ཆང་སྐྱེས།
སྙིང་གི་མི་དེ་རྒྱང་རིང་ཡུལ་ན་ཡོད།།
བརྩེ་བ་ཟབ་མོ་གངས་དཀར་སེམས་ན་ཡོད།།
ལོ་དང་ཟླ་བ་རིང་མོའི་ཧྲག་བར་ནས།།
བདག་གིས་ད་དུང་སྔར་བཞིན་སྒུག་ནས་ཡོད།།
ལེ་བར་ཁྲི་མ་འབུམ་གྱི་ཕ་རོལ་ན།།
ཁྱོད་ཞལ་འཛུམ་པའི་ཟླ་བ་དཀར་པོ་དེ།།
མཚན་མོ་རྨི་ལམ་ཞིང་གི་མཁའ་མཐའ་ནས།།
ཡིད་འོང་སྟོང་གིས་བདག་གི་སེམས་ལ་ལྷུང་།།
དོ་དགོང་ཆར་བ་ཟ་ཟིམ་འབབ་ཀྱིན་འདུག།
རླུང་བུ་ཡངས་མོ་ཞིག་ཀྱང་ལྡང་གིན་འདུག།
སུན་སྣང་མུན་པ་སྟུག་པའི་ཀློང་རིམ་ནས།།
ཁྱེད་རང་ལྷག་ཏུ་དྲན་པའི་སྣང་བ་ཞིག།
སྔོན་བསཊ་ལས་ཀྱིས་བཀོད་སྒྲིག་མིན་རྒྱུ་ན།།
ཁྱོད་དང་ང་ཡི་བརྩེ་དུང་མྱུ་གུ་ལ།།
ལོ་མ་འབུས་ཏེ་མེ་ཏོག་བཞད་ནས་ཡོད།།
འདི་དག་བསམ་ན་སེམས་པ་གྲང་ཤུར་ཤུར།།
ཁྱོད་ཀྱིས་བྱིན་པའི་དངུལ་གྱི་འཛུབ་དཀྲིས་དེ།།
བདག་གིས་མ་བོར་ད་དུང་ལག་ན་ཡོད།།
བདག་གིས་ཉོས་པའི་མགོ་དཀྱི་གློ་ཁ་དེ།།
ཁྱོད་ཀྱིས་མ་བརྗེས་མགོ་ན་ཨེ་ཡོད་ལགས།།
རྒྱལ་བོ་རཱ་མ་ཎ་ཡིས་སི་ཏཱའི་ཆེད།།
རྒྱལ་སྲིད་སྤངས་ཏེ་ཚང་ཚིང་ནགས་ལ་ཞུགས།།
ཁྱོད་ཀྱི་ཆེད་དུ་ཁེར་རྐྱང་བདག་གིས་ནི།།
ཅི་ཡང་མ་འཇོན་བློ་ཕམ་ཡང་ཡང་བྱུང་།།
གང་ལྟར་ཁྱོད་ཀྱི་ལང་ཚོའི་འཇོ་སྒེག་དང་།།
ཡ་ཐོད་གདོང་གི་རྣམ་འགྱུར་རེ་རེ་ནི།།
ནམ་ཡང་ཁྲ་ཆུང་མིག་གི་མཐོང་ལམ་ན།།
རྡོ་ལ་རི་མོ་བཞིན་དུ་ཝ་ལེར་གསལ།།