་བྱུང་ན། དགའ་ལྡན་ཕོ་བྲང་སོགས་མང་པོ་ཞིག་གིས་ཀྱང་། དྲ་ལམ་ནས་དབང་གནང་བ་གལ་ཆེན་པོ་ཡིན་ལུགས། ལུང་དང་རིགས་པས་གྲུབ་ཚུལ། སྒྲུབ་བྱེད་ཀྱི་རྡོ་རྗེའི་ཚིག་མང་པོ་བྱུང་ལུགས་སོགས་ལུང་བ་གང་མ་བཤད་པར། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་སྐད་ཆ་ལ་ཁ་ཐུག་ངོ་རྒོལ་གྱི་རྣམ་འགྱུར་གསལ་པོ་ཞིག་བསྟན། གཞན་དག་དེ་ཚོ་ཅུང་ཟད་བཏང་སྙོམས་སུ་བཞག་ཡོད་ནའང་ད་ཆ་ནང་བཞིན་གང་བྱེད་དགོས་མ་ཤེས་པ་འདི་འདྲ་ཞིག་ཆགས་འདོག་ཁ་པོ་མ་རེད།
བོད་མི་དུས་དབང་བསྐུར་མཁན་དེས་ཅིག་བྱས་ན་དགའ་ལྡན་ཕོ་བྲང་སོགས་ཀྱིས་གང་བཤད་ལ་ཁ་ཡ་མི་བྱེད་ནའང་ཐང་མོད། ཁོའི་དབང་བསྐུར་སར་ཡོང་མཁན་གྱི་དབྱིན་ཇི་དང་རྒྱ་རིགས་དེ་ཚོར་མཚོན་ན། བྱེད་སྟངས་དེ་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་དག་གི་ངོས་ལེན་དང་བཀའ་འཁྲོལ་མེད་པ། ལམ་དང་ལུགས་སྲོལ་ལ་མེད་པ་ཞིག་ཡིན་པ་ར་འཕྲོད་ན་མང་པོ་ཞིག་ལ་བསམ་བློ་འཁོར་ཐུབ་ཀྱི་ཡོད་པ་རེད། ཅིག་བྱས་ན་སེམས་ཁྲལ་འདི་དག་ཚང་མ་ང་རང་ཉིད་ཀྱི་བསམ་བློའི་འཁྲུལ་སྣང་གི་ཆིག་ལབ་ཁོ་ན་ཞིག་ཡིན་སྲིད། གང་ལྟར་འདི་ནི་ངའི་མཐོང་ཚུལ་རེད།
༥༡༽ གཅེས་སྤྲས་བྱས་པའི་འབྲས་བུ།
སྤྱིར་ད་ལྟའི་ཆར་ལོ་སྟོང་ཕྲག་ལྷག་གི་རིང་ནས་གསང་སྔགས་ཁྲོམ་བསྒྲགས་བྱས་ཟིན་པ་རེད། ལོ་རྒྱུས་དེ་གསར་པ་ཞིག་མ་རེད་ལ། བསྒྱུར་ཐབས་ཡོད་པ་ཞིག་ཀྱང་མ་རེད། ཁྲོམ་དབང་བསྐུར་བ་འདི་ལ་སྒྲུབ་བྱེད་བཀོད་ནས་ཡག་པོ་བསྒྲུབས་པ་དང་། དགག་པ་བརྒྱབ་ནས་བཀག་འགོག་བཟོ་བ་གཉིས་ཆར་གྱི་དུས་ཚོད་ཡོལ་ཟིན་པ་དང་། འདིས་སྔགས་ཀྱི་དངོས་གྲུབ་རིང་བའི་རྐྱེན་བྱས་ཡོད་པ་ནི་བསྙོན་དུ་མེད་པ་ཞིག་རེད་དེ། ད་དུང་ཡང་ང་ཚོའི་གསང་སྔགས་འདི་ལ་མཚམས་དང་ཚིགས་མེད་པ་ཞིག་གཏན་ནས་ཆགས་མེད། དེ་ནི་ད་བར་གྱི་སྐྱེས་བུ་དམ་པ་དག་གིས་བརྒྱུད་པ་རིན་པོ་ཆེ་འདི་ལ་གཅེས་སྤྲས་གང་ལེགས་མཛད་དེ་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ཞེས་པ་ཞིག་དགོས་ངེས་ཀྱི་ཆ་རྐྱེན་དུ་བཟུང་བའི་འབྲས་བུ་ཉག་གཅིག་རེད།
༥༢༽ དྲ་ཐོག་ལུང་རྒྱུན་གྱི་ཐུགས་སྣང་།
དེང་སང་གི་བཤད་ལུང་དང་བཀླགས་ལུང་འདི་རིགས་ཀྱང་། མདོ་ལས་བྱུང་བའི་ལུང་འབོག་པ་དང་ཕྱག་ལེན་གྱི་ཆ་ནས་མི་འདྲ་བ་ཙམ་ཡོད་པ་བདེན་པ་རེད། ད་དུང་ཀརྨ་པ་མི་བསྐྱོད་རྡོ་རྗེས་བོད་དུ་གྲགས་པའི་ལམ་ལུགས་ཤིག་ཡིན་པར་གསུངས་ཤིང་། ཉེ་ཆར་ངག་གི་དབང་ཕྱུག་རིན་ཆེན་དངོས་གྲུབ་པས་ཁུངས་མེད་ཡིན་པ་ལྟ་བུར་བཤད་པའི་ཡི་གེ་ཞིག་ཀྱང་མཐོང་མོད། འདི་ཡང་བསྟན་རྒྱུན་ལ་ཤིན་ཏུ་ཕན་པའི་ལྕགས་རི་ལྟ་བུའི་ཕྱག་ལེན་བཟང་པོ་དོན་ལ་གནས་ཤིང་ཕན་ཐོགས་ཡོད་པ་ཞིག་ཡིན་པས་ན། བསྟན་པའི་འགངས་ཤེས་མཁན་ཞིག་ཡིན་ཕྱིན་ཅིས་ཀྱང་གཅེས་སྤྲས་སུ་བྱ་དགོས་སོ།།
ལུང་འདི་ལ་ཆོ་ག་གཞན་མི་དགོས་པས་བརྙན་འཕྲིན་སོགས་ལས་གནང་རུང་བ་ཙམ་སྣང་མོད། དེ་ཡང་བླ་སློབ་གཉིས་ཀ་དུས་མཉམ་དུ་དུས་ཚོད་གཅིག་གི་ཐོག་གཅིག་གིས་གཅིག་དངོས་སུ་མཐོང་ཐུབ་པ་དང་། ཐད་ཀར་གཟུགས་མཐོང་དང་ཁ་པར་ལྟ་བུས་སྦྲེལ་ནས་སྒྲ་གསལ་པོར་ཐོས་པ་དང་། རྒྱུན་མི་ཆད་པའི་ཁོར་ཡུག་བརྟན་པོ་ཞིག་ཡོད་པ་ཁོ་ནའི་ཆ་རྐྱེན་འོག་ལུང་འདོན་པ་སོགས་ལག་ལེན་དོག་མཐའ་ནས་དགོས་པ་འདི་ཤིན་ཏུ་གལ་ཆེ་བར་སྙམ། འདི་ཡང་ད་ཆ་ང་ཚོས་བསམ་བློ་གཏོང་དགོས་སའི་རིགས་ཤིག་རེད།
༥༣༽ ཆེས་ཐ་མའི་ཉེན་ཟོན་ལམ་ཐིག
དཔེར་ན། ལམ་འགྲམ་ཞིག་ན་ཁང་པ་ཞིག་ཡོད་པའི་དབང་དུ་བཏང་ན། དེ་ལ་ཁང་སྲུང་ཞིག་ཡོད་ན་དེས་ཁང་པ་དེའི་བརྩན་ཆར་དམིགས་བསལ་གྱི་ནུས་པ་ཐོན་གྱི་རེད། མ་ཟད་དེས་ཁང་པ་དེར་བདག་པོ་ཞིག་ཡོད་པ་སྟོན་གྱི་ཡོད། གལ་ཏེ་ཁང་པ་དེར་སྒོ་ལྕགས་ཤིག་བརྒྱབ་ཡོད་པ་ཡིན་ན། དེས་ཀྱང་སྤྱིར་བཏང་གི་མི་ཚོ་དོན་མེད་དུ་ཁང་པ་དེའི་ནང་དུ་མི་འཛུལ་བར་ཕན་གྱི་རེད། གལ་ཏེ་ཁང་པ་དེའི་སྒོ་ཧར་གྱིས་ཕྱེས་ནས་བདག་མེད་དུ་བཞག་ཡོད་ན། དེ་དུས་ནས་ལམ་འགྲོ་བ་དང་། ཁྱི་དང་ཞི་མི། རྐུན་མ་དང་འཁྱམས་པོ་ཚང་མ་དེའི་ནང་འཛུལ་ཡོང་གི་རེད། དེ་ནང་བཞིན། ང་ཚོས་དབང་བསྐུར་བ་ལ་མཚམས་དང་ཚིགས། ལམ་དང་ལུགས་སྲོལ་ཅུང་ཟད་ཅིག་ཡོད་ན་དེས་དབང་བསྐུར་གྱི་ལམ་ལུགས་འདིར་ཚང་མས་གང་འདོད་འདོད་དུ་ལག་པ་མི་འཆང་བར་ཕན་གྱི་རེད།
མ་གཞི་དེང་སང་གསང་སྔགས་ཀྱི་སྒྲུབ་ཐབས་དང་དབང་ཆོག་སོགས་གང་འདོད་འདོད་དུ་ཕྱི་མིའི་སྐད་ཡིག་ཏུ་བསྒྱུར། དབང་གི་དཀྱིལ་འཁོར་དང་ཐིག་རྡུལ་ཚོན་སོགས་དཔལ་འབྱོར་འདུ་འགོད་ཀྱི་ལག་ཆར་གྱུར། གསང་སྔགས་རྒྱུད་སྡེ་བཞིའི་ལྷ་རབ་འབྱམས་ཀྱི་ཐང་ཀ་དང་སྐུ་པར་དྲ་ངོས་སུ་བཞག །བླ་མེད་ཀྱི་སྐུ་དང་ཡི་གེ་སྔགས་དང་ཕྱག་རྒྱ་ཚང་མ་ཡུལ་བསྐོར་བའི་དྲན་རྟེན་ཚོང་རྫས་སུ་བྱེད་པ་བཅས་ཀྱི་དུས་ལ་བསླེབས་ཟིན་ན་ཡང་། འདི་དག་ཡོད་ཚད་ང་ཚོས་གསང་སྔགས་དང་འབྲེལ་བའི་ཆེས་ཐ་མའི་ཉེན་ཟོན་ལམ་ཐིག་ཕྲ་མོ་ཞིག་ལྷག་ཡོད་པ་དེ་སྣོག་འོས་པའི་རྒྱུ་མཚན་ག་ལ་ཡིན།
༥༤༽ ཡིད་དབང་འཕྲོག་བྱེད་ཀྱི་བརྒྱུད་པའི་ཁྱད་ཆོས།
གནས་སྟངས་འགའ་རེ་ལས་ཁུངས་ཀྱི་ལས་མི་དང་། དཔེ་ཆ་ཁོ་ན་གཟིགས་ནས་བཞུགས་འདུག་མཁན་གྱི་མཁས་པ་ཚོས་མཁྱེན་ཁག་པོ་རེད། གུས་པར་མཚོན་ན། རྒྱ་རིགས་དེ་ཚོར་སྐད་ཆ་ཤོད་སྐབས་རྒྱ་བརྒྱུད་ནང་བསྟན་དང་ཆེས་མི་འདྲ་ས་དང་། ཁུངས་བཙུན་ལ་ངེས་ཤེས་སྐྱེ་བར་ཕན་པོ་ཡོད་པའི་རང་རེ་བོད་བརྒྱུད་ནང་བསྟན་འདིའི་ཁྱད་ཆོས་གཙོ་བོ་འགའ་ཞིག་ངོ་སྤྲོད་བྱེད་ཁུལ་བྱེད་ཀྱི་ཡོད།
ཁྱད་ཆོས་འདི་དག་ནི་ཕྱི་མི་མང་པོ་ཞིག་ལ་མཚོན་ན། བོད་བརྒྱུད་ནང་བསྟན་གྱིས་ཡིད་དབང་འཕྲོག་ས་དང་། དེ་ཉིད་རང་ཉིད་ཀྱི་ཉམས་ལེན་དུ་འདེམས་རྒྱུར་ཡིད་རྟོན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སློབ་ཀྱི་འབྲེལ་བ་དང་ཉམས་ལེན་གྱི་རིམ་པ། བརྒྱུད་པ་གསེར་གྱི་ཉག་ཐག་ཅེས་བརྒྱུད་པ་ལ་བརྩི་བཀུར་ཆེན་པོ་ཡོད་པ་འདི་དམིགས་བསལ་དང་རིན་ཐང་ཡོད་པ་ཞིག་ཏུ་མཐོང་གིན་འདུག །
༥༥༽ རྒྱུ་མཚན་གསུམ་གྱི་སྒོ་ནས་མི་འདྲ་ཚུལ།
དེ་ཡང་ངས་རྒྱ་དང་ནུབ་ཕྱོགས་པ་ཁོང་ཚོར་ནང་ཆོས་ངོ་སྤྲོད་བྱེད་སྐབས། བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་འདི་ཆུ་མགོ་གངས་ལ་ཐུག་པ་ལྟ་བུ་དཔལ་ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་ཞལ་ནས་སྙན་དུ་བརྒྱུད་པའི་བརྒྱུད་པ་བར་མ་ཆད་པ་ཞིག་དགོས་པ་དང་གཅིག །
མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་པ་ལྟར། དབང་བསྐུར། རྒྱུད་བཤད། མན་ངག་གནང་བ་སྟེ། བཀའ་དྲིན་སུམ་གྱིས་བསྐྱངས་པའི་ཆ་རྐྱེན་གྱི་འོག་ནས་རྩ་བའི་བླ་མ་དང་སློབ་མའི་འབྲེལ་བ་འཇོག་པ་དང་གཉིས།
དེ་ལྟ་བུའི་བླ་སློབ་ཀྱི་འབྲེལ་བ་དེ་ཡང་མ་མཐའ་ཡང་དང་པོ་བླ་མ་བརྟགས། བར་དུ་བླ་མ་བསྟེན། ཐ་མ་དགོངས་སྤྱོད་བསླབས་པ་བཅས་བྱས་ནས་ཡོང་གིན་ཡོད་པ་དེ། རྒྱུ་མཚན་གསུམ་གྱི་སྒོ་ནས་མ་འདྲ་བ་ཞིག་ཆགས་ཀྱི་ཡོད་པ་ཤོད་ཀྱི་ཡོད།
ཁོང་ཚོས་ཀྱང་རྒྱུ་མཚན་དེ་ལ་བསྟེན་ནས་གསང་སྔགས་ཀྱི་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་པར་ངེས་པར་དུ་བླ་མ་ཞིག་གི་འདུན་ནས་ཡིན་ལུགས་ཚུལ་མཐུན་གྱི་དབང་ལུང་ཁྲིད་གསུམ་ཞུ་དགོས་པར་གོ་བ་ལེན་གྱི་ཡོད། ལམ་སྲོལ་འདིས་རང་རེའི་ཆོས་འདིའི་བརྒྱུད་པ་གཙང་མར་ཉར་བ་དང་། གཞན་གྱིས་དམ་པའི་ཆོས་འདི་ལ་རྩི་འཇོག་ཡག་པོ་བྱ་རྒྱུར་དམིགས་བསལ་ནུས་པ་ཐོན་གྱི་ཡོད།
༥༦༽ བདག་དབང་གི་གལ་ཆེའི་རང་བཞིན།
དེང་སང་གི་བཤད་སྟངས་བྱས་ན། གསང་སྔགས་ཉམས་སུ་ལེན་པ་ལ་དབང་ཞུ་དགོས་པ་དང་། དབང་ཞུ་སར་དཀའ་ལས་ཅུང་ཟད་རྒྱག་དགོས་པའི་བསམ་བློ་འདི་གསང་སྔགས་ཀྱི་བསྟན་པའི་བདག་དབང་དང་ཐད་ཀར་འབྲེལ་བ་ཡོད། དེ་ཡང་བདག་དབང་ནི་སྤུས་ཚད་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན།
བདག་དབང་རྩིས་སྤྲོད་ལྟ་བུའི་སྨིན་དབང་དེ་མ་ཐོབ་ན་གསང་སྔགས་ཀྱི་འཆད་ཉན་བསྒོམ་སྒྲུབ་གང་ལའང་མི་དབང་བ་སྔགས་རིམ་ཆེན་མོ་སོགས་སུ་ཤིན་ཏུ་གསལ་བ་དེ་ཀ་ལགས།
ཆོས་ལ་རྩི་འཇོག་ཡག་པོ་བྱས་བསྡད་ན་དེ་ལ་སྲོལ་རྒྱུན་གྱི་གཞུང་དུ་དམ་པའི་ཆོས་ཀྱི་ཆེ་བ་སྲུང་སྐྱོབ་བྱེད་པ་ཞེས་གསུངས་ཡོད། འདི་ནི་གསང་སྔགས་རིག་གནས་ཀྱི་བདག་དབང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གཅིག་པུ་དེ་རེད། སྤྱིར་བཏང་གི་རིག་གནས་ཤིག་ཡིན་ན་ཡང་། བདག་དབང་གི་ཁྲིམས་མཐུས་ཚང་མེད་པའི་སྐྱོན་ཆ་དེ་རྒྱ་ནག་ལ་བལྟས་ན་ཧ་གོ་ཐུབ་པ་དེ་རེད། ཆོས་དང་གདམས་ངག་ལ་ཡང་བདག་དབང་འདི་གལ་ཆེན་པོ་ཡིན།
ས་སྐྱ་པཎ་ཆེན་གྱིས། སེམས་བསྐྱེད་མ་ཡིན་པའི་ཐེག་པ་ཆེན་པོའི་ཉམས་ལེན་མེད་པ་དང་། དབང་མ་ཡིན་པའི་གསང་སྔགས་ཀྱི་ཉམས་ལེན་མེད་པར་གསུངས་པ་འདི་ཧ་ཅང་གལ་ཆེན་རེད། དེས་ན་མགོ་དབང་ནས་བཙུགས་ཏེ་ང་ཚོས་བརྒྱུད་པ་འདིའི་བདག་དབང་ལ་མུ་མཐུད་གཅེས་སྤྲས་བྱ་དགོས་ཀྱི་འདུག །མ་རེད་དམ།
༥༧༽ གཞན་གྱིས་མཐོང་ཆེན་བྱ་ཡུལ་ཞིག་ཏུ་བསྒྱུར་དགོས།
དེ་ཡང་དབང་ཞེས་པ་དེའང་སློབ་མ་ཞིག་གིས་གང་ལ་གང་འཚམས་ཀྱི་དཀའ་ལས་ཤིག་བརྒྱབ་ནས་ཞུ་དགོས་པ། སྤྱི་ལེ་བརྒྱ་ཕྲག་སྟོང་ཕྲག་གི་ལམ་ནས་ཞུ་སར་ཡོང་དགོས་པ། དེའི་ཆེད་དུ་རྒྱུ་ཚེགས་དང་སེམས་ཤུགས། དུས་ཚོད་ཀྱི་མ་རྩ་སོགས་ཅུང་ཟད་རེ་གཏོང་དགོས་པའི་འདུ་ཤེས་ཡོད་པ་ཞིག་བཟོ་དགོས་པ་དང་། ད་ཡོད་ཀྱི་དེ་ལྟ་བུའི་ཆ་རྐྱེན་ཞིག་ཡོད་བཞིན་པ་འདི་མུ་མཐུད་རྒྱུན་འཛིན་དགོས་པ་དེ་ཧ་ཅང་གནད་འགག་ཡིན། འདིས་ཀྱང་ཆོས་ལ་དཀོན་པའི་འདུ་ཤེས་ཟེར་ན་འདྲ། རང་གིས་ཞུས་པའི་ཆོས་དེར་རྩ་ཆེན་པོར་བརྩི་བར་ཕན་གྱི་ཡོད་པ་རེད། བརྒྱུད་པའི་བླ་མ་གོང་མ་ཚོས་ཀྱང་འདུ་ཤེས་འདི་སྐྱེད་སྲིང་བྱེད་པར་དམིགས་བསལ་གྱིས་ནུས་པ་བཏོན་ཡོད་ལ། དེ་འདྲ་བྱུང་ན། ཚང་མས་ཆོས་ལ་ཆེ་མཐོང་སྤྲོད་པ་དང་། བརྒྱུད་པ་འདི་ཚད་ལྡན་ཞིག་ཏུ་བརྩི་བར་ཕན་གྱི་རེད། དེང་སང་གི་སྤྱིར་བཏང་གི་འཛིན་གྲྭ་ཞིག་ཡིན་ན་ཡང་། རིན་མེད་དུ་འཆད་ཁྲིད་བྱེད་ཟེར་ན་མཐོང་ཆེན་ཡེ་མི་བྱེད་ཅིང་། སློབ་ཡོན་ཆེ་ཙམ་ཞིག་སྤྲད་ནས་སྦྱོང་དགོས་པ་ཚོར་མི་ཚོས་དམིགས་བསལ་དགའ་སྣང་བྱེད་པ་ཞིག་ཡོད། འདི་ནི་མི་རྣམས་ཀྱི་སེམས་ཁམས་ཀྱི་ཁྱད་གཤིས་དང་ཡང་འབྲེལ་བ་ཡོད།
༥༨༽ དྲ་ལམ་དབང་བསྐུར་དང་འབྲེལ་བའི་དཀའ་རྙོག་གི་དྲི་བ་བདུན།
ད་དུང་ངས་སེམས་ཁུར་འདི་དག་དང་འབྲེལ་བའི་སྐད་ཆ་འགའ་ཞིག་ཁ་སྣོན་ཞུ་རྒྱུ་ཡིན། དེ་ཡང་གལ་ཏེ། དྲ་ལམ་ནས་དབང་བསྐུར་བ་འདི་ཡོངས་ཁྱབ་ཅན་དུ་གྱུར་ན་དཀའ་རྙོག་གི་དྲི་བ་མང་པོ་ཞིག་རིམ་གྱིས་བསླེབས་ཀྱི་རེད།
གཅིག དྲ་ལམ་ནས་དབང་བསྐུར་བ་དེ་དབང་དངོས་གནས་ཐོབ་པར་ངོས་འཛིན་ཆོག་གམ་མི་ཆོག །
གཉིས། མི་ཞིག་གིས་དྲ་ལམ་ནས་དབང་བསྐུར་ཞུས་ཏེ་ངས་དྲ་ལམ་ནས་ཞུས་པ་ཡིན་ཞེས་ཟེར་ནས་བརྒྱུད་པ་སྤེལ་ན་དེ་ལ་བརྒྱུད་པ་སྤེལ་རྒྱུའི་ཐོབ་ཐང་ཡོད་དམ་མེད།
གསུམ། འཇིགས་བྱེད་དང་མཁའ་སྤྱོད་མ་ལྟ་བུ་ཞིག་གི་བསྙེན་མཚམས་ལ་འདུག་དགོས་བསམ་མཁན་ཞིག་གིས་། སྤྱིར་བཏང་གི་ངོ་དེབ་ཐོག་གི་ཐད་གཏོང་ལ་བལྟས་ནས་དབང་ཞིག་ཞུས། དེ་ནས་གྷོ་གྷལ་གྱི་ནང་ནས་སྒྲུབ་ཐབས་ཚན་པ་རེ་བཙལ་ནས་དེ་ཀ་རང་གིས་བརྒྱུད་པ་ཐོབ་པར་ངོས་འཛིན་བྱས་ན་དེ་འགྲིག་པ་ཞིག་ལ་བརྩིའམ་མི་བརྩི།
བཞི། ད་དུང་དེ་ལས་ཀྱང་རྙོག་འཛིངས་ཆེ་བ་ཞིག་ནི། དབང་གྲལ་དུ་བསྡོད་པའི་ཚད་གཞི་དེ་རེད། དབང་རྫས་གང་ཡང་མགོ་དང་ལྕེ་སོགས་ལ་མ་རེག་པའི་ཐོག་ནས་དབང་བསྐུར་ཞུས་ན་ཐུན་མོང་ཡོངས་གྲགས་ཀྱི་ཕྱག་ལེན་ལ་ལྟོས་ནས་བཤད་ན་ཐོབ་བམ་མི་ཐོབ།
ལྔ། ཚད་ལྡན་གྱི་གཞུང་ལས་སྤྱིར་བཏང་ཐུན་མོང་གི་གདུལ་བྱ་ལ་ལྟོས་ནས་དབང་ཐོབ་པར་རྒྱུ་གཉིས་དང་རྐྱེན་བཞི་ཚང་དགོས་པ་གསུང་འདུག་ལ། དབང་རྫས་དངོས་སུ་མྱང་དགོས་པར་བཤད་པ་དང་། གསར་རྙིང་གི་དབང་ཆོག་བགྲང་གིས་མི་ལངས་པ་དེ་ཚོར་ཕྱི་མཚན་མ་རྫས་ཀྱི་དབང་རྟེན་དེ་དག་སྤྱི་བོར་འཇོག་པ། ལག་ཏུ་གཏོད་པ། ཁ་དང་ལྕེར་འཇོག་པ། སྙིང་ཀར་གཏུགས་པ། འཛུབ་མོས་རེག་པ་སོགས་དགོས་ངེས་ཀྱི་ཆ་རྐྱེན་དུ་བཞག་ཡོད་པ་འདི་དག་ཇི་ལྟར་བྱ།
དྲུག དྲ་ལམ་ནས་དབང་བསྐུར་ཐོབ་ཡོད་པའི་དབང་དུ་བཏང་ཡང་། དྲ་ལམ་གྱི་སྐུད་སྣེ་གཞན་གྱི་མི་དེ་དོལ་རྒྱལ་ཚོགས་པ་ལྟ་བུ་ཐུན་མོང་ཡོངས་གྲགས་ཀྱིས་དབང་གྲལ་དུ་སྡོད་པར་མི་དབང་བར་བརྩི་བའི་རིགས་དང་། ནང་པ་ཙམ་ཡང་མ་ཡིན་པ་དེ་འདྲ། དེ་ལས་ཀྱང་ཚབ་ཆེ་བ་གསང་སྔགས་དང་ཆོས་ལ་ལོག་མཐོང་ཆེན་པོ་ཡོད་པའི་མི། ནམ་རྒྱུན་༧གོང་ས་མཆོག་ལ་ཚད་ལས་འདས་པའི་མཚན་སྨོད་ཞུ་མཁན། ཏཱ་ལའི་བླ་མ་ནི་ནང་པ་སངས་རྒྱས་པ་ཙམ་ཡང་མ་རེད་ཟེར་མཁན། ༧གོང་ས་མཆོག་གི་བླ་མ་མཆོད་པའི་བཀའ་ཁྲིད་སོགས་ལོག་འགྲེལ་གྱིས་༧གོང་ས་མཆོག་འཁྲིག་པ་ཆོས་སུ་སྨྲ་བ་རེད་ཟེར་མཁན། ཐའེ་ཝན་གྱི་བདུད་སྡིག་རྟོ་ཅན་ཞའོ་ཕེན་ཧྲི་དང་ཁོའི་རྗེས་འབྲངས་པ་ལྟ་བུ་དབང་གྲལ་དུ་བསླེབས་ན་གང་འདྲ་བྱེད་དགོས། ཁྱེད་ཚོ་མང་པོ་ཞིག་གིས་དེ་འདྲའི་མི་ཞིག་རང་ཡོད་གྱི་མ་རེད་སྙམ་ན། ཡོད་པ་ཙམ་དུ་མ་ཟད། ངས་ཀྱང་ཁོང་གི་ཨ་ཕྲུག་འགའ་རེ་དང་གདོང་དང་གདོང་ཐུག་ནས་གསལ་བཤད་དང་རྩོད་གླེང་བྱེད་མྱོང་ཡོད།
ད་དུང་ངས་ཞའོ་ཕེན་ཧྲི་(蕭平實) ཞེས་པ་ཁོའི་སྐོར་སྤྱི་ལོ་༢༠༡༤ ལོ་ཡས་མས་ལ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོར་དངོས་སུ་སྙན་གསེང་ཡང་ཞུ་མྱོང་ཡོད། དོལ་རྒྱལ་ཚོགས་པ་ལྟ་བུ་དབང་དངོས་གཞིའི་གྲལ་དུ་བསྡད་ན་མི་འོས་པ་ནི་སྐབས་མང་པོར་༧གོང་ས་མཆོག་གིས་དུས་དབང་སོགས་ཀྱི་སྔོན་འགྲོའི་བཀའ་ཆོས་ཟིན་རྗེས་ཏེ། དངོས་གཞི་དབང་གི་ལྟ་གོན་གྱི་མགོར་ཆེད་དུ་ཡོངས་བསྒྲགས་གནང་བ་ང་ཚོ་ཚང་མས་ཡང་དང་ཡང་དུ་ཐོས་མྱོང་བ་དེ་རེད།
བདུན། ཐད་གཏོང་ལ་སྐར་མ་འགའ་རེ་ཙམ་ལས་མ་བལྟས་པར་དབང་ཐོབ་ཡོད་བསམ་མཁན། དེ་རྒྱུ་མཚན་དུ་བྱས་ནས་ངས་༧གོང་ས་མཆོག་གམ། བླ་ཆེན་ཆེ་གེ་མོའི་མདུན་ནས་དབང་འདི་དང་འདི་ལྟ་བུ་ཞུས་ཡོད། ད་ངས་ཀྱང་གསང་སྔགས་ཀྱི་དབང་དྲ་ལམ་ནས་བསྐུར་གྱི་ཡིན་ཞེས་ལབ་མཁན་བྱུང་ན་ཇི་ལྟར་བྱ་དགོས།
དེ་ཡང་སྐབས་འགར་དུས་འཁོར་དབང་ཆེན་ལྟ་བུ་ཁྲོམ་ཚོགས་མང་དྲགས་ནས་སློབ་མ་ཚང་མས་རེ་རེ་བཞིན་དབང་རྫས་སོགས་མྱང་མ་ཐུབ་པ་ལྟ་བུའི་གནས་སྟངས་དང་། དྲ་ལམ་ཁོ་ན་ནས་རྒྱང་ཐག་རིང་པོར་ཡོད་བཞིན་བསྐུར་ཐོབ་བྱེད་པ་ལུགས་སྲོལ་ཅན་དུ་གྱུར་པ་གཉིས་ཀྱི་གཞི་རྩའི་ཁེ་ཉེན་གཏན་ནས་བསྡུར་ཐབས་བྲལ་བ་ཞིག་ཡིན་པས་འདི་གཉིས་ནམ་ཡང་བསྡུར་མི་འོས།
༥༩༽ ཉེན་ཁའི་དཔེ་མཚོན་གཞན།
གནད་དོན་འདིའི་ཐད་ཐུགས་སྣང་དང་དོ་དམ་ཡག་པོ་ཞིག་མ་མཛད་ན། ང་ཚོར་སུན་བཙེར་བཟོ་ཆེ་ཤོས་ཀྱི་མི་སྟེ། རྡོ་རྗེ་འཆང་རྫུན་མ་དང་མཚོ་སྐྱེས་རྫུན་མ། བྱམས་པ་རྫུན་མ་ཟེར་ལྟ་བུ་བོད་བརྒྱུད་ནང་བསྟན་དང་སྤྲུལ་སྐུའི་ལམ་ལུགས་ཀྱི་མིང་ཐོག་ནས་མི་མང་འབུམ་ཕྲག་མང་པོ་མགོ་བསྐོར་གཏོང་མཁན་དེ་ཚོར་ཡང་། ད་བར་ང་ཚོས་མི་གཞན་ལ། ཁོང་ཚོ་བོད་བརྒྱུད་ནང་བསྟན་གྱི་ཁྱབ་ཁོངས་སུ་ངོས་ལེན་ཡོད་པའི་བརྒྱུད་པ་ཚད་ལྡན་མ་རེད། མགོ་བསྐོར་གཏོང་མཁན་རེད། ཁོང་ཚོ་ལ་དབང་ལུང་ཁྲིད་གསུམ་གྱི་བརྒྱུད་པ་ཡོད་མ་རེད། རང་བཟོ་རེད་ཅེས་ལབ་ན་ལབ་ས་ཞིག་ཡོད་པ་རེད།
དེང་སང་གི་བཤད་སྟངས་བྱས་ན། དེ་ཡང་བོད་བརྒྱུད་ནང་བསྟན་གྱི་བདག་དབང་དེ་ང་ཚོར་ཡོད་པ་དང་། ཁོང་ཚོ་བདག་དབང་མེད་པར་རྐུ་འཁྱེར་བྱེད་མཁན་གྱི་རིགས་ཡིན་པར་ཤོད་ཆོག་པ་རེད། བསམ་བློ་གཏོང་སྟངས་འདི་ཁྲིམས་དང་སྒྲིག་གཞི་ལམ་དང་ལུགས་སྲོལ་གང་ཅིའི་ཐད་ནས་ཀྱང་མི་ཚོས་དང་ལེན་ཐུབ་པའི་རྒྱུ་མཚན་ཞིག་ཏུ་འགྱུར་ཐུབ་ཀྱི་ཡོད་པ་རེད། དེ་ནས་ཁོང་ཚོས་ཀྱང་དེ་ལྟར་བྱ་ངེས་ཡིན་པ་དང་། ཁོང་ཚོས་ཀྱང་བོད་ཀྱི་བླ་ཆེན་ཆ་གེ་མོས་དྲ་ལམ་ནས་དབང་བསྐུར་བའི་སྐབས་སུ་དྲ་ལམ་ནས་ཞུས་པ་ཡིན། དབང་ཐོབ་ཡོད། བརྒྱུད་པ་བླངས་ཡོད་ཅེས་ཚུར་ལབ་ཀྱི་རེད། ཁོང་ཚོར་ཚམ་ཚོམ་གཏན་ནས་ཡོད་མ་རེད།
དཔེར་ན། མ་ལེ་ཤི་ཡར་ཡོད་པའི་ཚེམ་སྤྲུལ་སྐུ་ཟེར་བ་དེ་ཚོའི་གྲས་འགས་མངོན་གསལ་དོད་པོས་དོལ་རྒྱལ་སྒྲུབ་ཀྱིན་ཡོད་སྟབས་ནམ་རྒྱུན་༧གོང་ས་མཆོག་གི་དབང་གྲལ་དུ་ཡོང་མི་ཐུབ་ན་ཡང་། སྐབས་རེ་ཁོང་ཚོས་ད་དུང་དད་པ་ཡོད་འདོག་སྟོན་གྱིན་ཡོད་པ་དང་། རི་བོ་དགེ་ལུགས་པའི་སྐྱེས་ཆེན་མང་པོ་ཞིག་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཡིན་ཚུལ། ༧གོང་ས་མཆོག་ལ་གུས་བརྩི་བྱེད་པ་དང་དོལ་རྒྱལ་བསྟེན་པ་གཉིས་ཆར་མཉམ་དུ་ཡོང་ཐུབ་ཀྱི་ཡོད་ཚུལ་སོགས་རྒྱུས་མེད་དག་ལ་འདྲ་མིན་མང་པོ་ཤོད་ཀྱིན་ཡོད། དེ་དག་གིས་ཀྱང་དྲ་ལམ་ནས་༧གོང་ས་མཆོག་གི་བཀའ་དབང་ཞུ་རྒྱུར་བརྒྱུད་སྐུལ་གྱིས་ཕྱི་ཚུལ་ལ་༧གོང་ས་མཆོག་གི་སློབ་མ་ཡིན་ཞེས་བཤད་རྒྱུའི་ཉེན་ཁ་ཆེན་པོ་ཡོད།
༦༠༽ དྲ་ལམ་དབང་བསྐུར་ཆ་ཚང་ཞུ་མཁན་ཉུང་།
ཞིབ་ཏུ་བསམ་ན། ཉེ་ཆར་༧གོང་ས་མཆོག་གི་སྤྱན་རས་གཟིགས་ཀྱི་དབང་ཆེན་ལྟ་བུ་ཡང་སྤྱིར་བཏང་གི་ངོ་དེབ་ཀྱི་ཞུགས་ཐོ་ཡིས་གྲངས་ཀྱིས་ཟིན་པ་ཁྲི་བཅུ་ལྷག་ཡོད་པའི་དབང་དུ་བཏང་ན་ཡང་། དེའི་ནང་ནས་ཐོག་མཐའ་བར་གསུམ་དུ་ཆ་ཚང་ལྟ་མཁན་ཕལ་ཆེར་ཁྲི་ལྔ་ཡང་ཟིན་དཀའ། འགའ་ཞིག་ནི་ཐོག་མར་བལྟ་ཙམ་བྱེད་པ་དང་། འགའ་ཞིག་ནི་བཀའ་ཆོས་ཀྱི་སྐེད་པ་ཙམ་ནས་ནང་དུ་འཛུལ་བ། འགའ་ཞིག་ནི་མཇུག་གྲུབ་ལ་ཉེ་སྐབས་ནང་དུ་འཛུལ་བ། འགའ་ཞིག་ནི་དབང་ཟེར་བ་ཅི་ཞིག་ཡིན་པ་ཙམ་ཡང་མི་ཤེས་ཀྱང་༧གོང་ས་མཆོག་གི་མཚན་གྱི་སྙན་པ་རྒྱུ་མཚན་དུ་བྱས་ནས་ལྟ་བ། འགའ་ཞིག་ནི་ཐེངས་མང་པོར་ནང་འཛུལ་དང་ཕྱིར་ཐོན་པ་བཅས་བྱེད་ཀྱི་འདུག །
གུས་པ་ཐད་གཏོང་དངོས་སུ་མཇལ་མཁན་ཞིག་གི་ངོས་ནས་ངོས་ཟིན་པའི་ངོ་དེབ་ཀྱི་གྲོགས་པོ་ངེས་ཅན་ཞིག་ཀྱང་ཐོག་མར་མཉམ་ཞུགས་བྱས་ཡོད་ཀྱང་ཅུང་ཙམ་ན་ཕྱིར་ཐོན་པ་དང་། འགའ་རེ་རྗེས་རྗེས་ནས་ཡར་འཛུལ་བ་སོགས་ཧ་ཅང་མང་པོ་བྱུང་སོང་། ངས་འདི་རིགས་ལ་དམིགས་ཀྱིས་དོ་སྣང་བྱས་པ་ཡིན། འགའ་ཞིག་ནི་དྲ་ལམ་བརྟན་པོ་མེད་པའི་དབང་གིས་ཡིན་སྲིད་མོད། ཕལ་མོ་ཆེས་ནི་སྤྱིར་བཏང་གི་བྱིན་རླབས་ཙམ་དུ་དམིགས་ནས་མཇལ་ཙམ་བྱེད་པ་ལས། དངོས་གནས་ཐོག་མཐའ་བར་གསུམ་དུ་ཡག་པོ་ཞུ་མཁན་ཧ་ཅང་ཉུང་། མི་མང་པོ་ཞིག་ལས་ཀ་དང་ལམ་ཞོར་དུ་མི་གཞན་དང་མཉམ་དུ་ཇ་ཁང་ཆང་ཁང་ན་ཡོད་པ་སོགས་ཤས་ཆེ་བ་རེད། དྲ་ལམ་ནས་དབང་གནང་གིན་ཡོད་རེད་ཅེས་དགའ་འབོད་བྱེད་པ་དང་། དྲ་ལམ་ནས་དབང་གནང་བ་རྩ་ཆེན་དང་ཡག་པོ་རེད་ཅེས་ཤུགས་ཆེར་ཤོད་མཁན་དེ་དག་གིས་ཀྱང་དངོས་སུ་བཀའ་དབང་ཞུ་ཆེད་ལས་ཀ་ལས་དགོངས་པ་ཞུས་ནས་དྲ་རྒྱ་བརྟན་པོ་ཡོད་པའི་ཁོར་ཡུག་ཅིག་ནས་ཚུལ་དང་མཐུན་པའི་སྒོ་ནས་ཞུ་མཁན་ནི་ཅི་བས་ཉུང་བར་སྣང་།
༦༡༽ སྣང་ཆུང་གཏོང་ཐབས་མེད་པའི་ཉམས་སད།
ད་དུང་༧གོང་ས་མཆོག་གི་རྒྱ་ཡིག་གི་ཐད་གཏོང་དྲ་ངོས་ནི་རྒྱའི་ཟུར་ལྔའི་དྲ་འབུ་མང་པོ་ཞིག་གིས་སྐུར་འདེབས་ཀྱི་མཆན་ཧ་ཅང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་གཏོང་བ་དང་། མཆན་མང་པོ་ཞིག་ནང་དོན་གཅིག་པ་རང་ཡིན་པ་ཐེངས་བཅུ་ཕྲག་མང་པོ་གཏོང་བ་སོགས་ཀྱི་ཡུལ་ངོས་ལ་གནོད་འཚེ་གཏོང་བའི་བསམ་སྦྱོར་བརྩམས་ཡོད། དེ་ལ་ང་ཚོས་ཀྱང་སེམས་ཚོར་དྲག་པོས་ལན་གྱི་ཞབས་མཆན་འདྲི་བ་སོགས་ངོ་དེབ་ཐད་གཏོང་གི་ལམ་ནས་བཀའ་དབང་གནང་བ་དེ་རྒྱལ་ཕམ་དང་ཁ་འཁྲུག་གི་གཡུལ་ས་ཞིག་ཆགས་ཀྱི་འདུག །ང་ཡང་གཡུལ་ས་དེར་མཉམ་ཞུགས་ཀྱི་ཆེད་གཏད་སྐུར་འདེབས་ཀྱི་ཞབས་མཆན་འབྲི་མཁན་དེ་ཚོ་ལ་དམིགས་པའི་རྒྱ་ཡིག་དང་བོད་ཡིག་གི་དྲ་མཆན་ཡང་འགའ་རེ་བཏབ་པ་ཡིན། ཞབས་མཆན་དེ་དག་མང་པོ་ཞིག་ངས་ད་ལྟའང་ཉར་ཡོད། འདི་རིགས་ཀྱང་དབང་དྲ་ལམ་ནས་གནང་ན་འོས་མིན་གྱི་བརྗོད་གཞི་འདིའི་ཐད་ལ་སྣང་ཆུང་གཏོང་ཐབས་མེད་པའི་ཉམས་སད་ཅིག་རེད།
༦༢༽ ཆུ་མ་ཡོང་གོང་གི་ཆུ་རགས།
སྤྱིར་དཀྱིལ་འཁོར་དུ་འཇུག་པ་ཙམ་དང་། སློབ་མའི་དབང་ཅི་རིགས་བསྐུར་བ་ཙམ་གྱི་ཆ་རྐྱེན་དང་། དབང་བཞི་རྫོགས་པར་བསྐུར་བ་དང་། དབང་གི་དམ་ཚིག་མནོས་པ་སོགས་ཀྱི་བར་ལ་ཞིབ་ཕྲའི་ཁྱད་པར་ཡོད་པ་དང་། ཕྱི་རྒྱུད་དང་ནང་རྒྱུད་སོགས་ཀྱི་འཇུག་སྒོ་ལ་གུ་ཡངས་དོག་གི་ཁྱད་པར་ཡོད་པ། སྔོན་ནས་ད་ལྟའི་བར་གྱི་བླ་མ་རྣམས་ཀྱི་ཕྱག་ལེན་ལ་སྒོ་ཡངས་དོག་ཡོད་པ་སོགས་ངས་ཀྱང་ཤེས་མོད། འདིར་དྲ་ལམ་ནས་དབང་བསྐུར་རྒྱུ་འདི་ཡོངས་ཁྱབ་ཀྱིས་ངོས་ལེན་ཡོད་པ་ཞིག་ཆགས་ཚར་ཕྱིན། ས་མཚམས་ཞིབ་མོ་དེ་ཚོའི་ཐོག་ལ་ཏན་ཏན་ཏིག་ཏིག་བྱས་ནས་ཚུལ་མཐུན་གྱི་འཇུག་ལྡོག་བྱེད་མཁན་ཕལ་ཆེར་ཁག་པོ་རེད།
དེས་ན་ང་ཚོས་གཞུང་ལུགས་ཀྱི་སྐད་ཆ་བཤད་ནས་འདུག་རྒྱུ་ཙམ་མ་ཡིན་པར། ཆུ་མ་ཡོང་གོང་གི་ཆུ་རགས་ལྟར། སྔོན་འགོག་གི་ཐད་ལག་ལེན་དངོས་ཀྱི་ཐོག་ནས་ཤུགས་སྣོན་རྒྱག་དགོས་པ་མཐོང་ནས་འདི་ལྟར་བཤད་པའི་ཁུལ་ཡིན།
༦༣༽ དྲ་དབང་བསྐུར་མཁན་གཞན་ལ་གསོལ་བ།
ད་བར་དྲ་ལམ་གྱི་དབང་བསྐུར་གནང་མཁན་ཡང་དོན་དངོས་ཀྱི་ཐོག་ནས་སྤྱན་རས་གཟིགས་ཀྱི་དབང་ཆེན་གཅིག་པུ་དེ་ཡིན་ས་མ་རེད། ཉེ་ཆར་ཀཿཐོག་རིག་འཛིན་ཆེན་པོ་པདྨ་དབང་ཆེན་གྱིས་བྲིས་པའི་འབྲེལ་ཡོད་རྩོམ་ཡིག་དེར་བལྟས་ན། ༧གོང་ས་མཆོག་གི་སྤྱན་རས་གཟིགས་ཀྱི་བཀའ་དབང་མ་གནང་བ་དེའི་ཡར་སྔོན་ནས་ཀྱང་རྙིང་མ་དང་བཀའ་བརྒྱུད་ཀྱི་ཕྱོགས་ལ་དྲ་ལམ་ནས་དབང་བསྐུར་མཁན་བྱུང་ཡོད་ཅེས་བཤད་འདུག་པའང་དོ་སྣང་འོས་པ་ཞིག་རེད།
ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་དང་། ༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་སོགས་བླ་ཆེན་གཞན་གྱིས་ཀྱང་ཉེ་ཆར་དྲ་ལམ་ནས་སྨན་བླའི་གཏོར་དབང་དང་ལོ་གྱོན་མའི་དབང་སོགས་ལུང་སོགས་ཕྲན་བུ་རེ་གནང་འདུག །ཁོང་རྣམ་གཉིས་ཀྱང་གུས་པ་སྒེར་གྱི་ངོས་ནས་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཡིན་པ་ཙམ་དུ་མ་ཟད། སྤྱིའི་ཆ་ནས་ཀྱང་རྩོད་མེད་ཡོངས་གྲགས་ཀྱི་སྐྱེས་བུ་དམ་པ་ཉག་གཅིག་ཏུ་ངེས་པ་ལྟར། གང་ཟག་སྒེར་བཙན་གྱི་མཛད་པར་ནི་སུས་ཀྱང་གང་ཡང་ཞུ་རུ་མེད་ན་ཡང་། གོང་ཞུས་རྒྱུ་མཚན་ཤིན་ཏུ་མང་པོ་དེ་དག་ལ་དགོངས་ནས་དྲ་ལམ་གྱི་དབང་བསྐུར་འདི་དག་མུ་མཐུད་ལམ་ལུགས་ཅན་དུ་གྱུར་ན་མི་རུང་བའི་ཕྱོགས་འདི་ལ་རྒྱབ་སྐྱོར་དང་དགོངས་བཞེས་ངེས་པར་གནང་རྒྱུའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་ཡིན།
ཡང་རྫོགས་ཆེན་ཆོས་དྲ་(大圆满法网)ཞེས་པའི་རྒྱ་ཡིག་གི་དྲ་ངོས་སུ་མཁན་པོ་རྟ་མགྲིན་ཞེས་པ་ཞིག་གིས། དྲ་ཐོག་དང་དངོས་སུ་བླ་མའི་མདུན་ནས་དབང་ཞུས་པ་གཉིས་ལ་ཁྱད་པར་ཡོད་དམ། ཞེས་པའི་དྲི་བ་ཞིག་ལ། སྐྱབས་འགྲོ་སེམས་བསྐྱེད་ཀྱི་སྡོམ་པ་དང་དབང་སོགས་ཚང་མ་དྲ་ཐོག་ནས་བསྐུར་ན་ཐོབ་ཀྱི་ཡོད། གལ་ཆེ་ཤོས་ནི་རང་གི་སེམས་དེར་བསླེབས་པས་ཆོག །དེ་ནི་ངའི་བླ་མ་༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་ཀྱི་དགོངས་པའང་ཡིན། སྒྲ་འཇུག་དང་བརྙན་ཕབ་སོགས་བརྒྱུད་ནས་ཀྱང་བརྒྱུད་པ་ལེན་ཆོག །དེ་ནི་བླ་མ་དངོས་ཀྱི་མདུན་ནས་ཞུས་པ་དང་ཁྱད་མེད། ཅེས་ལན་བཏབ་པ་ཞིག་ཀྱང་འདུག་སྟེ། མདོར་ན་ད་ནས་བཟུང་སྟེ། ས་དགེ་བཀའ་རྙིང་གི་བླ་ཆེན་རྣམ་པའི་ངོས་ནས་དྲ་ལམ་ཁོ་ན་ལ་བསྟེན་ནས་དབང་བསྐུར་བ་འདི་མི་གནང་རོགས་ཞུ་རྒྱུ་ཡིན་ལ། མཁན་པོ་དགེ་བཤེས་རྣམ་པའི་ངོས་ནས་ཀྱང་ལག་ལེན་འདི་ཡང་དག་པ་ཡིན་པའི་ཁུངས་སྐྱེལ་ཆེད་ཕྱག་ལས་མི་གནང་རོགས་ཞེས་ཞུ་རྒྱུ་ཡིན།
༦༤༽ ད་དུང་ལམ་ཁ་མེད་པ་མིན།
ད་ལྟའི་གནས་སྐབས་ཀྱི་དོན་དག་འདི་དག་ནད་ཡམས་དང་འབྲེལ་བའི་དུས་བབ་དམིགས་བསལ་དང་འབྲེལ་བའི་དམིགས་བསལ་གྱི་ལག་ལེན་ཞིག་ཏུ་ངོས་འཛིན་བྱས་ཏེ། ད་ནས་ཚང་མས་འདིའི་ཕྱོགས་ལ་ཐུན་མོང་དང་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་བཟུང་ན། ད་དུང་ཡིན་ན་ཡང་། དོན་དག་འདི་ཐག་བཅོད་ཐུབ་པ་ཞིག་རེད། གལ་ཏེ། དྲ་ལམ་ནས་དབང་བསྐུར་མཁན་དེ་འདྲ་རེ་ཟུང་འབྱུང་སྲིད་ན་ཡང་། དཔལ་ལྡན་ས་སྐྱ་བ་བརྒྱ་ཆ་དགུ་བཅུ་གོ་དགུས་༧གོང་མ་རིན་པོ་ཆེས་གང་གསུངས་པ་དེ་ཁོ་ན་ཞུ་གི་རེད་ལ། དགེ་ལུགས་པའི་ངོས་ནས་ཀྱང་ཕལ་མོ་ཆེ་ནི་༧གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ལྟ་བུས་འདིའི་ཐད་ལམ་སྟོན་གང་ཞིག་ཕེབས་ཀྱང་དེ་ལྟར་འགྲོ་ཐུབ་རྒྱུར་ཡིད་ཆེས་ཆོག་པ་ཞིག་ཡིན།
བཀའ་བརྒྱུད་པ་ལ་མཚོན་ན་སྤྱི་ཡོངས་ནས་གཅིག་གྱུར་མངའ་གསོལ་ཞུས་པའི་དབུ་འཛིན་ཞིག་ད་ཆ་མེད་ནའང་། བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཕལ་ཆེ་བར་དབུ་འཁྲིད་སྐྱབས་རྗེ་བླ་ཆེན་མང་པོ་ཡོད་པ་རྣམས་ཀྱི་བཀའ་གསུངས་ལ་བརྩི་འཇོག་ཞུ་མཁན་ཞེ་གཅིག་ཡིན་པར་ཆ་འཇོག་ཞུ་ཐུབ།
རྙིང་མ་པ་འདི་མཚམས་མཚམས་དགེ་ལུགས་དང་ས་སྐྱ་ནང་བཞིན་ཐུན་མོང་གི་དབུ་འཛིན་ཞིག་གི་ལམ་སྟོན་འོག་འགྲོ་ཐུབ་པ་དེ་འདྲའི་གཤིས་ཀ་ཉུང་ཙམ་ཡོད་པ་རེད་དེ། ད་ཆ་དྲ་ལམ་གྱི་དབང་གི་བསྐུར་ཐོབ་འདིའི་ཐད་དམིགས་བསལ་དྲ་ལམ་ནས་དབང་བསྐུར་ན་འགྲིག་གི་མ་རེད་སྙམ་པའི་ཚོར་སྣང་དང་བསམ་བློ་ཞིག་མང་ཆེ་བར་འདུག །
བསམ་ཚུལ་འདི་གཙོ་བོ་དེ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་དང་འཇམ་མགོན་མི་ཕམ་སོགས་ཀྱི་གསུང་དུ་ཤིན་ཏུ་གསལ་བ་དང་། རྙིང་མ་འདི་ཆོས་བརྒྱུད་རང་གི་ངོས་ནས་ཀྱང་དབང་ལུང་གི་བརྒྱུད་པ་འདི་ལ་དམིགས་བསལ་གཙིགས་ཆེན་དུ་བྱེད་པ། གསང་སྔགས་ཀྱི་བབས་སོ་བཤད་པའི་སྐབས་སུའང་དབང་གི་ཆུ་བོ་ཆེན་པོ་བཞིའི་སྒོ་ནས་བརྒྱུད་པའི་བབས་སོ་ལ་འགྲེལ་བ་གནང་སྲོལ་ཡོད་པ་སོགས་ཀྱི་དམིགས་བསལ་གྱི་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་འདྲ། དེ་འདྲ་ཡིན་ན་སྔ་འགྱུར་རྙིང་མ་པ་དང་། རྒྱལ་བ་ཇོ་ནང་པ་སོགས་གཞན་པ་དག་གིས་ཀྱང་འབྱུང་འགྱུར་དབང་བསྐུར་དྲ་ལམ་ནས་མི་བྱེད་པའི་ལངས་ཕྱོགས་འདི་ལ་སྤྱིའི་ཆ་ནས་ཐུན་མོང་གི་ངོས་འཛིན་གཅིག་གྱུར་ཡོང་ངེས་རེད།
མདོར་ན། ང་ཚོས་འདིའི་ཐད་དྲ་རྒྱའི་འཇིག་རྟེན་གྱི་རྙོག་འཛིངས་ཆེ་བའི་གནས་སྟངས་མཐིལ་ཕྱིན་པ་གཟིགས་པའི་ཐོག་ནས། དྲ་ལམ་དབང་བསྐུར་དང་འབྲེལ་བའི་ལངས་ཕྱོགས་གསལ་པོ་ཞིག་གང་མགྱོགས་ཡོངས་བསྒྲགས་བྱ་རྒྱུའི་དུས་ལ་བབ་ཡོད་དོ།།
༦༥༽ རི་བོང་གནམ་རྡིབ་དང་སྤྲང་པོའི་སྡེ་ཆུས།
ཡང་འདི་ལྟ་བུའི་བསྟན་པ་དང་འབྲེལ་བའི་སྐད་ཆ་ཆེན་པོ་འདི་ཚོ་ང་རྫ་ཚེ་ལྟ་བུ་ཞིག་གི་ཁ་ནས་ཐོན་ཡོང་དུས། གནས་ལུགས་ཡོད་མེད་ལ་མ་ལྟོས་པར། གྲྭ་ལོག་སྡོམ་ཤོར། སྐྱོན་ཀུན་ལྡན་ཡོན་ཏན་ཀུན་ཟད་ཅིག་གིས་བསྟན་པ་སྤྱིའི་མ་འོངས་པ་ལ་སེམས་ཁུར་ཡོད་འདོག་སྟོན་པ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་དང་། སྤྲང་པོས་སྡེ་ཆུས་རེད་ཅེས་ཟེར་སྲིད་ལ། ང་སྒེར་གྱི་ཁ་སྟབས་དང་བསྡུར་ནས་བཤད་ན་དེ་ལྟར་དགོངས་མཁན་ཡོད་འོས་པ་ཞིག་ཀྱང་རེད། འདི་ལ་ཁྱད་པར་གང་ཡང་མེད།
ཡིན་ན་ཡང་། རང་ཉིད་ནམ་རྒྱུན་སྤྱི་ཚོགས་ཀྱི་ངོས་འདྲ་མིན་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་དང་། སོ་སོའི་བསམ་ཚུལ་འདོན་རྒྱུའི་གོམས་གཤིས་ཡོད་མཁན་ཞིག་ཡིན་པའི་ཆ་ནས་འདི་ནི་རང་ཉིད་ཀྱིས་གང་ཞིག་མཐོང་བ་དང་། གང་ཞིག་ཡིད་ལ་ཤར་བ། གང་ཞིག་བཤད་ན་རང་ངོས་ནས་མ་མཐའ་ཡང་ལོ་རྒྱུས་ལ་འགན་ཁུར་བ་ཞིག་ཡིན་པ་བཅས་སུ་ངོས་འཛིན་བྱེད་བཞིན་པ་དེ་ཚོ་འཛེམས་ཟོན་མེད་པར་བཤད་པ་ཙམ་ཡིན་ནོ།།
ཡི་གེ་འདི་ཟིན་རྗེས་སླར་ཡང་བསྐྱར་ཀློག་ཅིག་བྱེད་སྐབས། ཡི་གེ་འདི་ནི་དྲ་ལམ་དབང་བསྐུར་གྱི་མ་འོངས་པའི་གནས་བབས་དང་འབྲེལ་བའི་བསམ་ཚུལ་གྱི་སྙན་ཞུ་རིང་མོ་ཞིག་ཡིན་པར་མ་ཟད། ཉེ་དུས་ཀྱི་བྱུང་བ་དང་འབྲེལ་བའི་སྐད་ཆ་མང་པོ་ཞིག་ལ་བསྐྱར་ཞིབ་བྱས་པའི་ཕྱོགས་སྡོམ་གྱི་ཡིག་ཚགས་ཤིག་ཀྱང་ཆགས་འདུག་ཨང་སྙམ་མོ།།
ཞེས་པ་འདིའང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་རབ་གནས་ལྕགས་བྱི་ལོའི་དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་སློབ་དཔོན་བཀའ་དྲིན་ཅན་གྱི་འཁྲུངས་ཚེས་ཀྱི་ཞོགས་པ་དགེ་བར་བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་འདེབས་བཞིན། དགེ་བར་རྗེས་སུ་སེམས་པའི་ཡིད་ལ་དྲན་པ་ཉེ་བར་བཞག་བཞིན། ཨོ་གླིང་རི་སྔོན་པོའི་རང་གནས་སུ་གྲུབ་པར་བགྱིས་པ་འདིས་ཀྱང་བསྟན་འགྲོ་ལ་ཕན་པར་གྱུར་ཅིག །
རྫོགས་སོ།།
དང་པོ་གྲྭ་ལོག་ཨོ་རྒྱན་སྟོབས་རྒྱལ་གྱིས་ཞབས་འདྲེན་ཞུས། གཉིས་པ་ཆོས་རིག་ཀར་དགེའི་གསལ་བཤད་ཀྱིས་རང་ཉིད་མྱང་། ད་གསུམ་པ་རྫ་ཚེ་རིང་ཡང་བྲེལ་བ་ཟིང་ཟིང་གིས་དོན་ཚན་རེ་ལྔ་ལ་ཡང་བློ་བེད་མ་སོང་ང་། དེ་རིང་ཆ་ཚང་བཀླགས་མེད་པས། ཅང་སྐྱོན་བརྗོད་བྱེད་མེད་ཀྱང་་་་་་
རྩོམ་པ་པོ། རྫ་ཚེ་རིང་བཀྲ་ཤིས་ལགས་ལ་ནང་ཆོས་ཀནཡི་ཞག་རྩི་ཆེན་པོ་གཅིག་འདུག དེ་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད་པ་དེ་ནི། གྲྭ་སྡོམ་བཞག་ནས་གྲྭ་ཆས་མ་གྱོན་པ་དེ་རེད། དེ་མིན་བཀའ་སྙིང་གི་རིགས་འགའ་ཤས་ལ་ངོ་ཚ་སྤུ་ཙམ་མེད་མཁན་དེ་འདྲར་མཐོང་ཚེ་མ་དད་པ་དང་ཡིད་རྨུགས་སྐྱེ་གཞིར་འོངས་བཞིན་འདུག་གོ།
སྤྱིར་རྩོམ་འདི་མ་བཀླགས་པས། མཆན་གདབ་པའི་འོས་མ་མཆིས་མོད། ཡང་གཅིག་བསམས་ན། ངས་ནི་དྲ་ལམ་ནས་དབང་བསྐུར་ཆོག་པར་འདོད་མཁན་དང་མི་འདོད་མཁན་གཉི་གའི་རྩོམ་ཡིག་ལ་སྙིང་པོ་དེ་ཙམ་ཡོད་པར་མི་འདོད་དེ། དྲང་ལྡོག་གང་ཡིན་ཡང་ཁྱད་མེད་ཡིག་ཉོག་ཏུ་རྩི་ཡི་ཡོད། ངེད་ཅག་ནི་ཐེག་པ་ཆེན་པོ་་དང་ལྷག་པར་དུ་སྔགས་ཀྱི་རྗེས་འཇུག་ཡིན་པའི་ཁུལ་རེད། སྔགས་ནི་གསང་བ་བསམ་གྱིས་ཁྱབ་པའི་ཆོས་ཡིན་ན། དགོས་པ་དགོངས་གཞི་སོགས་དམིགས་སྒོ་ཁྱད་པར་བའི་གནས་འོག་ནས། རྟོགས་པ་མཆོག་ལྡན་གྱི་བླ་མ་དག་གིས་ཇི་ལྟར་དང་ཅི་ཕྱིར་གསུང་ཚད་གཟུང་དུ་མེད་དེ། རྒྱུད་གཞུང་དང་མཐུན་མི་མཐུན་སོགས་རྟོག་གེའི་རིགས་ལམ་དང་ཚིག་ཕྲེང་བསྟར་ཏེ། མཚན་ལྡན་བླ་མ་དག་ལ་དེའི་ལམ་སྣ་ལྟ་བུ་བྱེད་པ་ནི། ལོང་བས་མིག་ལྡན་གྱི་དམིགས་བུ་བྱེད་པའི་དགོད་བྲོའི་ཟློས་གར་ལྟ་བུ་ཞིག་རེད་འདོད། སྔགས་ཀྱི་རྩ་ལྟུང་གི་ནང་དུ། སྣོད་མི་རུང་ལ་སྟོང་ཉིད་སྟོན་མི་རུང་བར་གསུངས་ཡོད་ཀྱང་། འཇམ་དཔལ་དབྱངས་ཀྱིས་དེ་ལྟར་སྣོད་རུང་མིན་པའི་མི་བཅུ་ཕྲག་ལྷག་ལ་སྟོང་ཉིད་བསྟན་པས། དེ་དག་ལོག་ལྟས་དབང་གིས་དམྱལ་བར་སྐྱེས་ཀྱང་། སངས་རྒྱས་ཀྱིས་འཇམ་དཔལ་ཐབས་ལ་མཁས་ཞེས་མངོན་པར་བསྟད་པའི་ལོ་རྒྱུས་དང་། བླ་མ་ལ་ལས་སློབ་མར་གནམ་གྱི་སྐར་མ་ལ་བལྟར་བཅུགས་ཏེ་ཡེ་ཤེས་ངོ་སྤྲད་པ་དང་། ཁྱིའི་ཟུག་སྐད་ལ་བལྟར་བཅུགས་ཏེ་དེ་ངོ་སྤྲད་པ། འགྲམ་ལྕག་གཞུས་ཏེ་དེ་ངོ་འཕྲོད་དུ་བཅུགས་པ་སོགས། འདི་ཡིན་དང་དེ་མིན་ང་ཚོ་ལྟ་བུས་བསྟན་པ་སྤྱི་མཚན་གྱི་གཞུང་ཚིག་ཁག་ཅིག་དྲངས་ཏེ་ཚད་བཟུང་ན་འོས་པ་རེད་དམ། བྱུང་ན་དང་པོ་བླ་མ་བརྟག་པར་བྱ། བླ་མ་ཁྱད་པར་བ་ཡིན་པར་གོ་ན། ད་གཟོད་མི་སྨྲ་བའི་ངང་ནས་བླ་མའི་མན་ངག་གི་རོ་ཨེ་མྱོངས་ལ་བལྟ། བླ་མ་ཐབས་ཆག་བསམ་སྦྱོར་གྱིས་མི་འདང་མཁན་ཞིག་ཡིན་ན། རྒྱུད་ནས་གསུངས་པ་ལྟར་དུ་ཡང་དབང་བསྐུར་སོགས་བྱེད་རུང་བ་ལོས་ཤེས། ཐམས་ཅད་རྒྱུད་གཞུང་གི་མེ་ལོང་དུ་ཤར་དགོས་ན། འབྲུག་པ་ཀུན་ལེགས་ཀྱིས་ཐང་ག་ཞིག་ལ་འདོམ་གཅིན་གཏོར་ཏེ་རབ་གནས་མཛད་པ་ལ་དེ་ལྟ་བུའི་རབ་གནས་མཛད་སྟངས་ཤིག་རྒྱུད་དང་མདོ་གཞུང་གང་ནས་གསུངས་ཡོད་དམ། ཡོད་ན་སྟོན་དང་། གཉིས་ནས་གསང་སྔགས་ཀྱི་གནང་བཀག་དུས་དང་བསྟུན་དགོས་ཟེར་བ་ཞིག་ཀྱང་ཡོད། དེར་བསྟེན། ས་དགེ་བཀའ་རྙིང་གི་བླ་མ་གནམ་གྱིས་ས་བཀབ་པ་ལྟ་བུ་མང་པོས་སྔགས་བླ་མེད་མན་ཆད་ཁྲོམ་བསྒྲགས་བྱེད་བཞིན་པ་མཇལ་ཡོད་ལས་ཆེ། དེས་ན་ཅིག་ཅིག་ཟེར་གི་མ་འདུག དྲིན་ཆེན་པོ།
དྲང་བདེན་དང་བསྟན་པ་ལ་ལྷག་བསམ་རྨ་མེད་པའི་ཐོག་ནས་རྩོམ་ཡིག་རིང་ཤོས་སྤེལ་འདུག་པས་རང་ངོས་དགའ་བསུ་ཚོད་མེད་ཞུ། རྨོང་གཉིད་ལས་སད་པར་སྨོན།
ཁེར་བུད་ལགས་ཀྱིས་ནང་དོན་ལ་གཏན་ནས་མ་གཟིགས་ནས་བཀའ་མོལ་གནང་འདུག །ནང་དོན་བམ་ཀློག་ཙམ་བྱས་ཡོད་ཀྱང་བཀའ་མོལ་འདི་ལྟར་གསུང་གི་མ་རེད། ནང་དོན་མ་བཀླགས་པར་བསམ་ཚུལ་གསུངས་ན་ད་ནས་ལན་མེད་ཞུ།
ཨོ་སྟོབས་དང་གངས་ཅན་བླ་མ་སོགས་ལ་གདུང་སེམས་གཅིག་དུ་འཛིན་པའི་མི་ཁྱེད་ལྟ་བུ་ལ་སྐད་ཆ་བཤད་འདོད་ཞིག་མེད་ན་ཡང་།
ཁྱོད་ཀྱིས་བོད་ཀྱི་ཆོས་རྒྱུད་ཡོད་ཚད་དང་མཁས་པ་མང་པོའི་མཚན་གྱིས་བཟུང་ནས། མ་འོངས་བའི་བོད་བསྟན་སྲིད་ལ་གནོད་པའི་ལས་བྱེད་མཁན་༼༧གོང་ས་མཆོག་དམིགས་བསལ་ལ་བཞག་ན་ཡང་། མཐའ་མར་དེའི་རྐྱེན་གྱིས་སངས་རྒྱས་བསྟན་པ་ལམ་ལོག་པར་འགྲོ་རྒྱུའི་ཆུ་སྣེ་བརྡོལ་བའི་༽ཉེས་པ་༧ གོང་ས་མཆོག་ལ་འཛུག་ཁུལ་བྱས་འདུག་ན།
ཤ་ཚ་མོ། ཁྱོད་སྙིང་མ་རྗེ། སྐད་ཆ་ཡིག་ཉོག་དེ་འདྲ་རིང་པོ་བསྐོར་ནས་བཤད་དགོས་པ་མ་རེད། ཁྱེད་ཚོ་རང་དབང་ལུང་པ་ན་ཡོད་པ་རེད། བྱས་ཙང་ཁ་ཐུག་ཁ་གཏོང་དང་ཉན་བསྡད་ཡོད།
སྤྱིར་ཁྱོད་འདྲ་མོ་དམ་ཚིག་གི་སྣེ་མོ་མཇེ་ཡིས་ཁྲིད་ཐུབ་མཁན་ལ་མ་འོངས་བསྟན་པའི་བསྟན་དོན་བསམ་པ་ཞིག་གང་ན་ཡོད་། རྒྱ་མོ་མཛེག་ནས་བསྡད་ན་ཡག་པོ་རེད། སྡོམ་པ་ཤོར་བ་དང་རྒྱ་མོ་རུམ་པ་གཉིས་ཀྱིས། ཁྱོའི་ཆོས་སྲིད་གཉིས་ཀྱི་སེམས་ཤུགས་ཀྱི་ལྗིད་ཚད་གང་ཞིག་ན་ཡོད་པ་ཚང་མོས་ཤེས་ཚར་རེད། ད་ཁྱོས་དགོད་སློང་གི་མ་འདུག།
རི་སྔོན་པོའི་མི་ཚོས་དམར་ཧྲེང་ལ་འབུད་དགོས་ན་ཡང་མིང་ཆས་ཞིག་འཚོལ་རབས་ཡོད་ཀི། དེ་འདྲ་མིན་པར་ངེད་ཅག་བླ་སློབ་ཀྱི་ཆོས་འབྲེལ་འཛིན་སྟངས་ལ་རུ་ང་ཕྲོག་དོག་ཡོད་ན་ནི།
འདུལ་ལུང་འདི་བརྒྱ་ཚར་ཞིག་སྐྱོར་དང་ཞི་འགྲོ་ནི་རེད།
༼༼འདི་ལ་དཔའ་ཆེན་བདེ་གཤེགས་དག
དམ་པའི་ཆོས་ཀྱིས་ཁྲིད་མཛད་དེ།
དེ་དག་ཆོས་ཀྱིས་ཁྲིད་མཛད་ལ།
མཁས་པ་སུ་ཞིག་མི་བཟོད་བྱེད།༽༽དགེའོ།
སྲིད་ཁྲིར་འཛེགས་འདོད་ཀླད་མེད་ཀླུ་འབྱམས་དང་། །
ཆོས་ཁྲིར་འཛེགས་འདོད་ཨ་ཅོ་ཨོ་སྟོབས་གཉིས། །
ད་ནས་ནར་ལྕེར་བདག་པོ་མ་བརྒྱབས་ན། །
སྐྲ་རིང་དབུ་རིལ་དབུ་ལ་འོ་བརྒྱལ་འོངས། །
སློབ་གྲོགས་བཀའ་བློན་ཀརྨ་དགེ་ལེགས་དང་། །
དྲ་གྲོགས་རྫ་ཚེ་ཨོ་སྟོབས་རྒྱབ་རྟེན་གཉིས། །
བཀའ་བློན་དགོངས་ཞུ་དགོངས་དག་ཞུས་ན་དྲགས། །
རྫ་ཚེའི་སྨྱུག་རྩེ་ཁ་བསྒྱུར་གནང་ན་ལེགས། །
རྫ་ཚེ་རིང་བཀྲིས་ལགས་ནས་བྲིས་རྩོམ་འདི་རིང་དྲག་འདུག་
བསྡོར་བསྡུས་ནས་བརྗོད་ན། སེམས་ཅན་སྡུག་བསྔལ་བ་ཕན་དགོས་
རྒྱུ་ནི་ཆོས་ཀྱི་སྙིང་པ་རེད་བསམ།
དེ་མིན་མདོ་སྔགས་གང་དུ་ཡང་འདི་གསང་སྔགས་རེད་།
བཤད་མི་རུང་ཞེས་སྦས་ནསབཞག་ན་ཅི་ལ་ཕན། དུས་རབས་ཉེར་གཅིག་པ་རེད།
རང་ལས་གཞན་གཅེས་པར་འཛིན་དགོས་པ་འདི་ནང་ཆོས་ཀྱི་སྙིང་པ་ཡང་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལེན་ཏོག་དབྱིབས་ནད་ཡམས་འདིའི་
དད་ཅན་མང་པོས་སྐྱབས་འཇུག་ཞུས་སྐབས་སུ་འགག་དགོས་ལ་གཟིགས་ནས་དྲ་ཐོག་
ནས་དབང་གནང་བ་ཞིག་རེད།
རྫ་ཚེ་བཀྲ་ལགས་།
སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་འཕྲིན་ལམ་ནས་དབང་བསྐུར་གནང་མཛད་
པའི་སྐོར་ལ་དཔྱད་རྩོམ་གཅིག་བྲིས་གནང་རོགས།
གོང་དུ་བྲིས་པ་འདི་མི་ཕལ་ངས་བསམ་ཚུལ་རང་ཡིན།
དྲ་དབང་དང་འབྲེལ་བའི་སྐོར་ལ། ཡར་བཤད་མར་བཤད་ཅི་འདྲ་བྱས་ཀྱང་། དོན་དངོས་ཚིག་གིས་མ་བསྐོར་བར་ཁ་ཐུག་བཤད་ན། ༸གོང་ས་ཡིད་བཞིན་ནོར་བུས་དྲ་དབང་བསྐུར་བ་དེས་མ་འོངས་པར་འོས་འཚམས་བྱུང་མེད་པས་ལེེ་བདའ་ཡོང་གི་རེད་མདོག་མདོག
ཨོ་རྒྱན་སྟོབས་རྒྱལ་གྱིས་བསྟན་པ་བཤིག་པའི་སྟ་རེ་ཞེས་པའི་སྐད་ཆ་དེའང་བདེན་པ་རེད་མདོག་མདོག་གི་རྣམ་འགྱུར་བསྟན་ཡོད་པ་དེ་རེད། དོན་ལ་ཚིག་གིས་སྙན་པོ་བཟོས་དང་མ་བཟོས་ཀྱི་ཁྱད་པར་ཙམ་རེད་མ་གཏོགས། ཨོ་རྒྱན་སྟོབས་རྒྱལ་གྱིས་བཤད་སྟངས་དང་འདྲ་བོ་རེད།
ཐེངས་ཤིག་༸གོང་ས་མཆོག་གིས་རྡོར་གདན་དུ་དུས་འཁོར་དབང་ཆེན་ཞིག་གནང་དུས། ‘སྤྱིར་དབང་ཆེན་འདི་ལྟ་བུ་ཁྲོམ་བསྒྲག་བྱ་མི་རུང་མོད། ངས་བྱང་ཆུབ་སེམས་ཀྱི་གདེངས་དང་ལྡན་པའི་སྒོ་ནས་གནང་གི་ཡོད་’ ཅེས་སོགས་གསུངས་སོང་། བཟང་འབྲེལ་ངན་འབྲེལ་ཅི་བྱུང་ཡང་། འབྲེལ་ཡུལ་དེའི་འཁོར་བ་མཐའ་ཅན་དུ་འགྱུར་བ་ནི། སེམས་དཔའ་ཆེན་པོ་དག་གི་ཐུགས་སྟོབས་སྨོན་ལམ་གྱི་ཁྱད་ཡིན། འདི་ལྟ་བུ་དང་གཞན་ཡང་གསང་སྔགས་བསམ་གྱིས་མི་ཁྱབ་པའི་གནས་ལུགས་འཇལ་དགོས་ན། རྟོགས་པའི་ནམ་མཁའ་དགོས་ཀྱི། རྟོག་གེའི་མདུང་བསྐོར་གྱིས་ཅི་ཕན། བླ་མའི་བསམ་སྦྱོར་ནུས་པ་ཚད་དུ་མ་ཕྱིན་པའམ་ཕྱིན་ཅི་ལོག་ཏུ་སོང་ན། རྒྱུད་ནས་གསུངས་པ་ལྟར་དུའང་། རྒྱུ་གཞན་ཇི་ལྟར་ཚང་རུང་། དབང་བསྐུར་མི་རུང་སྟེ། བསྐུར་ན་བླ་སློབ་གཉི་ག་མཛོ་སྦྲེལ་གཡང་ལྷུང་ཡིན། གཟབ་གཟབ་བྱོས། ཨེ་གོ་ཐལ།
ངས་མཆན་བརྒྱབས་ཚད་ཡལ་ཚར་འདུག
སྲིད་ཁྲིར་འཛེགས་འདོད་ཀླུ་འབྱམས་ཀླད་མེད་དང་། །
ཆོས་ཁྲིར་འཛེགས་འདོད་ཨོ་སྟོབས་སྤྲུལ་སྐུ་གཉིས། །
ད་ནས་ནར་ལྕེར་བདག་པོ་མ་བརྒྱབས་ན། །
སྐྲ་ལྡན་སྐར་མེད་དབུ་ལ་འོ་བརྒྱལ་འོངས། །
སློབ་གྲོགས་བཀའ་བློན་ཀརྨ་དགེ་ལེགས་དང་། །
དྲ་གྲོགས་རྫ་ཚེ་ཨ་སྟོབས་རྒྱབ་རྟེན་གཉིས། །
བཀའ་བློན་དགོངས་པ་ཞུས་ནས་དགོངས་དག་དང་། །
རྫ་ཚེས་སྨྱུ་རྩེའི་ཁ་ལོ་བསྒྱུར་ན་ལེགས། །
་
གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །
གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་ཡི། །
༸སྐུ་ཚེ་མི་ཤིག་བསྐལ་བརྒྱར་ཞབས་བརྟན་ཤོག །
དྲ་དབང་འདི་ཡག་པོ་མེད་པ་གསལ་པོ་རེད། འོན་ཀྱང་བཤད་ས་ཅང་ཡོད་ནི་མ་རེད། ཁུ་སིམ་མེར་བསྡད་ན་ཡག་ཤོས་རེད། །
མཁས་མདོག་སྟོན་ཁུལ་བྱས་པ་ཙམ་རེད། དོན་གྱིས་༸གོང་ས་མཆོག་ལ་ངོ་རྒོལ་རེད།
དགག་ལན་སེངྒེའི་ང་རོས་གླང་ཆེན་ཀླད་འགེམས་ཞེས་བྱ་བ་བཞུགས་སོ།།
་
རྩ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས། །
ཡི་དམ་ལྷ་ཚོགས་རྣམས་ཀྱིས་དངོས་གྲུབ་སྩོལད། །
མ་དང་མཁའ་འགྲོ་རྣམས་ཀྱིས་འཕྲིན་ལས་མཛོད། །
དགག་ལན་སེངྒེའི་ང་རོ་འབྲི་བར་བྱ། །
དྲ་དབང་དང་འབྲེལ་སྙན་སྒྲོན་རིང་མོ་ལ། །
ལན་འདེབས་གསལ་བཤད་སེང་ངར་ཐུང་ངུ་འདི། །
དྲ་གྲོགས་རྫ་མིང་ཚེ་རིང་བཀྲ་ཤིས་ལ། །
ཁ་བརྡའི་བརྒྱུད་ནས་ཆོས་མཐུན་དགག་ལན་རེད། །
འདུལ་བ་མདོ་རྒྱུད་ཁུངས་འདྲེན་འབྲེལ་མེད་རེད། །
ད་ལྟའི་འདུལ་བྱའི་བསམ་ཚོད་མ་ཤེས་རྨོངས། །
མ་འོངས་རི་བོང་གནམ་རྡིབ་རྣམ་ཏོག་གཡེང་། །
དགོས་མེད་རྩོམ་ཉོག་རི་མོ་ངལ་བའི་རྒྱུ། །
འཕྲིན་གྱིས་སྒོ་ནས་སོར་སྡོམ་ཐོབ་ཁུངས་ཡོད། །
བྱང་སྡོམ་རྟེན་གྱི་སྒོ་ནས་ཐོབ་ཁུངས་ཡོད། །
གསང་སྡོམ་འདིས་ཐོབ་མི་ཐོབ་ཤོད་མཁན་འཁྲུལ། །
དེས་ན་དྲན་ཤེས་བཟུང་ནས་ངག་སྡོམ་གྱིས། །
༸གོང་ས་མཆོག་གིས་བཀའ་དབང་གང་གནང་ལ། །
ཆོས་ལ་ངོ་རྒོལ་བྱེད་མཁན་ལ་ཡང་གནང་། །
ཆོས་མེད་དད་མེད་ཀླ་ལོའི་རིགས་ལའང་གནང་། །
ཆོས་དད་རྨོངས་དད་ཡོད་མཁན་སྨྲོས་ཅིག་དགོས། །
གདུལ་བྱ་དབང་རྟུལ་ལ་ཡང་བཀའ་དབང་གནང་། །
དབང་རྣོན་ཆོས་གྱི་རྗེས་འབྲངས་གདུལ་བྱ་དངོས། །
དར་ཅིག་སོམས་དང་ཕན་ལས་སུ་ལ་གནོད། །
བླ་མ་རྡོ་རྗེ་འཆང་བ་དེ་ལ་ཟེར། །
རྡོ་རྗེ་འཆང་གིས་ཆོས་གསུངས་སུ་ལ་གནོད། །
བྱང་འཕགས་བླ་མའི་བཀའ་དབང་སུ་ལ་གནོད། །
སོ་སྐྱེས་བླ་མའི་་བཀའ་དབང་སུ་གནོད། །
ལམ་མ་བཞུགས་པའི་བཀའ་དབང་སུ་ལ་གནོད། །
སེམས་ཅན་སུ་ལའང་མ་གནོད་བཀའ་དབང་འདི། །
ཕན་སེམས་འབའ་ཞིག་སྐུལ་སློང་དེ་ཙམ་གྱིས། །
སངས་རྒྱས་བསྟན་པ་ལུང་རྟོགས་འཛིན་པ་རེད། །
སེམས་ཅན་མ་གནོད་བསྟན་པར་གནོད་ཚུལ་ཤོད། །
གྲུ་ལོག་གྲྭ་ཆས་གྱོན་མཁན་བསྟན་པའི་དགྲ། །
བསྟན་ཤིག་སྟ་རེ་ཟེར་མཁན་སྥུལ་ལོག་ཁྱོད། །
ཨོ་རྒྱན་སྟོབས་ལྡན་དམ་ཚིག་ཉམས་པ་ཁྱོད། །
དགེ་སློང་སྡོམ་གཙང་བླ་མར་དམོད་པར་མཚར། །
སྤྲུལ་སྐུའི་མིང་ཐོག་སོར་སྡོམ་ཁས་བླངས་ཀྱང་། །
ནོར་གསོག་ནག་མོའི་རྐུབ་ལ་སྡོམ་པ་ཤོར། །
སྡོམ་པ་ཤོར་ཀྱང་གྲྭ་ཆས་ཕུད་མ་ནུས། །
གྲྭ་ཆས་ཕུད་ན་ལྟོ་གོས་མི་འཁྱོངས་འཇིགས། །
ཆོས་པ་ཆོས་སར་མ་བསྡད་སྤྱི་འཐུས་བྱས། །
ཆོས་པ་ཆོས་སར་མ་བསྡད་སྲིད་དོན་ཁྲབ། །
སྲིད་དོན་ཁྲབ་པར་གནའ་དེང་ཤེས་བྱར་རྨོངས། །
རྨོངས་ཙང་གྲོས་ཚོགས་ནང་ལ་ཚིག་ངན་ལུད། །
གྲྭ་སྒོ་སྤྲུལ་སྒོ་མ་ཐོན་བླ་མ་ཐོན། །
ཐོན་ནས་ཕྲག་དོག་མིག་ཚ་གང་དྲན་བཤད། །
བཤད་ནས་དད་ལྡན་མང་པོའི་སེམས་ཕོག་བཏང་། །
བཏང་ནས་རང་ཉེ་ཡོངས་རྫོགས་ངོ་གནོང་བཟོས། །
དུས་རབས་ཉེར་གཅིག་སྤྲུལ་སྐུའི་ངན་ཚབ་བྱེད། །
སྙིང་མའི་དད་ལྡན་མང་པོ་ངོ་ཚས་མནར། །
སྦིར་གྱི་མི་མངས་ཡོངས་རྫོགས་འཇིགས་དགོས་བཟོས། །
བཟོས་པས་མི་མང་མང་པོས་ངོ་རྒོལ་བྱས། །
དྲ་དབང་བྱུས་གཏོགས་བྱས་ནས་ཕན་བྱུང་ངེ་། །
དགོངས་དག་ཞུ་དགོས་ངོ་གདོང་མི་ཚའམ། །
ཐུགས་དག་ཞུ་བའི་འགྱོད་སེམས་ད་ཡོད་དམ། །
ད་ནས་ད་དུང་མི་ཟེར་རེ་སྐུལད་ཡོད། །
སྤྲུལ་སྐུ་ཀར་དགེ་རྫ་ཚེ་ཁྱོད་གསུམ་གྱི། །
རྣ་བར་མི་སྙན་དགག་ལན་སྒྲོན་ཡོད་པས། །
ང་ལ་དགག་ན་དགའ་བསུ་ཚད་མེད་ཡོད། །
དགག་ལན་ཡང་ལན་ངས་ཀྱང་གྲ་སྒྲིག་ཡོད། །
དེ་རིང་ཚེས་པ་བཅོ་ལྔའི་ཁ་འདོན་ལས། །
ལྷག་པའི་ཆོས་མཐུན་དགག་ལན་འདི་ན་ཡོད། །
དྲ་གྲོགས་ཀུན་ལ་སྤྱན་ལམ་འབུལ་ཡོད་པས། །
རྣམ་པ་གསུམ་པོའི་སྙན་ལ་འཁྱོལ་ངེས་ཤོག །
་
ཀརྡོས།
བསྟན་ཤིག་སྟ་རེ་ཟེར་མཁན་སྤྲུལ་ལོག་དང་། །
རྫ་ཚེ་ལགས་ཀྱིས་ཁ་ནས་༧གོང་ས་མཆོག་ལས་ལྷག་ཅིག་མེད་རབས་སོགས་འགྲིག་འགྲིག་མོ་མང་པོ་སྨྲ་ཡང་། ཁོག་ན་ཅིག་ཚང་གི་མེད་པ་ཟུར་བལྟས་ལེབ་མཐོང་རེད། ཁོས་བཤད་དོན་སྙིང་པོ་ནི། ༧གོང་ས་མཆོག་གི་ངོས་ནས་མ་ཚང་བ་གང་ཡང་མེད་ཀྱང་། གདུལ་བྱའི་ངོས་ནས་ཆ་རྐྱེན་ཁག་ཅིག་ངེས་པར་ཚང་དགོས་ན། དྲ་ལམ་དུ་ནི་དབང་ཞུ་བ་པོ་ཅི་རིགས་སུ་འབྱུང་ན་དེ་ཚང་བའི་ངེས་པ་མེད་པས་དྲ་དབང་དེ་མི་རིགས་ཚུལ་ཤུགས་ཀྱིས་བསྒྲུབས་འདུག དེ་གཅིག་དང་། གཉིས་ནས་རྗེས་འཇུག་རྣམས་ལ་དྲ་དབང་བསྐུར་བའི་ལམ་སྲོལ་ཆགས་སྲིད་ཅེས་དོགས་པ་རྣམ་རྟོག་བསླངས་ཏེ་ཡས་བཤད་མས་བཤད་མང་པོ་བྱས་འདུག་པ་དེ་གཅིག་རེད།
དེ་ཡང་ཁོས་བཏོན་པའི་དབང་ཞུ་མཁན་གྱི་ཆ་རྐྱེན་གཙོ་བོ་ནི་དབང་ཞུ་བ་པོ་དེ་ངེས་པར་དུ་ནང་པ་ཡིན་དགོས་པ་དེ་རེད། འོ་ན་ནང་པ་མ་ཡིན་པས་ཆོས་ཟབ་མོ་ཉན་ན་དགོས་པ་ཡོད་དམ་མེད། ཡོད་ན་ཁྱེད་ཀྱི་དམ་བཅའ་བུད། མེད་ཅེ་ན། སྔགས་ཀྱི་གནང་བཀག་ཡུལ་དུས་དང་བསྟུན་དགོས་ས་མང་པས། རྒྱུད་གཞུང་གི་ཚིག་མི་དྲང་བར། ངས་ཁྱེད་ལ་ཁྱེད་ཀྱི་རྩ་བའི་བླ་མ་ཡིན་ངེས་པ། ཆོས་རྗེ་འཇིགས་ཕུན་ཞབས་ཀྱི་མཛད་པའི་སྟེང་ནས་གསལ་བཤད་ཅིག་བྱ། ཐེངས་ཤིག པེ་ཅིན་ནང་བསྟན་སློབ་གླིང་དུ། མཁན་པོ་མཆོག་གདན་ཞུས་ཀྱིས། ཆོས་འཁོར་བསྐོར་བར་བསྐུལ་བ་ན། མཁན་ཆེན་ཞབས་ཀྱིས་ལམ་གཙོ་རྣམ་གསུམ་གནང་བར་བཞེད་མོད། དེར་འཁོད་མང་པོས། རྙིང་མ་རང་གི་ལྟ་གྲུབ་གསུང་དགོས། དེ་ཡང་༼ངེས་སྒྲོན༽ གསུང་དགོས། ཞེས་ཨུ་ཚུགས་ཞུས་བརྟེན། མཁན་པོའི་དགོངས་པར། འདི་ན་ཆོས་པ་མ་ཡིན་པ་དམར་ཕྱོགས་ཀྱི་མགོ་འཁྲིད་ཀྱང་ཡོད། ནང་པ་མ་ཡིན་པ་བོན་པོ་སོགས་ཀྱང་ཡོད། འདིར་དེ་གསུང་ཨེ་རུང་སྙམ་དུ་དོགས་ཏེ། མཐའ་མར་༼ངེས་སྒྲོན་༽ མདོ་ལུགས་སུ་སྦྱར་ཏེ་ལྟ་བ་གང་དམའ་དམའ་རུ་གསུངས། གསུང་ཆོས་ཀྱི་རྗེས་འཇམ་དཔལ་གྱི་སྐུ་ལ་དར་ཁ་ཕུལ་བས། འཇམ་དཔལ་གྱིས་དར་ཁ་རྩ་ནས་མ་བཞེས་པས། གློ་བུར་དུ་ཐུགས་ལ། ཡ་ད་རེས་ཆོས་བཤད་དེར་རྫོགས་ཆེན་གྱི་ལྟ་བ་གབ་སྦས་བྱས་པས་ལན་པ་རེད་འདུག་སྙམ་དུ། འགྱོད་བཤགས་ཤུགས་དྲག་ཞུས། སླད་ནས་ཁ་དར་ཕུལ་བས་རླུང་གིས་དྲངས་པ་ལྟ་བུས་བཞེས་སོང་།(དོན་ཕབ) དེས་ན་ད་ནི་རྫོགས་ཆེན་དར་སྤེལ་གྱི་དུས་ཡིན་རབས་སོགས་འཕགས་ཡུལ་རྣམ་གྲོལ་གླིང་དུ་ཞལ་དྲོན་མོས་གསུངས་པ་ལ་བསམ་བློ་ཞིག་ཐོངས་དང་། ང་ཚོ་ལྟ་བུའི་གཞལ་བྱའི་གནས་རེད་དམ། ཡང་ལན་གཅིག ཆོས་རྗེའི་གམ་གྱི་ར་མ་ཞིག་དེ་གར་ཆོས་ཟབ་མོ་མང་པོ་ཐོས་པའི་རྐྱེན་གྱིས་ལྷར་སྐྱེས་ཏེ། སླར་ཡང་ཆོས་རྗེའི་གཟིམ་ཤག་ཏུ་དངོས་སུ་ཐུགས་རྗེ་བཀའ་དྲིན་ཞུ་རུ་ཕེབས་པ་རྗེ་ཁོང་གི་གསུང་འབུམ་ན་བཞུགས་ན། ར་མ་དེ་དེ་དུས་ནང་པ་ཡིན་པའི་སྒྲུབ་བྱེད་ཡོད་དམ། ཡང་ཀུན་བཟང་སྨོན་ལམ་སྟོབས་པོ་ཆེ་རུ། ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས། །འཁྲུལ་མེད་རིག་པ་གསལ་བཏབ་ནས། །སྨོན་ལམ་སྟོབས་ཅན་འདི་བཏབ་པས། །འདི་ཐོས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་བ་གསུམ་ནས་མངོན་འཚང་རྒྱ། །ཞེས་གསུངས་ན། ཁྱེད་ལྟར་ན། འདི་ཐོས་ཚད་པོ་ནང་པ་ཡིན་དགོས་པར་མ་ཐལ་ལམ།
དྲ་དབང་འདིའི་དབང་གིས་ཕྱི་རབས་རྗེས་འཇུག་པའི་ཕྱག་སྲོལ་དྲི་མ་ཅན་དུ་འགྱུར་མིན་ཡང་། ཆོས་སྲིད་གང་ཐད་ལའང་མཁྱེན་རབ་འགྲན་ཟླ་བྲལ་བའི་བླ་མ་སྤྱན་རས་གཟིགས་དངོས་ལྟ་བུ་འདིས་མ་མཁྱེན་པ་ཞིག་ཁྱེད་ཀྱིས་མཁྱེན་སོང་པ་ཡ་ཆ། མི་ལ་རས་པར་གཞན་གྱིས། མར་པས་ཡུམ་བཞེས། དགོན་གཞིས་བཟུང་། ཁྱེད་ཀྱིས་ཀྱང་དེ་བཞིན་འཚལ་ཞུས་པར། མི་ལ་ན་རེ། སྟག་གིས་མཆོངས་སར་ཝས་མཆོངས་ཀྱང་གཡང་དུ་ལྷུང་ནས་འཆི་བར་ངེས། དེ་ལྟ་བུའི་བསམ་སྦྱོར་ནུས་པ་བདག་ལ་མེད། ཅེས་གསུངས་ཏེ་དེ་ལྟར་གནང་མེད། དེ་བཞིན་༧གོང་ས་མཆོག་གིས་དྲ་དབང་བསྐུར་བས་གཞན་དག་གིས་ཀྱས་དེ་ལྟར་བསྐུར་ནུས་ཤིང་བསྐུར་བར་འགྱུར་བའི་ངེས་པ་ག་ལ་ཡོད། སླད་མར་ཡང་དེ་ལྟར་ནུས་མཁན་ཞིག་ཡིན་ན། བསྐུར་སྲིད་ཀྱི་རེད། ཁྲམ་པ་དག་ནི་མ་གཏོགས་ཏེ་མི་ནུས་མཁན་ཞིག་གིས་བསྐུར་གྱི་མ་རེད་ལ། བསྐུར་ཀྱང་ཆ་འཇོག་དང་ཉན་མཁན་ཡོད་མིན་ཡང་མི་ཤེས། མི་བདེན་ན་ཁྱེད་ཀྱིས་དྲ་དབང་ཞིག་སྐུར་དང་ཉན་མཁན་ཨེ་འདུག་ལ་བལྟ་ཆོག ཧཧཧ། ཀུ་རེ་ཡིན། ཏེ་ལོ་བས་ནཱ་རོ་བ་དང་མར་བས་མི་ལ་ཇི་ལྟར་བཏུལ་བའི་ཐབས་ལམ་དེ་ང་ཚོ་ལྟ་བུས་མི་ལྕོགས་པས། དེ་ད་ལྟའི་ཕྱག་སྲོལ་ལ་ཆགས་མེད་པའང་ཤེས་བྱེད་ཅིག་ཡིན། གཞན་ཡང་སྟོན་པས་ཚུར་ཤོག་གིས་བསྙེན་རྫོགས་བསྒྲུབས་ལུགས་དེ་ད་ལྟའི་ང་ཚོའི་འདུལ་བའི་ཕྱག་ལེན་ལ་ཆགས་མེད་པའང་ཤེས་བྱེད་ཡིན།
ད་མང་པོ་མི་འབྲི། ཁྱེད་ཀྱིས་ཀྱང་སླད་མར་རྟོག་གེའི་ཚིག་དོན་བརྒྱད་ཀྱི་ཡུལ་ཡིན་པ་དག་བརྗོད་བྱར་བཟུང་སྟེ་རྩོམ་ཡིག་བྲིས་ན་དགའ་བས་ངང་བཀླག་འདོད་ཡོད། དེ་མིན་རྟོགས་པའི་ནམ་མཁའ་དགོས་སར། རྟོག་གེའི་ཁབ་མིག་མ་ངོམས། དེར་དར་སྐུད་ཅིག་ལས་མི་ཤོང་། གསན་པ་བྱུང་ངམ།
རྩོམ་ཡིག་འདི་ཆ་ཚང་བཀླགས་རྗེས་ཚོར་སྣང་ཞིག་བྱུང་བས་དོན་ཚན་མཐའ་མས་མཇུག་བསྡོམས་ཞུ་འདོད་བྱུང་།དོན་ཚན་༼༦༦༽ངེད་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཁྱོད་བོད་གངས་ཅན་པའི་བསྟན་བདག་རྣམས་ལ་བཀའ་བསྩལ་པ་་་་་འདི་ནི་ཆེས་དགོད་བྲོ་བའི་གཏམ་ཞིག་ཏུ་སྣང་་་་་་དགོངས་པ་འཚོམས།
རང་བྱུང་རིག་པའི་རྡོ་རྗེ་འདི་ཡང་། སྙིང་རྩ་ལ་ཆུ་སེར་ཕོག་ཡོད་ནི་ཤིག་ཡིན་ཚོད་རེད། འདི་ཅན་པོའི་ཁ་ཐལ་གིས་ཆོད་ཅིག།
གང་ཟག་དགོས་བཙན་མཛད་པ་མཐའ་མེད་ཀྱང་།།
འདི་ཡང་།
གང་ཟག་སྒོས་བཙན་མཛད་པ་མཐའ་མེད་ཀྱང་། །
ཡིན་དགོས་ཏེ།
སྤྱི་སྒེར་གཉིས་ཞེས་པ་ལྟར། བསྟན་པ་སྤྱི་བཙན་དང་། གང་ཟག་སྒོས་བཙན་མིན་ནམ་སྙམ་མོ།།
ཆ་ཚང་བཀླགས་པ་ཡིན་སྙན་པོ་བྱུང་། འོན་ཀྱང་སྡོམ་ཤོར་ཞིག་གིས་སྡོམ་ལྡན་རྣམས་ལ་བྱ་གཏོང་སྙན་སྒྲོན་ཞེས་བཀའ་སློབ་འབུལ་བ་ནི་འོས་ཤིང་འཚམས་པ་ཞིག་ཏུ་མ་མཐོང་། དམ་པ་རྣམས་ཀྱིས་སྡོམ་སུམ་ནང་ནས་སླ་ཤོས་སུ་བརྩི་བའི་སོར་སྡོམ་བསྲུངས་མ་ཐུབ་པའི་མི་ཞིག་གིས་གསང་སྔགས་ཀྱི་དབང་སྐོར་རིང་མོར་བསྣར་བ་ནི་དེ་བས་འོས་པ་ཞིག་ཏུ་མ་མཐོང་། འོ་ན་གང་མཐོང་ན་སངས་རྒྱས་ཀྱིས་མ་འོངས་ལུང་བསྟན་རྣམས་ཐོག་ཏུ་བབ་པར་མཐོང་། མདོ་ལས། ཕྱི་མའི་དུས་ལ་དགེ་སློང་ནི།།
སྡོམ་པ་མེད་པ་མང་པོ་དག།
མང་དུ་ཐོས་པ་དག་འདོད་འགྱུར།།
ཚུལ་ཁྲིམས་བསྔགས་པ་བརྗོད་བྱེད་ལ།།
ཚུལ་ཁྲིམས་དོན་དུ་གཉེར་བ་མེད།།
ཇི་ལྟར་སྐྱེས་བུ་ལ་ལ་དག །
ཙནྡན་དག་ནི་འདི་འདྲ་སྟེ།།
སྤོས་ཀྱི་རྣམ་པ་ཡིད་འོང་ཞེས།།
ཙནྡན་དག་གི་ཡོན་ཏན་བརྗོད།།
དེ་ནས་མི་གཞན་ལ་ལ་ཡིས།།
དེ་ལྟར་བསྔགས་པ་བརྗོད་པ་ཡི།།
ཙནྡན་ཅུང་ཟད་བསྲེལ་ཏམ་ཞེས།།
སྐྱེས་བུ་ལ་ལས་དེ་དྲིས་ན།།
སྐྱེས་བུ་དེ་ལ་སླར་སྨྲས་པ།།
གང་གིས་འཚོ་བར་བྱེད་པ་ཡི།།
སྤོས་ཀྱི་བསྔགས་པ་བརྗོད་པ་དེ།།
སྤོས་དེ་ང་ལ་མེད་ཅེས་སྨྲ།།
དེ་བཞིན་རྣལ་འབྲོར་མི་བརྩོན་པ།།
ཚུལ་ཁྲིམས་བསྔགས་པ་འཚོ་བ་དག།
ཕྱི་མའི་དུས་ན་འབྱུང་གྱུར་ཏེ།།
དེ་དག་ལ་ནི་ཚུལ་ཁྲིམས་མེད།།
ཅེས་གསུངས་པའི་ཐོག་ཏུ་བབ་ཅིང་། བྱང་སྡོམ་སྡགས་སྡོམ་ཡང་ཡོད་ཡོད་མི་འདྲ། དེ་ཡང་། ཇོ་བོ་རྗེ་དང་པཎ་ཆེན་ཤཱཀྱ་ཤྲཱི།།
ཡོངས་སུ་དག་པའི་མཁས་གྲུབ་ཐམས་ཅད་ཀྱིས།།
སྡོམ་གསུམ་རིམ་གྱིས་ཞུས་ནས་ཀྱང་།།
སོ་སོའི་བསྲུང་བྱ་ཐམས་ཅད་སྲུང་དགོས་གསུངས་།།
ཀུན་གྱི་རྩ་བ་སོ་ཐར་སྡོམ་པ་སྟེ།།
དེ་ནི་ཆུ་སྣོད་གས་ཆག་མེད་པ་འདྲ།།
དེ་ནང་ཆུ་ཡི་བཀང་བ་བྱང་སེམས་སྡོམ།།
དེ་ལ་ཟླ་གཟུགས་ཤར་འདྲ་སྔགས་སྡོམ་སྟེ།།
སྣོད་ཆག་ཆུ་འབོ་ཟླ་བའི་གཟུགས་བརྙན་ཡལ།།
དེ་བཞིན་སོ་ཐར་སྡོམ་པ་ཤོར་བའི་ཚེ།།
བྱང་སྡོམ་སྔགས་སྡོམ་གཉིས་ཀ་མེད་པར་གྱུར།།
ཞེས་གསུངས་པ་འདུག་པས་སོ།།
སངས་རྒྱས་བསྟན་པའི་ཤིང་རྟའི་ཁ་ལོ་པ་བསྟན་བདག་བླ་ཆེན་དགོངས་པའི་ཀློང་ནས་མདོ་སྔགས་ཀྱི་གཏེར་ཆེན་བརྡོལ་པ་རྣམས་དང་། བསླབ་གསུམ་འཕགས་པའི་ནོར་གྱིས་ཕྱུག་ཅིང་། ལུང་དང་རིགས་པའི་གད་རྒྱང་སྒྲོགས་པའི་དགེ་བའི་བཤེས་གཉེན་རྣམས་ལ། སྡོམ་ཤོར་བཙོག་དོང་ནང་ལྷུང་བ་ཞིག་གིས་བྱ་གཏོང་དགོས་པའི་གནས་སྟངས་ལ་སླེབས་ཡོད་པ་མ་རེད། ད་ལྟ་ནམ་ཚོད་བྱ་ཕོས་བཟུང་གི་རེད་མ་གཏོགས་བུང་གུས་འཛིན་དགོས་པའི་དུས་ལ་སླེབས་ཡོད་པ་མ་རེད། ཅེས་ཀྱང་བརྗོད་རྒྱུ་ཡིན།
ཀླད་སྟོང་ཚོར་རིག་པ་དང་གནས་ལུགས་བཤད་ས་ཅང་ཡོད་ནི་མ་རེད། །
རྫ་ཚེ་རིང་བཀྲ་ཤིས་ལགས།
ཁྱེད་ནས་བསྟན་པའི་ལར་བཞེན་གྱིས་མ་གསང་མ་བཞག་ཁ་གསལ་གྱི་སྒོ་ནས་རང་གི་བསམ་ཚུལ་ཞུས་པ་དེ་བཀླགས་པ་ཡིན། འདིའང་༧གོང་ས་མཆོག་ལ་གུས་ཞབས་དང་བརྩེ་བ་ལྡན་པའི་ངག་གྲོས་ཤིག་གི་ཐོག་ནས། རྒྱུ་མཚན་མང་པོ་དྲངས་འདུག་པ་བསྔགས་འོས་པ་འདུག རྒྱུ་མཚན་ལ་ལ་ནི་དངོས་དང་མཐུན་ཞིང་། མ་འོངས་ཀྱི་ཆུ་མ་ཤོར་གོང་གི་ཆུ་རགས་ལྟ་བུར་མངོན། ལ་ལ་ནི་འདི་ཙམ་སེམས་ཚབ་བྱེད་དགོས་པར་མི་སྣང་།
བསམ་ཚུལ་འདི་ལྟ་བུ་འབྲི་བར་དུས་ཚོད་དང་རྩོལ་བ་བརྟེན་དགོས་པས། ཐུགས་རྗེ་ཆེ་ཞུ།
ཕྲན་གྱི་བསམ་ཚུལ་ནི།
༡༽ འདི་ལྟ་བུའི་བགྲོ་གླེང་འདི་གནད་འགག་ཅན་ཡིན་པས། བོད་ཀྱི་ཆོས་རྒྱུད་ཚང་མའི་ཚོགས་འདུའི་ཐོག་གྲོས་བསྡུར་ཞིག་ངེས་པར་དུ་གནང་དགོས་སྙམ།
༢༽ ༧གོང་ས་མཆོག་ནི་རྒྱུ་མཚན་དང་རིགས་པ། དཔང་རྟགས་བཅས་གཙོ་བོར་འཛིན་པའི་སྐྱེས་ཆེན་ཞིག་ཡིན་པ་ཤིན་དུ་གསལ་བས། གལ་ཏེ་༧གོང་ས་མཆོག་ནས་རྒྱུ་མཚན་དང་། དཔང་པོ། དེ་བཞིན་དགོས་པ་གཟིགས་ཚེ་གཏན་གཏན་དགོངས་བཞེས་གནང་གི་རེད། ཁྱེད་དང་ཁོང་གཉིས་ཀ་ནང་བསྟན་གྱི་ཤེས་རིག་འདི་དུས་ཡུན་རིང་ཙམ་ས་སྟེང་འདིར་གནས་ཐུབ་ན་སྙམས་པའི་ཐུན་མོང་གི་དགོངས་པ་ཡོན་མཁན་རེད་སྙམ།
༣༽ སྤྲུལ་སྐུ་ཨུ་རྒྱན་སྟོབས་རྒྱལ་གྱི་སྐད་ཆ་འདི་གཙོ་བོར་མ་འཛིན་པར། ང་ཚོས་དྲ་དབང་སྐུར་མིན་ལ་བསམ་བློ་བཏང་ནས་དེའི་ཐད་བགྲོ་གླེང་གནང་ན་འབྲས་བུ་ལེགས་པར་ཐོབ་སྙམ། ཨོ་སྟོབས་རང་ཉིད་དགོན་པར་བསྡད། ཁྲིས་ལ་བུད་མེད་མང་པོར་ལོག་གཡེམ་ཁོ་ནས་འཚོ། དེ་བཞིན་དད་ལྡན་གྱི་ཞལ་འདེབས་དག་རང་གི་བུ་ཕྲུག་ཚོའི་ལྟོ་གོས་་ཁོ་ནའི་ཆེད་གཏོང་བཞིན་པའི་བླ་མིང་འདི་འདྲ་ཐོག་མ་ནས་བགྲོ་གླེང་འདིའི་ནང་འཁུར་མ་ཡོང་བར། གནད་དོན་གཙོ་བོར་འདོན་པའི་གླེང་བརྗོད་ཐོག་ནས་གོང་གི་བགྲོ་གླེང་འདི་གནང་ན་ནུས་པ་ཆེ་བ་ཡོད་པར་ཁུམས། ཨོ་སྟོབས་ནི་ཁོག་ལ་ཆགས་སྡང་གནོད་སེམས་མ་རུང་ཁོང་བཅངས་ཁོ་ནས་དུས་བདའ་བའི་མི་འདི་འདྲས། ༧གོང་ས་མཆོག་ལ་བསམ་འཆར་འབུལ་བའི་གནས་བབ་མེད། དཔེར་ན། རྒྱལ་ཚོང་བ་ཞིག་གིས་རྒྱལ་པོར་བསམ་འཆར་འབུལ་ན། མང་ཚོགས་ཀྱིས་འདི་ལ་ཆ་འཇོག་བྱེད་དམ།
༤༽ སྔོན་ལ་ཁྱེད་ཀྱི་བསམ་འཆར་འདི་དག་ལ་ངེས་པ་འདྲེན་པའི་རྒྱུ་གཙོ་བོ་གཅིག་ནི། ཁྱེད་ནས་རྫོང་གསར་མཁྱེན་བརྩེ་དང་། དེ་བཞིན་རིས་མེད་བླ་མ་དང་མཁན་པོ་རྣམས་ལ་བགྲོ་ནས། ཁོང་རྣམ་པའི་དགོངས་ཚུལ་འདིར་གསལ་པོར་འགོད་ན། རྒྱུ་མཚན་ཆེན་པོར་འགྲོ། དགེ་ལྡན་པའི་ནང་ལ་ཡོད་དོ་ཅོག་གིས་དྲ་དབང་ལ་རྒྱབ་སྐྱོར་བྱེད་མི་སྲིད། དཔེར་ན། ཐེ་ཝན་གྱི་དགེ་ལྡན་ཆོས་ཚོགས་དག་གིས་ཡང་ཡང་དགེ་ལྡན་པའི་ཁྲི་ཟུར་དང་མཁན་ཟུར་ཚོར་དྲ་དབང་འབོད་སྐུལ་ཞུས་པ་དེ་དག་ལ་སྔོན་མ་ཁས་ལེན་ཞུས་མི་འདུག རྒྱུ་མཚན་ནི་ཁྲི་ཟུར་རྣམས་ཀྱི་ཆོས་ཕྱོགས་ཀྱི་མཛད་པ་མང་ཆེ་བ་༧གོང་ས་མཆོག་གི་བཀའ་ཁྲོལ་ཞུ་སྲོལ་ཡོད་པ་དང་། དྲ་དབང་ཚང་མར་བཀའ་ཁྲོལ་གནང་མེད་པ་ལྟ་བུ་འདུག
༥༽ གོང་ས་ཆོག་གིས། ༼ཁྱེད་ཡང་བསྐྱར་སྤྱན་རས་གཟིགས་གི་དབང་ཆེན་དེ་གསན་དང་།༽དྲ་ཐོག་ལ་བླ་མེད་ཀྱི་དབང་ཆེན་ལྟ་བུ་ཡོང་ཐབས་མེད་ཅེས་ཉིན་དང་པོའི་སྟ་གོན་གྱི་གསུང་ཆོས་ལ་བཀའ་སྩལ་སོང་། དེ་ཉིན་དང་པོའི་དབུ་དེ་རང་ལ་ཡོད་སྙམ། ངས་བལྟས་ན་གསུང་དེ་ལ་གོ་རྒྱུ་ཆེན་པོ་ཞིག་འདུག
བདེ་མོ། ༼བྲེལ་བས་རྐྱེན་པས་ཡིག་ནོར་ཅུང་ཡོད་ཤས་ཆེ་བས། དགོངས་སེལ་ཞུ། ཁྱེད་ལ་གུས་ཞབས་མེད་པ་དེ་འདྲ་མིན།༽
གོང་ལ་མཆན་འགོད་མཁན་ཕལ་མོ་ཆེས། རང་སྐྱོན་འགེབས་ནས་གཞན་སྐྱོན་གནམ་ལ་སྟོར་བའི་དཔེ་ལ་སོང་འདུག་པས། ལན་མེད། ཅི་སྟེ་སྲིད་འདིར་སྐྱོན་ཀུན་བྲལ། ཡོན་ཏན་ཀུན་ལྡན་གྱི་སྐྱེ་བུ་ཁོ་ན་མ་གཏོགས་བསམ་འཆར་ཤོད་ཆོག་གི་མེད་ན། ཐོག་མར་མང་པོ་ཞིག་འདི་ནས་ཐར་ས་མི་འདུག
ང་ཚོས་བསམ་གཞིགས་ཞིབ་མོ་ཞིག་བྱེད་དགོས་པ་ནི། བདག་ཅག་གི་སྟོན་པས། བུད་མེད་ཉིས་སྟོང་ལྔ་བརྒྱ་ཙམ་དང་ལུས་འབྲེལ་བྱུང་བའི་གཏམ་རྒྱུད་ཡོད། དེ་དག་ཚང་མ་སྐྱོན་ལ་རྩིས་ན། ཅིའི་ཕྱིར་ཁོང་གི་གསུང་དེ་དག་དྲི་མ་དང་བྲལ་བ་ཡིན་ནམ།
སྐྱོན་ཤ་སྟག་བཙལ་ན། ཚང་མས་ཐོག་མར་རང་གི་ཨ་མར་རང་གི་ཕ་ངོ་མ་སུ་ཡིན་མིན་འདྲི་མ་དགོས་སམ།
གནས་ལུགས་དང་མཐུན་པའི་སྐད་ཆ་སུ་ཞིག་གིས་བཤད་ན་འགྲིགས་ལ་བློ་གཟུ་བོར་གནས་མཁན་ཞིག་ཡིན་ན་གང་བྲིས་པའི་རྩོམ་དེ་ལ་དཔྱད་པ་བྱེད་དགོས། དེ་མིན་གྲྭ་ལོགས་དང་སྡོམ་ཤོར་ཟེར་ནས་གང་ཟག་དེ་ལ་རྒོལ་བ་ལས་གང་ཟག་དེའི་རྣམ་དཔྱོད་དང་དགོངས་ཚུལ་ཐུགས་བསམ་དེ་བཞེས་ཀྱི་མི་འདུག དེ་ནི་རང་ཕྱོགས་ཁོ་ནར་མ་གཏོགས་མི་ཕྱོགས་མཁན་དེའི་རིགས་རེད། དེ་འདྲའི་རིགས་ལ་སྟོན་པ་སངས་རྒྱས་དངོས་སུ་བྱོན་ན་ཡང་དད་པ་མི་སྐྱེ་ཐག་ཆོད་རེད། སྤྱིར་སྟངས་བོད་མི་རིགས་འདིའི་ནང་ལ་དད་པས་འབུར་འཇོམས་བྱ་རྒྱུ་དགའ་བོ་དང་། ཆོས་ལུགས་བྱེ་བྲག་པ་ཞིག་ལ་སྡང་ཟུག་ཆེན་པོ་བྱེད་བཞིན་པ་དང་༧གོང་ས་མཆོག་གིས་ཆོས་ལུགས་ནང་ཕན་ཚུན་གཅིག་གིས་གཅིག་ལ་རྒྱུས་ལོན་བྱོས་ག་ཚད་གསུང་ན་ཡང་གང་ཟག་ཁ་ཤས་ཤིག་གིས་རྐྱེན་གྱིས་ཕྱོགས་རིས་སློང་ཡོང་གི་འདུག
རང་བྱུང་རིག་པའི་རྡོ་རྗེ་ལགས། བཤད་ས་ཅང་ཡོད་ནི་མ་རེད་ཟེར་ཕོད་པ་ངོ་མི་ཚའམ། ཁྱེད་དང་ཁྱེད་འདྲ་པོ་ཉུང་ཤོས་ཤིག་གིས་ཇོ་ནང་ཇོ་ནང་ཇོ་ནང་ཟེར་བས་བཙན་བྱོལ་ནང་དུ་བཤད་རྒྱུ་མེད་ན་མ་གཏོགས་བཤད་ཐས། བཤད་པ་ཙམ་མ་ཟད་གྲོས་ཚོགས་སྒོ་ཁར་གྱེན་ཉལ་བཟོས། སྤྱི་འཐུས་ཚོའི་མདུན་བཀག་གྲང་རྩ་བཟུང་། འགྲམ་རྩར་ཁུ་ཚུར་མ་བཞག་ཙམ་བྱས་ཐས། ད་དུང་བཤད་ས་ཅང་ཡོད་ནི་མ་རེད་ཟེར་ནས་ཧམ་པ་ལ།
ང་ཚོས་རྩོད་བཞིན་པ་ནི། ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི། ལུང་དང་འཁྲིད། དབང་གསུམ་པོ། སུས་གནང་འོས་དང་། ག་འདྲ་ཟེ་གནང་དགོས་སམ། སུ་ལ་གནང་འོས་དང་མི་འོས་ཀྱི་བརྗོད་བྱ་དེ་རེད།
དེ་ཡང་འདུལ་བའི་སྐབས་སུ་འཕྲིན་གྱི་སྒོ་ནས་དགག་དགོས་ཀྱི་དབང་གི་འཕྲིན་གྱི་སྒོ་ནས་སྡོམ་གནང་ཤིནད་པའི་ལུགས་སྲོལ་ཡོད་པ་དང་། ཐོག་མར་སྟོན་པ་ཤཀྱྰ་ཐུབ་པས་ཚུར་ཤོག་གི་ཚིག་ཙམ་གྱིས། འཇིག་རྟེན་གྱི་ལས་ཀའམ། འཁོར་བ་ནས་ཐར་པའི་ཕྱོགས་སུ། སྟོན་པ་རང་ཐད་དུ་ཐར་པར་ཤོག་ཅེས་པའི་གོ་དོན་ཚང་བ་ཚིག་དུམ་ཙམ་གྱིས། སོ་སོར་ཐར་པའི་སྡོམ་པ་ཐོབ་གསུངས་ཟིནད་པ་རེད།
མདོ་སྡེའི་ནང་གི་ཇེག་ཆེན་བྱང་སེམས་ཀྱི་ཕར་ཕྱིན་དྲུག་དང་བསྡུ་བཞི་སོགས་ཉམས་ལེན་སྐབས་ལ་སྨོན་སེམས་དང་འཇུག་སེམས་ཀྱི་བྱང་སྡོམ་ཡང་། བྱུང་ན་བླ་མ་ཚད་ལྡན་གྱིདྲུང་ནས་བྱང་སྡོམ་བླངས་དགོས་པ་དང་། དེ་མ་བྱུང་ན། སྐུ་གསུང་ཐུགས་ཀྱི། རྟེན་གྱི་སྒོ་ནས་བྱང་སྡོམ་ཐོབ་ཐུབ་པར་གསུངས་ཚར་པ་རེད་ལ། ཉམས་ལེན་པ་ཚོས་དུས་ད་ལྟ་ཡང་ལག་ལེན་གནང་བཞིན་ཡོད་རེད། རྫ་ཚེ་ཁྱོད་ཉམས་ལེན་དེ་ཡང་མེད་པ་འདྲ།
གསང་སྔགས་ནང་ལ། གསང་དགོས་པ་དང་ཁྲོམ་བསྒྲགས་མེད་པ་སོགས་མང་ན་ཡང་། དོན་དམ་ལག་ལེན་དུ་རྒྱ་གར་གྲུབ་ཆེན་བརྒྱད་བཅུའི་རྣམ་ཐར་དང་། བོད་ནང་གསང་སྔགས་སྤྱོད་པ་ཐམས་ཅད་ཀྱི་རྣམ་ཐར་རྣམས། ས་བསྒྲགས་གནམ་བསྒྲགས་རེད། རྣམ་ཐར་དེ་ཚོའི་ནང་རང་གི་བླ་མར་བསྟོད་དྲགས་པ་འུར་ཟུར་ཤོབ་ཀྱང་མང་དག་ཅིག་ཡོད་པ་འདྲ། དེའི་སྐོར་སྐབས་སུ་མ་བབས་པའི་བྲིས་འདོད་མེད།
མཐར་དེད་ནས་འཇུག་སྡོམ་འདི་ནི། གསང་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལ། ནང་གསེས་གསུམ་ལས། དགེ་བསྙེན་གྱི་རྡོ་རྗེ་སློབ་དཔོན་་ལས། དགེ་ཚུལ་གྱི་རྡོ་རྗེ་སློབ་དཔོན་རྩ་ཆེ་བ་དང་། དགེ་ཚུལ་རྡོ་རྗེ་སློབ་དཔོན་ལས། དགེ་སློང་རྡོ་རྗེ་སློབ་དཔོན་རྩ་ཆེ་བ་ཡིན་པར་གསུངས་འདིས་ཀྱང་། དྲ་གྲོགས་རྫ་ཚེ་བཀྲ་ཤིས་ཚེ་རིང་འདྲ་བོ་ཞིག་གིས། དགེ་སློང་རྡོ་རྗེ་འཛིན་པ་༸གོང་ས་མཆོག་ལྟ་བུ་དང་། དགེ་བསྙེན་རྡོ་རྗེའཛིན་པ་ས་སྐྱ་༸གོང་མ་རིན་པོ་སོགས་ཀྱིས་དགག་བྱ་ལས་དགོས་པ་གཙོ་ཆེ་བ་གཟིགས་གནང་ནས། འདྲ་དབང་གནང་བ་ལ་བྱུས་གཏོགས་བྱས་པ་དེ་དག་ནོར་བ་དེ་འདིས་ཀྱང་ཤེས་ཐུབ། དགེ་ལེགས་འཕེལ།།
མཆན་ཚང་མ་བཀླགས་ཡོད། གསལ་བཤད་དམིགས་བསལ་དགོས་གལ་མ་མཐོང་། ཡིད་ཆེས་གནང་མཁན་ཞིག་ཡིན་ན་ནི་གོང་གི་ནང་དོན་གྱིས་རྟོགས་ཐུབ་ངེས་སུ་ཡོད། གཞན་དང་གཞན་དུ་བཤད་ནའང་རང་དབང་རེད། བསམ་ཚུལ་མ་འདྲ་བར་བརྩི་བཀུར་ཡོད།
གོང་ས་ལྷ་མིའི་རྣམ་འདྲེན་ལས། །རང་ཉིད་མཁས་རློམ་རྫ་ཚེ་བ། །དྲན་པའི་གཞུ་མོ་ནང་དུ་ཁུགས། །རང་ཚོད་ཅུང་ཟད་བཟུང་ན་མཛེས། །དབང་ཞུ་བ་ལ་ཞུ་བ་པོ། །ནང་པ་ཡིན་ན་ལེགས་མོད་ཀྱང་། །ནང་པ་མིན་ཡང་མི་གནོད་རྟིང་། །བྱིན་རླབས་འཇུག་ན་དགོས་པ་གྲུབ། །བྱིན་རླབས་ཙམ་ཡང་མི་འཇུག་རྟིང་། །གནོད་པ་འབབ་ཅེས་ཁྱོད་འདོད་ན། །འཇིགས་ཕུན་ཆོས་རྗེའི་མདུན་ས་རུ། །ཟབ་དབང་རྣམ་པ་སྣ་ཚོགས་པ། །ཐོས་པའི་དུད་འགྲོ་ར་མ་ཞིག །ལྷ་རུ་སྐྱེས་པ་རྫུན་ནམ་ཅི། །གཞན་ཡང་ཨ་ཏིའི་ལྟ་བ་དེ། །ནང་པ་མིན་ལ་མ་བསྒྲགས་པས། །འཇམ་དཔལ་དགྱེས་པའི་ཉི་མ་ནུབ། །ཆོས་ཀྱི་རྗེ་ལ་འཁང་ར་བྱས། །སོམས་དང་ཐེག་དགུའི་རྩེ་མོ་སྟེ། །སྨིན་བྱེད་དབང་ལ་ལྟོས་པ་ཡང་། །ནང་པ་མིན་ལ་བསྒྲག་ཆོག་ན། །གཞན་རྣམས་ལྟ་ཀོ་ཅི་ཞིག་དགོས། །འོན་ཏང་ཀུན་བཟང་སྨོན་ལམ་དུ། །རྣལ་འབྱོར་སྟོབས་ཅན་ཞེས་གསུངས་ལྟར། །བླ་མ་ཀུན་གྱིས་མི་ནུས་སྟེ། །རྟོགས་ལྡན་ནམ་མཁའ་ལྟ་བུ་དགོས། །དེ་ལྟར་བྱུང་ན་གསང་སྔགས་ལ། །ནུས་པ་བསམ་གྱིས་མི་ཁྱབ་སྟེ། །རྟོག་གེའི་བློ་ཡི་སྤྱོད་ཡུལ་མིན། །དེ་བས་སྨྲ་བ་ཉུང་ན་མཛེས། །
རྫ་ཚེ་ལགས་ཀྱིས་དཀའ་ལས་རྒྱབ་ནས་རིང་པོ་བྲིས་འདུག བཀའ་དྲིན་ཆེ། འདིའི་ཆེད་དུ་བོད་ཀྱི་བླ་ཆེན་རྣམ་པ་དང་ནང་པའི་དབུ་ཁྲིད་ཚོ་མཉམ་དུ་འཛོམས་ནས་ཚོགས་འདུ་ཞིག་ཚོགས་ནས་གྲོས་བསྡུར་ལེགས་པོ་ཞིག་བྱེད་ན་ལེགས་པར་མཐོང་། རྫ་ཚེ་ལགས་ཁྱེད་ཀྱིས་བྲིས་པའི་རྩོམ་དག་བརྗོད་བྱ་གང་ཡིན་ཀྱང་ལྗི་ཁོག་ལྡན་པ་ཞིག་རེད་སྙམ་པའི་ཚོར་བ་ཞིག་ནམ་ཡང་སྟེར། དྲྭ་གྲོགས་ཚོས་ཁ་བརྡུངས་བཏང་བར་སེམས་ཤུགས་མ་ཆགས་པར་འདི་འདྲ་མུ་མཐུད་ནས་སྤེལ་རོགས་ཞུ། །
རྫ་ཚེ་ལགས་ཁྱེད་ནས་བསྟན་པ་ལ་གཅེས་འཛིན་གྱིས་ཁྱེད་ནི་རྩོད་གཞི་ལ་དབུས་བསམ་ཞུ་མཁན་ཞིག་ཡིན་ཁུངས་འདུག་ཀྱང་དེ་འདྲ་རང་རེད་མིན་འདུག ་དཔེ་ན་ཁྱེད་ཀྱིས་དབུ་སྟོབས་ཀྱིས་དགོངས་དག་ཞུས་ནའང་ད་དུང་འདྲ་མིན་བཤད་ཀྱི་ཡོད་གནས་ཐད། དགོངས་དག་དེ་གཞན་གྱི་བཀུལ་མ་ལས་ཡིན་ཅེས་ཁོ་བས་བཤད་ཚོད། གཞི་ནས་༸གོང་ས་མཆོག་ནས་དགོངས་དག་ཞུ་དགོས་ཅེས་བཀའ་ཕེབས་མེད།
བསྟན་པ་སྤྱི་བཙན་དང་གང་ཟག་དགོས་བཙན་དེ་རོབ་ཙམ་ལས་མི་ཤེས་ཀྱང་།་བསྟན་པ་སྤྱི་བཙན་ཞེས་པ་དེ་ནང་པའི་བསྟན་པ་གཅིག་པོ་ལ་གོ་བ་ལེན་ན་ནང་པའི་མི་འབོར་ཆེ་བས་བོད་ཀྱི་ནང་པ་དེ་སྟོན་པའི་བསྟན་པ་ལས་བླ་མའི་ཆོས་རེད་ཟེར་ནས་ད་ཆ་ནང་པའི་ཁུངས་སུ་ཚུད་ཙམ་བྱུང་བ་དེ་ཡང་སུས་ཐུགས་རྗེ་ལས་བྱུང་ངམ། དེ་དང་དེ་འདྲ་བའི་ཐུགས་རྗེ་མང་པོ་ཡོད་པས་མི་ཞིག་ཡིན་པའི་ཆ་ནས་མི་བཟང་པོའི་སྤྱོད་པ་མ་བརྗེད་པ་གནང་རོགས།
ད་ལྟའི་དུས་སུ་ནང་པའི་བསྟན་པ། བོད་ལུགས་ནང་བསྟན་དང་བཅས་པའི་ནང་བསྟན་ཐོག་མཁས་གྲུབ་གཉིས་ལྡན་ཞུ་ན་འདྲ་ག་རེ་རྒྱན་ཕུལ་ན་འདྲ་༸གོང་ས་མཆོག་ལས་ལྷག་པ་ཞིག་མེད། དེ་འདྲར་སོང་ཁོང་གི་ག་རེ་གནང་ཀྱང་བསྟན་པ་སྤྱི་བཙན་དང་གང་ཟག་དགོས་བཙན་ནང་པའི་བསྟན་པ་ལ་དཔུང་འདེགས་ཤིག་དང་འགྲོ་དྲུག་སེམས་ཅན་ཡོངས་ལ་ཕན་པ་ཞིག་དང་རན་པ་ཞིག་ད་བར་གནང་ཡོད་ལ་ད་དུང་ཡང་ཞུ་རྒྱུའི་དམ་ཆ་ཞུ་མཁན་གྱི་མིའི་ཤ་རུས་སུ་ཕེབས་པའི་རང་དབང་ལྡན་པའི་སྐྱེ་བུ་དམ་པ་ལ་ཡིད་ཆེ་ཞུས་ན་རང་གཞན་ལ་ཕན། ཁོང་གི་བཀའ་དྲིན་ལས་ཁྱེད་དང་ང་ལ་རང་གི་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་མི་ལུས་ལྟ་བུའི་བརྙེད་དཀའ་བ་ཞིག་ཀྱང་ཐོབ་ཡོད།
དྲ་ལམ་མམ་གཞན་དངོས་ལམ་ནས་དབང་གནང་བ་ཐོབ་དང་མ་ཐོབ། སྣོད་རུང་དང་མ་རུང་སོགས་ནང་ཆོས་ནང་བདེན་པ་གཉིས་དང་དུག་གསུམ། དུག་དང་བཅུ་གཉིས་སོགས་རྣམ་གྲངས་མང་པོ་དབྱེ་རྒྱུ་ཡོད་པ་ལྟར་དད་དམ་གཉིས་ལམ་ནས་དབྱེ་འབྱེད་ཞུས་ན་ཞན་ཆ་ཅི་ཡོད།
དགའ་ལྡན་ཕོ་བྲང་མཚན་ནས་སྐྱོན་བརྗོད་མང་པོ་ཞིག་ཞུས་འདུག་པ་དོན་དུ་༸གོང་ས་མཆོག་ལ་ཞུ་བ་ལས་དགའ་ལྡན་ཕོ་བྲང་ལ་མིན། ༸གོང་ས་མཆོག་བླ་སྤྲུལ་གཞན་དང་མི་འདྲ་བས་ཕྱག་མཛོད་སོགས་ཀྱི་དབང་དུ་ཕེབས་མཁན་ཞིག་ཡིན་ན་དེ་ལྟར་འཐུས་ཀྱང་དེ་མིན་པ་ལོས་ཤེས།
༸གོང་ས་མཆོག་གིས་སྟོན་པའི་བཀའ་དང་འགལ་བ་ཞིག་གནང་མི་སྲིད་པ་ཡིོན། སྲིད་ན་དགོས་མེད་ཀྱི་བླ་མའི་ཆོས་བརྒྱུད་ཀྱི་ཁྲི་མཐོ་བོ་དང། རྫིག་ཉམས། ཞ་གོས་འཆོར་པོའི་རིགས་སོགས་འཇིག་རྟེན་པས་གནང་ཚུལ་ལ་དང་དོད་མི་གནང། ཆོས་ཀྱི་དགོས་པ་སེམས་པ་བཟང་ཕྱོགས་སུ་བཅོས་རྒྱུའི་ཐབས་ལམ་གནང་གི་ཡོད། གཞི་ནས་དགོན་པ་རེ་ལ་བླ་མ་རེ། བླ་མ་རེ་ལ་ཆོས་རེས་ཞེས་པ་བོད་གངས་ཅན་པས་རིག་གཞུང་ནས་བྱུང་བ་མ་རེད་པས། མི་ཚེ་ལས་གཏམ་ཚེ་རིང་བ་ཡོད་རེད་ཅེས་པའང་ང་ཚོའི་རིག་གཞུང་རེད་དོ།།
ཡིགཚོགས་འདི་བཀླགས་པ་ཡིན། གནས་སྟངས་དམིགས་བསལ་བ་སྟེ། ནད་ཡམས་ཞེད་པོས་འཛམ་གླིང་ཁྱོན་ཡོངས་ཐེམ་སྤང་དུ་གནས་དགོས་པར་གཏུགས་པའི་གནས་སྐབས་སུ་དྲ་ལམ་ནས་དབང་བསྐུར་བའི་གནས་སྟངས་གཡས་སུ་དེད། སྔོན་གྱི་ཚེ་ན་སྟོན་པས་འཕྲིན་གྱི་ལམ་ནས་བསྙེན་པར་རྫོགས་པ་དེ་དང་དེའི་ཚེའི་གནས་སྟངས་དེ་གཡོན་དུ་དེད། དེ་ནས་གང་ཞིག་གླེང་བར་ཆས་པའི་སྟངས་ཀ་བྱས་པ་འདི་དོན་ལ་ནི། ། ཨུ་ནན་དང་བཅས་ཏེ་ཨོ་རྒྱན་སྟོབས་རྒྱལ་ཟེར་བར་རྒྱབ་དཔུང་དང་དག་འབུད་ཀྱི་བྱ་བྱེད་རེད་འདུག བཤད་སྟངས་སྣ་ཚོགས་ཀྱི་ལམ་ནས་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ལ་མཚན་སྨད་ཞུ་བར་ཤ་ཐང་དུ་འབད་འདུག