གཡུ་ལུང་ཚེ་བརྟན།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དམིགས་ཡུལ་ལོགས་ཀ་ཡིན་པའི་དཔལ་འབྱོར་གྱི་ཡོང་ཁུངས་གཙོ་བོ་གཉིས་ཡོད། དེ་ནི། བོད་བསྟན་པ་ཆབ་སྲིད་རིག་གཞུང་དང་བཅས་པ་སོར་ཆུད་ཡར་ལྡན་གྱི་མཐུན་འགྱུར་དུ་འགྲོ་བར་དམིགས་པའི་དཔལ་འབྱོར་མཐུན་འགྱུར་དང་། བོད་མིའི་ཆིག་སྒྲིལ་ནུས་པ་རྩ་གཏོར་གཏོང་བར་དམིགས་པའི་དཔལ་འབྱོར་མཁོ་འདོན་བྱེད་པ་འདི་གཉིས་ཆགས་ཡོད།
མཐུན་འགྱུར་ཕྱི་མ་ནི་ཐེ་ཝན་བོད་སོག་ལས་ཁུངས་དང་། རྒྱ་ནག་གཞུང་གཉིས་ནས་ཡོང་གི་ཡོད། བོད་སོག་ལས་ཁུངས་ཀྱིས་ཉེ་བའི་ལོ་རྒྱུས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གནོད་འགལ་གྱི་ལས་ཀ་མང་པོ་བྱས་ཡོད། དེ་ནས་རྒྱ་ནག་གཞུང་གིས་ཤུགས་ལྡན་ཚོགས་པ་དང་། བོད་པའི་སྤྱི་ཚོགས་ནང་གི་རྩྭ་མི་ཤིང་མི་ཚོར་དངུལ་དངོས་ཀྱི་མཐུན་འགྱུར་སྤྲད་ནས་སྤྱི་ཚོགས་ཀྱི་ཆིག་སྒྲིལ་ནུས་པ་གཏོར་བཤིག་གཏོང་བའི་ལས་ཀ་ལས་སུ་འཇུག་གི་ཡོད། ཤུགས་ལྡན་ཚོགས་པ་དང་དེའི་རྗེས་འབྲངས་པ་ཚོ་དང་། བོད་པ་རྩྭ་མི་ཤིང་མི་ཚོ་ལ་བདག་པོ་རྒྱག་མཁན་ལྟེ་བ་དེ་ནི་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཟེར་བ་དེ་རེད། ཤུགས་ལྡན་ཚོགས་པ་ནི་རྒྱ་ནག་གི་གསོས་ཕྲུག་ཡིན་པ་ཕྱི་གསལ་ནང་གསལ་ཆགས་ཡོད་པ་དང་། ད་དུང་ང་ཚོར། མངོན་གསལ་མ་ཡིན་པའི་གསོས་ཕྲུག་ག་ཚད་ཡོད་དམ། ཞེད་སྣང་ཆེན་པོ་དང་ཉེན་ཁ་ཆེ་སེར་འདུག་ག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དགོས་མེད་ཕན་མེད་ཀྱི་འུར་རྒྱག་པ་དང་། ཟིང་སློང་བ། མཐུན་རྐྱེན་གྱི་ལྡོག་ཕྱོགས་སུ་ལངས་པ། ཡར་རྒྱས་ཀྱི་ལྡོག་ཕྱོགས་སུ་འགྲེངས་པ། ༸གོང་ས་མཆོག་གི་དགོངས་པ་དང་གཞུང་གི་ལངས་ཕྱོགས་ལ་རྒྱབ་ཀྱིས་ཕྱོགས་མཁན། བཙན་བྱོལ་བོད་མིའི་སྤྱི་ཚོགས་མཐུན་ལམ་ལ་གནོད་འགལ་ཀྱི་ལས་སུ་ཅི་མི་སྙམ་པར་འཇུག་པ་འདི་དག་གི་སྤོབས་པའི་ཡོང་སྣེ་དང་། བསམ་བློའི་འཆར་སྣེ་ནི་དངུལ་དངོས་ཀྱི་འཐེན་ཤུགས་ཤིག་དང་འབྲེལ་བ་ཡོད་པ་ལས། འདི་ཚོར་གོ་རྟོགས་དམིགས་བསལ་བ་ཡོད་སོང་བ་གང་ཡང་མ་རེད། འདོད་ཀྱང་རུང་། མི་འདོད་ཀྱང་རུང་། དངུལ་དངོས་ཀྱི་གོང་ཐང་ཅན་གྱི་དངོས་པོ་ཙམ་རེད།
སུ་ཞིག་གིས་བདེན་པ་མ་ཡིན་པའི་འཆལ་གཏམ་སྤེལ་བ་དང་། དགྲ་གཉེན་དབྱེ་བ་ནོར་གོ་ལྡོག་གི་ལས་སུ་ཞུགས་དང་འཇུག་པ་ཚོ་ནི། དོན་གྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པར་གནོད་སྐྱེལ་མཁན་དུ་གཏོགས་པ་ཡིན།
ང་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་མི་སྣ་ཡ་མཚན་ཅན་ཚོར་ལྟ་སྟངས་འདི་འདྲ་ཞིག་བཟུང་དང་འཛིན་གྱིན་ཡོད། མི་འདི་ཚོའི་གྲས་ཀྱི་བྱ་སྤྱོད་ནི་གད་སྙིགས་རང་ལ་ངོས་འཛིན་བྱས་དང་བྱེད་ཀྱིན་ཡོད།
སེར་སྨད་བློ་དགའ་འམ་དྲ་མིང་ལ་ཉག་རོང་བཙན་པོ་ཟེར་བ་ཞིག་གིས་བོད་གཞུང་མང་ལ་ཕུལ་བའི་དྲི་བ་བཅུ་བདུན་ཟེར་བ་ཞིག་སྤེལ་འདུག་ཟེར་ནས་རོགས་པ་ཞིག་གིས་བསྐུར་སོང་བའི་ཡི་གེ་གསལ་ལ་མི་གསལ་བ་དེ་བཀླགས་པ་ཡིན། དེ་ནི་འཁྱོག་བཤད་དང་ལོག་བཤད་བྱེད་པ་གཙོ་བོར་བཟུང་སྟེ། ༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨད་ཞུ་བར་འབད་ཡོད་པ་ཞིག་རེད། བློ་དགའ་དང་བློ་དགའ་ཚོའི་ལོག་བཤད་ལ་ཡི་གེའི་སྲང་མདའ་འདི་མངགས་འདོད་བྱུང་། འདི་ནི་བྲེལ་སྟབས་སུ་བྱས་པའི་ཁ་བརྡ་ཙམ་ཡིན། གཏིང་ཟབ་པ་བཤད་ན་ནི་བློ་དགའ་དང་བློ་དགའ་ཚོས་གོ་གི་ཡང་མ་རེད།
བཙན་བྱོལ་བོད་མིའི་གནད་ཡོད་མི་སྣའི་གསང་བའི་ཚོགས་འདུའི་ཡིག་ཆ་དང་། དབུ་མའི་ལམ་ལ་གྲུབ་འབྲས་མ་ཐོན་པ། སྐུ་ཕྱྭ་ལ་ཉེན་ཁ་བྱུང་བ། རྒྱ་ནག་ལ་འགྱུར་བ་ཐེབས་པ་བཅས་གཞི་ལ་བཞག་ནས་དྲི་བ་འདོན་གྱི་ཡོད་ཟེར། དང་པོ་ནི་གཟུགས་མེད་གྲིབ་བཟོ་རེད། གཉིས་པ་ནི་རང་བཙན་ཁ་ལ་འཁྱེར་མཁན་ཚོས་ནམ་རྒྱུན་ལོག་བཤད་བྱེད་སྟངས་དེ་རེད། གསུམ་པ་ཡང་ལོག་བཤད་རེད། བཞི་པ་ནི་སུས་ཀྱང་ཚོད་དཔག་བྱ་དཀའི་གནས་སུ་གྱུར་པའི་དེ་རིང་ཁ་སང་གི་གནས་སྟངས་རེད། ལར་ནས། བོད་གཞིས་བྱེས་བར་འགྲོ་འོང་གི་ལམ་བུ་བཏོད་པ། བོད་ནང་ལ་ཞི་མོལ་རྟོག་ཞིབ་སྐུ་ཚབ་ཐེངས་གཉིས་དང་གཟིགས་སྐོར་སྐུ་ཚབ་ཐེངས་བཞི་བསྐྱོད་པ། བོད་ཕྱི་ནང་གི་མཐོ་རིམ་མི་སྣའི་བར་བོད་དོན་གྲོས་གླེང་བྱེད་ཐུབ་ཡོད་པ། གཞོན་སྐྱེས་མང་པོ་བཙན་བྱོལ་ནང་འབྱོར་ནས་དགོན་སྡེ་དང་སློབ་གྲྭ་ཁག་ནས་སློབ་གཉེར་གོ་སྐབས་བྱུང་འབྲེལ། ད་ལྟའི་ཆར་དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་རྐང་འཛིན་པ་ཆགས་ཡོད་པ་སོགས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་འདི་དག་ནི་ང་ཚོས་ཁས་ལེན་དགོས་པ་ལས། བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཀྱི་མཐུན་ལམ་གཏོར་ཐབས་ཁོ་ནར་འབད་པ་ནི་ང་ཚོའི་ལས་འགན་མིན་པའང་ཤེས་དགོས།
(གཤམ་ནས་རང་བཙན་ཁ་ལ་འཁྱེར་མཁན་ཞེས་ཡང་ནས་བསྐྱར་དུ་བརྗོད་དགོས་ཆགས་རྒྱུར། དེ་ནི་བོད་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་འཛིན་མཁན་ཚང་མར་གོ་བ་ལེན་ཉེས་མི་བྱེད་རོགས། རང་བཙན་ཁ་ལ་འཁྱེར་ནས་སྤྱི་ཚོགས་ནང་ཁུལ་དཀྲུག་ཐབས་ལ་ཤ་ཐང་དུ་འབད་མཁན་ཚོ་ཁོ་ན་ལ་གོ་བ་ལེན་རོགས།)
དྲི་བ་དང་པོའི་ལན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོ་ནི་གཞི་རྩའི་ལམ་སྟོན་རེད། དེའི་ནང་གསེས་དོན་ཚན་བཞི་པར་གསལ་བ་ནི། “བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང༌། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང༌། ཡུལ་མི། སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱེད་པ་དང༌། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་བཅས།” ཞེས་པ་འདི་ཡིན།
དབུ་མའི་ལམ་གྱི་སྲིད་བྱུས་ནི། དོན་ཚན་འདི་དང་འགལ་ཟླ་ཆགས་འདུག་ཟེར། དེ་ལ་འདི་ལྟར་འདྲི་བར་འདོད། དབུ་མ་ནི་གཉིས་ཀྱི་དཀྱིལ་ལམ་དབུས་མ་ལ་གོ་དགོས་པ་དེའི་མཐའ་སྣེ་གཉིས་ནི། ལོ་རྒྱུས་དང་འབྲེལ་བའི་བོད་རང་བཙན་དང་རང་དབང་མེད་པའི་ད་ལྟའི་བོད་ནང་གི་གནས་སྟངས་གཉིས་ཡིན། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གཉིས་སུ་གསལ་བའི་ཆ་རྐྱེན་ཆ་ཚང་ལག་བསྟར་དང་བོད་ཆོལ་ཁ་གསུམ་འཛིན་སྐྱོང་གཅིག་གི་འོག་ཏུ་འདུ་བ་བྱུ་རྒྱུ་ནི་དབུ་མའི་ལམ་གྱི་སྙེགས་ས་དེ་རེད། ཆེས་གཞི་རིམ་གྱི་གནད་འགག་འདི་ཙམ་ཡང་མི་ཤེས་མཁན་དག་ལ་ཅི་ཞིག་བྱ།
ད་དུང་། རང་བཙན་ཁ་ལ་འཁྱེར་མཁན་ཚོར་འདྲི་རྒྱུར། རྣམ་པ་ཚོས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་བཙན་ཞིག་གླེང་གི་ཡོད་དམ། ཉེ་རབས་ཀྱི་ལོ་རྒྱུས་གཞི་ལ་བཞག་པའི་རང་བཙན་ཞིག་གླེང་གི་ཡོད་དམ། ཕོ་རྒོད་པོ་ཤེས་ཡོན་ཡོད་མཁན་རེ་ཡོད་ན། དེ་གཉིས་ཀྱི་གཞི་བཞག་ས་དེ་གསལ་པོ་རེ་བཤད་ཐུབ་དགོས་རེད། དེ་ནས་གནད་དོན་ཅིག་ལྷང་ལ་བུད་ཡོང་གི་རེད། སྒྲུབ་བྱ་ངོ་མར་ཁ་མ་ཕྱོགས་པར་ནང་ཁུལ་གྱི་ལངས་ཕྱོགས་གླེང་བའི་ལྟ་ཚུལ་ཉི་ཚེ་བ་སྤེལ་བས་ཕན་པ་འབྱུང་དཀའ། བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་བཞི་པས་བསྟན་པའི་བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན་ནི་བདེ་སྐྱིད་ཅེས་པ་འདི་རེད། དེ་ཨེ་ཤེས།
དྲི་བ་གཉིས་པའི་ལན།
དབུ་མའི་ལམ་ནི་རྒྱ་ནག་གི་སྲིད་བྱུས་ཤིག་དང་དེ་ཚོའི་མགོ་སྐོར་འོག་ཏུ་ཚད་པ་ལས་བྱུང་བ་ཞིག་ཡིན་པར་སྨྲ་འདོད་ཡིན་པ་འདྲ། དེ་ནི་མ་ཤེས་པ་ཆེན་པོ་སྟེ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་ཁྲོད་ནས་དང་རྒྱབ་སྐྱོར་གྱི་ཁྲོད་ནས་བོད་དོན་མུ་མཐུད་གནས་ཤིང་། བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་པའི་སྟོབས་ཤུགས་འདི་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ལ་བརྟེན་ནས་བྱུང་བ་ཡིན། དམིགས་དོན་དང་སྲིད་བྱུས། སྒྲུབ་ཐབས་བཅས་ཀྱི་དབྱེ་བ་དང་ངོས་འཛིན་མ་ནོར་བ་དགོས། བཙན་བྱོལ་ནང་འདིར་གཞིས་བྱེས་གཉིས་ཀས་རེ་ལྟོས་དང་ཡིད་ཆེས་ཞུ་ཡུལ་བོད་མིའི་སྒྲིག་འཛུགས་ཤིག་ཡོད་པ་འདི་བླ་ན་མེད་པའི་སྟོབས་ཤུགས་ཤིག་ཡིན། དེར་བརྟེན། རྒྱ་ནག་དམར་གཞུང་གིས་སྒྲིག་འཛུགས་འདི་གཏོར་བཤིག་གི་ཐབས་ཤེས་མང་པོ་བྱས་དང་བྱེད་བཞིན་ཡོད་པ་རེད། དེ་ལ་རམ་འདེགས་སུ་འགྲོ་བའི་ལས་དོན་བྱེད་མཁན་ལ་ང་ཚོས་ངོ་རྒོལ་བྱེད་དགོས་པ་ལས། དེ་དང་དེའི་ལས་སུ་ཞུགས་དང་འཇུག་པར་གང་ཡང་རུང་། ད་ལྟའི་རྒྱ་ནག་གིས་བོད་འཛིན་སྐྱོང་བྱེད་སྟངས་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གཉིས་བསྡུར་ནས་བལྟ་དགོས་པ་ལས་དེ་གཉིས་འདྲ་འདྲེས་སུ་བལྟས་པས་བོད་ཀྱི་མ་འོངས་པ་མཐོང་དཀའ། རྨོངས་གཏམ་གྱི་ཡོང་ཁུངས་གཅིག་འདི་རེད།
དྲི་བ་གསུམ་པའི་ལན།
སུ་གང་གིས་རྒྱ་ནག་གི་སྟོབས་ཤུགས་རྟག་བརྟན་ཐེར་ཟུག་ཅིག་ཡིན་པར་བཤད་མྱོང་མེད་ལ། དེ་ལྟར་འདོད་མཁན་ཡང་མེད། འདས་པའི་ལོ་ངོ་བདུན་ཅུའི་རིང་། རྒྱ་ནག་ལ་འགྱུར་བ་མང་པོ་སོང་ཡོད། རིམ་པས་འགྱུར་བ་སྣ་ཚོགས་འགྲོ་དང་འགྲོ་བཞིན་པ་རེད། ཅི་སྟེ་ད་ལྟའི་རྒྱ་ནག་གཞུང་འདི་མང་གཙོར་འགྱུར་བ་སོང་བ་ཡིན་ན། དེ་དང་དེའི་ད་ལྟའི་རྩ་ཁྲིམས་སོགས་ཚང་མར་འགྱུར་བ་འགྲོ་བཞིན་ཡོད། དེ་མཚུངས་ང་ཚོས་ད་ལྟ་དགོས་འདུན་འདོན་གྱིན་པའི་གནས་སྟངས་ལའང་འགྱུར་བ་འགྲོ་གི་རེད། གཞི་རིམ་གྱི་ཤེས་བྱ་འདི་འདྲ་དག་ཀྱང་མཚམས་རེར་ང་ཚོས་དྲན་དགོས་པར་འདུག
དྲི་བ་བཞི་པའི་ལན།
ད་ལྟ་ང་ཚོས་བོད་དོན་འཐབ་རྩོད་ཀྱི་མདུང་རྩེ་གཏོད་ས་ལབ་ནའང་འདྲ། ཁ་ཕྱོགས་ས་ལབ་ནའང་འདྲ། རྒྱ་ནག་གཞུང་དང་ལྷན་དུ་རྩོད་གླེང་དང་། བཤད་གླེང་། གྲོས་གླེང་བྱེད་དགོས་ལ། ཅི་སྟེ་དྲག་པོའི་ལམ་ནས་རང་བཙན་རྩོད་པའི་དབང་དུ་བཏང་ནའང་། ད་ལྟའི་རྒྱ་ནག་གཞུང་དང་དམག་རྒྱག་དགོས་པ་ཞིག་ཆགས་ཡོད། དེ་ལ་ཡིད་ཆེས་དང་རེ་བའི་སྐད་ཆ་ཡོད་པ་མ་རེད། རེ་བ་བཟང་ས་ནས་བརྒྱབ་སྟེ་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པ་རེད། ད་ལྟ་ང་ཚོས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་དང་ཞི་མོལ་ཡོང་ཐབས་བྱེད་བཞིན་པའང་མདོར་ན། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་འབད་བཞིན་པ་རེད། གྲོས་མོལ་ནི་གཉིས་ཀར་འབབ་སྟེགས་ཤིག་མེད་པར་ཡོང་ཐབས་མེད་པ་རེད། དེ་ལ་དོན་སྙིང་ཡོད་མེད་ཤེས་འདོད་ན། རྒྱ་ནག་གི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ཐོབ་དབང་ནས་ཆོལ་གསུམ་གཅིག་སྒྲིལ་བར་རིམ་པས་ལྟོས་དང་། དེ་ནས་ཆུ་ཕྱེད་ཀ་བརྒལ་ན་ཧ་ཕྱེད་ཀ་གོ་གི་རེད། གཞན་ཞར་མཆོང་དང་གླེན་བཤད་བྱས་པས་གར་ཡང་སླེབས་མི་ཐུབ།
དྲི་བ་ལྔ་པའི་ལན།
རང་ལུས་མེར་སྲེག་གི་ལས་འགུལ་ནི་རྒྱ་ནག་གཞུང་གིས་བོད་འཛིན་སྐྱོང་བྱེད་པའི་ད་ལྟའི་གནས་སྟངས་འདི་ལ་ཨ་ཆད་ཨུ་ཐུག་པའི་ངོ་རྒོལ་ལས་འགུལ་ཞིག་རེད། དེའི་དོན་ནི། བོད་གཞིས་ལུས་རྒྱ་ཆེའི་མང་ཚོགས་ད་ལྟའི་རྒྱ་ནག་གི་སྟངས་འཛིན་སྲིད་བྱུས་ལ་ཨུ་ཐུག་ནས་ལས་འགུལ་དེ་སྤེལ་བར་གོ་དགོས་པ་ལས་གཞན་གྱི་དོན་དག་ཅིག་མེད། དེ་བཞིན། ཕྱི་ལོ་ 1987 ལོར་ཨ་རིའི་གྲོས་ཚོགས་སུ་གནང་བའི་ཞི་བའི་གྲོས་འཆར་དོན་ཚན་ལྔ། 1988 ལོའི་ཧྥ་རན་སའི་སི་ཊ་སི་སྦག་ཏུ་ཡུ་རོབ་གྲོས་ཚོགས་ལ་གནང་བའི་གསུང་བཤད། 2008 ལོའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་རྒྱབ་ལྗོངས་གནས་ཚུལ་དང་བར་སྐབས་ཀྱི་འགྱུར་བ་དང་བཅས་པ་ཤེས་རྟོགས་ཡོད་པ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་ནི་ཨ་ཆད་ཨུ་ལ་ཐུག་ནས་བཏོན་པ་ཞིག་མིན་པའི་ཕྱི་ནང་ཤེས་པ་ཡིན། འདིའི་སྐོར་གཤམ་ནས་རིམ་པས་གསལ་བར་འགྱུར་བ་ཡིན།
ལར་ནས། བོད་ཕྱི་ནང་གི་བསམ་ཡོད་དང་མཁྱེན་ཡོན་ཡོད་པ། གོ་རྟོགས་ཡོད་པ། སྤྱི་པའི་བསམ་བློ་ཡོད་མཁན་བརྒྱ་ཆ་བརྒྱ་ཡིས་དབུ་མའི་ལམ་གྱི་སྲིད་བྱུས་འདིར་རྒྱབ་སྐྱོར་དང་རེ་བ་ཆེན་པོ་བྱེད་བཞིན་ཡོད། 1988 ལོའི་དམིགས་བསལ་ཚོགས་ཆེན་ཐོག་དབུ་མའི་ལམ་ལ་སྤྱི་མོས་གྲོས་ཆོད་བཞག་པ། 1998 ལོའི་ཟླ་ 7 ཚེས་ 18 ཉིན་མོར་སྤྱི་འཐུས་ལྷན་ཚོགས་ནས་སྲིད་བྱུས་སུ་སྤྱི་མོས་ཐག་གཅོད་བྱས་པ། ཕྱི་ལོ་ 2008 ལོའི་དམིགས་བསལ་ཚོགས་ཆེན་སྐབས་མུ་མཐུད་དབུ་མའི་ལམ་རྒྱུན་འཁྱོངས་བྱ་རྒྱུར་མང་མོས་བྱུང་བ། 2010 ལོར་སྐུ་དབང་རྩིས་སྤྲོད་ཀྱི་བཀའ་སློབ་ལྕི་ནན་ཕེབས་སྐབས་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོས་བཞག་སྟེ་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ཡོད་པ་བཅས་ཀྱི་བརྒྱུད་རིམ་འདི་དག་ནི་བོད་མི་མང་གིས་སྲིད་བྱུས་འདིར་ངོས་འཛིན་བྱེད་སྟངས་དེ་རེད།
དྲི་བ་དྲུག་པའི་ལན།
བོད་རྒྱ་གཉིས་སྨན་ཡིན་པ། ཆོལ་གསུམ་གཅིག་སྒྲིལ་ཡིན་པ། མིང་དོན་མཚུངས་པའི་རང་སྐྱོང་ཡིན་པ་བཅས་ཡིན་ན། ཁྱིམ་ཚང་གཅིག་གི་གནད་དོན་རེད་ཟེར་བ་འདི་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཟེར་བ་གཉིས་བཤད་སྟངས་གཅིག་པ་རེད། མདོར་དེད་ན། རྒྱ་ནག་གཞུང་གིོས་བཤད་དང་ཤོད་བཞིན་པ་དེར་རྒྱབ་སྐྱོར་རེད་འདུག བོད་མི་བསམ་ཡོད། རང་ཚུགས་ཡོད་མཁན། དངུལ་དངོས་ཀྱི་ཁེ་ཕན་ཙམ་ལ་རང་གཤིས་བརྗེ་མཁན་མིན་པ་སུ་གང་གིས་ཀྱང་དབུ་མའི་ལམ་ནས་བོད་ཀྱི་རྩ་དོན་སྒྲུབ་པ་ནི་ཁྱིམ་ཚང་སྒེར་བ་ཞིག་གི་བདེ་བ་སྡུག་བསྔལ་གྱི་དོན་དག་ཏུ་ངོས་འཛིན་བྱེད་མཁན་ཡོད་པ་མ་རེད་ལ། ཡོང་སྲིད་ཀྱིའང་མ་རེད།
༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ས་ཡ་དྲུག་གི་ཐོབ་ཐང་དང་། རང་དབང་། བདེ་སྐྱིད་བཅས་ཁོ་ནའི་ཆེད་དུ་ལས་དོན་སྒྲུབ་བཞིན་ཡོད་པ་ནི་ཕྱི་ལོ་ 1959 ལོར་བཙན་བྱོལ་བ་ཆགས་པ་ནས་ད་བར་གྱི་དགོངས་པ་བཞེས་སྟངས། ཕྱག་ལས་གནང་སྟངས་དང་བཅས་པ་བསྐལ་པ་མ་སྟོང་གི་བར་དུ་ཉན་རྒྱུ། བལྟ་རྒྱུ། ཀློག་རྒྱུ་བཅས་སུ་གསལ་ཞིང་གསལ་བ་ཡོད་པ་ཡིན་སྟབས། དེ་ལ་ཁྱོད་དང་ཁྱོད་ཚོས་སེམས་ཚེགས་བྱེད་དགོས་པ་མ་རེད། ༸གོང་ས་མཆོག་གིས། ཇི་སྲིད་རིང་བོད་མི་མང་གིས་སོ་སོའི་ལུང་པའི་ནང་རང་དབང་ལ་ལོངས་སུ་སྤྱོད་ཐུབ་པ་མ་བྱུང་བ་དེ་སྲིད་དུ་ངོས་རང་བོད་དུ་ལོག་ན་མི་འགྲིག་པར་བསམ་གྱི་ཡོད། ཅེས་རང་རྣམ་ FREEDOM IN EXIL ནང་གསུང་ཡོད་པ་དེ་ཙམ་ནི་ཁྱོད་དང་ཁྱོད་ཚོས་ཤེས་ཀྱི་ཡོད་ཤག གང་ལྟར། རྐང་བཙུགས་ནས་ལོག་བཤད་དང་འཁྱོག་བཤད་བྱེད་སྟངས་འདི་རིགས་ནི། བོད་མི་རིགས་དང་བཅས་པར་ཤ་ཞེན་གྱི་བྱེད་སྟངས་ནི་མ་རེད། འདི་ལྟར་བྱས་ནས་རང་ཁ་གསོ་དགོས་པ་ཡིན་ན། དེ་ནི་ཐབས་རྡུགས་པ་ཞིག་ཏུ་མཐོང་། མ་གཞི་ནས། དབུ་མའི་ལམ་གྱི་སྲིད་བྱུས་དང་བཅས་པའི་འབབ་སྟེགས་བོད་རྒྱ་ཞི་མོལ་བར་བསམ་གཞིགས་བྱས་པས། དེའི་ནང་ན་བོད་མི་ས་ཡ་དྲུག་གི་རྩ་དོན་གང་ཡང་མེད་པར། ཁྱིམ་ཚང་སྒེར་བ་ཞིག་གི་སྐོར་རྩལ་འདོན་བྱས་ཡོད་པ་ཞིག་ཁྱོད་དང་ཁྱོད་ཚོར་སྟོན་རྒྱུ་ཡོད་དམ།
དྲི་བ་བདུན་པའི་ལན།
དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྟ་ལམ་བོང་བུས་བཀག་ནས་བོད་རྒྱལ་ཁབ་བསྐྱར་གསོའི་ལས་དོན་འཐུས་ཤོར་བཏང་ཡོད་ཟེར། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མང་གཙོའི་སྤྱི་ཚོགས་ཡིན་པ་བརྗེད་མེད་ཤག ལྟ་གྲུབ་དང་ལངས་ཕྱོགས་སྣ་ཚོགས་ཡོད་པ་མང་གཙོའི་སྤྱི་ཚོགས་ཀྱི་མཛེས་རྒྱན་ཞིག་ཡིན་པ་བཞིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གཉིས་པ། གཞི་རྩའི་ཐོབ་ཐང་དང༌། ལས་འགན། ཞེས་པའི་ནང་། གཏམ་བརྗོད་དང་འདུ་འཛོམས་སོགས་ཀྱི་རང་དབང་གི་ས་ཁོད་ཧ་ཅང་ཡངས་པོ་བཀོད་ཡོད། སོ་སོས་ཅི་ཡང་མ་སྒྲུབ་ཅི་ཡང་མ་འགྲུབ་པའི་ལེ་ཁག་ཡོད་ཚད་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་འགོག་རྐྱེན་བྱས་པ་ལྟ་བུར་ཤོད་ཀྱི་ཡོད་ཀྱང་། དོན་ལ། རྟ་ཕོར་རྒྱུག་རྩལ་མེད་ནས་ཁྱོད་ཚོའི་བྱང་ལམ་སྟོང་པར་ལྷག་འདུག་ན། རྒྱུག་མཁན་ཡོད་ན་རྒྱུག་སྟེ། ཁྲོམ་ཐོག་ཆོད་པའི་སྐད་གྲགས་བཞག་དགོས་རེད་ད།
དྲི་བ་བརྒྱད་པའི་ལན།
རང་བཙན་ནི་ཁ་ནས་ཤོད་པ་ཙམ་གྱིས་མི་ཡོང་བར། ལོ་རྒྱུས་ཀྱི་གལ་གནད་ཤེས་དགོས་པ་ཧ་ཅང་གལ་ཆེ། དེ་གལ་ཆེ་བའི་རྒྱུ་མཚན་ནི། དཔེར་ན། བོད་ཞི་བའི་བཅིངས་འགྲོལ་ཟེར་བ་གླེང་བའི་དབང་དུ་བཏང་ན། དེའི་མགོ་འཛུགས་ནི་རང་བཙན་ནས་གླེང་སྟེ་ཡོང་དགོས། འདི་འདྲའི་གནད་འགག་མང་པོ་ཡོད་པ་རེད། དེར་བརྟེན། རང་བཙན་གྱི་འཐབ་རྩོད་བྱེད་པའི་རྨང་གཞི་ནི་རང་བཙན་གྱི་ལོ་རྒྱུས་ཤེས་དགོས་པ་དེ་ཡིན། ད་ལྟ་ང་ཚོས་གླེང་བཞིན་པའི་དབུ་མའི་ལམ་གྱི་ཟུར་སྣེ་གཅིག་ནི་རང་བཙན་ཆགས་ཡོད། རང་བཙན་གླེང་མཁན་ཚོས་དེའི་དངོས་ཡོད་བདེན་པའི་བཞིན་རས་གསལ་པོ་ཞིག་བཤད་ཐུབ་པའི་འགན་དེ་ངེས་པར་ཐེག་དགོས་པ་རེད། ད་དུང་ཁ་གསལ་དུ་བཏང་ནས་བཤད་ན། རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་འཛིན་མཁན་ཚོས་ཅི་ཙམ་གྱིས་རང་བཙན་གྱི་ལོ་རྒྱུས་ཁུངས་སྐྱེལ་དང་ཞིབ་འཇུག་བྱས་ཏེ། རྒྱལ་སྤྱི་དང་རྒྱ་ནག་ལ་ར་སྤྲོད་གསལ་པོ་བྱེད་ཐུབ་པ་ཡིན་ན། དེ་ནི་རང་བཞིན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་གཟི་བརྗིད་ཀྱང་ཆགས་ཡོད། རྒྱུ་མཚན་འདི་འདྲ་ཡིན་བརྟེན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་རང་བཙན་གྱི་ལྟ་བ་དང་ལངས་ཕྱོགས་འཛིན་མཁན་ཚོར། “བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་གནས་ཚུལ་དེ་ཚོ་བསྡུ་རུབ་དང་། གསར་པ་དེ་ཚོ་འཚོལ་དགོས། དེ་ཚོ་འཛམ་བུ་གླིང་དང་། རྒྱ་མི་ཚོར་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དེ་བྱེད་མ་ཐུབ་ན། དབུ་མའི་ལམ་དེ་སྤྲང་པོས་ལྟོ་སློང་པ་ནང་བཞིན་བྱེད་ཀྱི་རེད། དེ་ལ་གཏིང་གི་གཟི་བརྗིད་དེ་ཡོང་གི་མ་རེད། བོད་པ་ཚོས་རང་བཙན་ཐོག་ཉམས་ཞིབ་དང་ཁྱབ་བསྒྲགས་བྱེད་པ་གལ་ཆེན་པོ་རེད།” ཅེས་རང་བཙན་འཐབ་རྩོད་པ་རྒན་འཇམ་དབྱངས་ནོར་བུ་ལགས་བརྒྱུད་སྒྲུབ་དགོས་ངེས་ཀྱི་ལས་འགན་ངོ་སྤྲོད་གནང་ཡོད། དངོས་ཡོད་གནས་སྟངས་དང་གནད་འགག་ནི་འདི་ལྟར་རེད། རྒྱལ་སྤྱིའི་གནས་སྟངས་ལ་མཚོན་ནའང་། ད་ལྟའི་ཆར་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདི་རྒྱལ་སྤྱིའི་རྒྱབ་སྐྱོར་འགུག་ཤུགས་གཙོ་བོ་ཆགས་ཡོད་པ་ལས། དབུ་མའི་ལམ་འདིས་རྒྱལ་སྤྱིའི་སྟོབས་ཤུགས་རྒྱང་དུ་དེད་པའི་གནས་སྟངས་ཆགས་ཡོད་པ་མ་རེད། རྒྱལ་སྤྱིའི་གནས་སྟངས་མི་ཤེས་པ་ལ་ལེ་འདེད་མེད་དེ། བྱུང་རྒྱལ་དུ་སྨྲ་བ་ནི་ཉུང་ན་མཛེས་པ་ཡིན།
དྲི་བ་དགུ་པའི་ལན།
དུས་ཚོད་འདི་འདྲ་ཞིག་ལ། ཁྱེད་རང་གིས་བོད་མི་མང་བློས་བཏང་བ་ཡིན་ན། ངས་བོད་ཀྱི་ལོ་རྒྱུས་ལ་འགན་བླངས་པ་ཡིན། བོད་ཀྱི་རྩ་དོན་ལ་ཁུར་བླངས་པ་ཡིན་ན། ཟེར་ན། སྐད་ཆ་དེ་སུའི་སྣང་བར་འགྲོ་གི་རེད་ཅེས་ཟེར། ལོག་བཤད་རང་རེད།
འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ནས་འཛམ་གླིང་སྐྱེ་བོ་དུང་ཕྱུར་བདུན་ཅུ་ཐམ་པར་ཕན་བདེ་སྒྲུབ་པ། ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་བར་གྱི་མཐུན་སྒྲིལ་གོང་མཐོར་གཏོང་བ། བོད་མི་ཞིག་ཡིན་པའི་ཆ་ནས་བོད་མི་ས་ཡ་དྲུག་གི་རྩ་དོན་སྒྲུབ་པ། རྒྱ་གར་ནང་གནའ་བོའི་རིག་གཞུང་གི་སླར་གསོ་བྱེད་པ་བཅས་ནི་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་རེད། ད་ཤེས་ཨེ་སོང་།
དྲི་བ་བཅུ་པའི་ལན།
ལྟོ་གོས་གཏམ་གསུམ་ཚང་མར་གྱོང་བཏང་ནས་བོད་དོན་འཐབ་རྩོད་ལ་ངར་ཤུགས་ཅན། གཏོང་ཕོད་ཅན། སྙིང་སྟོབས་ཅན་ཚོའི་མངོན་འདོད་ནི། བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པ་མི་ཉམས་ཡུན་གནས་ཡོང་བ་ལས་ལོགས་པ་ཞིག་ནི་ཡིན་མི་སྲིད་པ་རེད། ད་ལྟའི་དབུ་མའི་ལམ་ནི། གོང་གི་དྲི་བ་ལྔ་པའི་ལན་འདེབས་ལ་ལྟོས་དང་། དེར་གསལ་ཞིབ་བཀོད་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་མང་ཚོགས་རང་བཞིན་དང་མང་གཙོའི་རང་བཞིན་གྱིས་གཏན་འབེབས་དང་རྒྱུན་བསྲིངས་གནང་དང་གནང་བཞིན་གནང་འགྱུར་བཅས་ཤིག་ཆགས་ཡོད། མང་གཙོའི་ལམ་ལུགས་ནས་བྱུང་བའི་སྲིད་བྱུས་ཤིག་ཡིན་སྟབས། ད་ལྟའི་ཆར་འདི་དང་འགྲན་བཟོད་འཕེར་བའི་སྲིད་བྱུས་གཞན་ཞིག་མེད། མ་འོངས་པ་ན་ཡོང་མི་ཆོག་པ་མ་རེད། འདིར་ནན་བརྗོད་བྱ་རྒྱུ་གཅིག་ལ། ད་ལྟ་རང་བཙན་ཁ་ལ་འཁྱེར་ནས་སྤྱི་ཚོགས་ནང་ལ་མདུང་རྩེ་བསྐོར་མཁན་ཚོས་དབུ་མའི་ལམ་ནི་༸གོང་ས་མཆོག་གིས་བརྒྱ་ཁ་གཅིག་གཅོད་གནང་བ་ལྟ་བུར་གོ་བ་ལོག་སྒྲུབ་བྱེད་སྟངས་དེར་བདེན་པ་རྩ་བ་ནས་མེད། བོད་ཀྱི་རྩ་དོན་སྒྲུབ་པ་དང་སྤྱི་ཚོགས་ལ་འགན་འཁྱེར་མཁན་ལས་ལོགས་སུ་བུད་པའི་མཚོན་རྟགས་གསལ་ཤོས་གཅིག་ནི་གོ་བ་ལོག་སྒྲུབ་བྱེད་པ་དེ་རེད། དེ་འདྲ་གནང་ནས་བོད་སྤྱི་པའི་རྩ་དོན་ལ་གནོད་འགལ་བྱེད་པ་ནི་སྤྱི་དོན་ལ་ཤ་ཞེན་ཅན་དུ་ངོས་འཛིན་ཡོང་ཐབས་ཡོད་པ་མ་རེད།
དྲི་བ་བཅུ་གཅིག་པའི་ལན།
དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་བོད་ཀྱི་སྤྱི་ཚོགས་དུམ་བུར་བཏང་ཡོད་ཟེར་བ་ནི་ཟེར་རྒྱུས་ཕོངས་པའི་སྐད་ཆ་རེད། བོད་རང་བཙན་ནི་བོད་རྒྱ་ཆེའི་མི་མང་ལ་ལོ་རྒྱུས་ཀྱིས་གནང་བའི་ཐོབ་ཐང་རེད། དེ་ལ་རྩོད་པ་ཡོད་པ་མ་རེད། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་སྟབས་སུ་གང་གིས་འགྱུར་བ་གཏོང་ས་ཡོད་པ་མ་རེད། གོང་ནས་ཡང་ཡང་བཤད་པ་བཞིན། དབུ་མའི་ལམ་གྱི་ཟུར་སྣེ་གཅིག་དེ་བོད་རང་བཙན་ཆགས་ཡོད། རྒྱ་ནག་གི་རྩ་ཁྲིམས་སོགས་སུ་རང་སྐྱོང་གི་ཆ་རྐྱེན་གང་ཡོད་པ་ཆ་ཚང་ཡོང་བ། བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་པ། དེ་སྒྲུབ་ཐབས་འཚེ་མེད་ཞི་བ་འབའ་ཞིག་ལ་བསྟེན་པ་བཅས་ནི་དབུ་མའི་ལམ་གྱི་སྒྲུབ་བྱ་དེ་རེད། དངོས་ཡོད་གནས་ཚུལ་དང་བསྟུན་པའི་ཐབས་ལམ་དང་། འཚོལ་སྙེགས་ཀྱི་ངོས་ནས་བལྟས་ན། དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་དུས་སྐབས་དང་གནས་སྟངས་གཉིས་ཀར་འཚམ་ཤོས་ཆགས་ཡོད། ད་ལྟ་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་ལས་སྐྱོབ་དགོས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལས་གཞན་ཞིག་མེད་པ་གོང་ནས་ལན་དུ་མར་བཤད་ཟིན། མདོ་དོན། དབུ་མའི་ལམ་གྱི་སྲིད་བྱུས་བཟུང་བ་ལ་བརྟེན་ནས། བོད་པའི་སྤྱི་ཚོགས་དུམ་བུ་གཉིས་སུ་གྱེས་ཡོད་པར་བཤད་པ་དེ་ཡང་ལོག་བཤད་རེད། དེ་འདྲ་ཞིག་གཏན་ནས་ཆགས་ཡོད་པ་མ་རེད། རང་བཙན་ཁ་ལ་འཁྱེར་ནས་སྤྱི་བའི་རྩ་དོན་ལ་གནོད་འགལ་བྱེད་མཁན་ཚོར་སྤྱི་ཚོགས་ཀྱིས་ངོས་ལེན་བྱེད་ཀྱི་མེད་པ་ལ་བརྟེན་ནས། དེ་དག་ལ་ཚོར་སྣང་དེ་འདྲ་ཡོང་གི་ཡོད་ན་ལས། ཡང་ན། ཡིག་རྨོངས་པ་ཤས་ཆེ་བའི་ཁོར་ཡུག་ནང་ཚོར་སྣང་དེ་འདྲ་བསྐྲུན་ཐུབ་ན་ལས། གཞན་སྤྱི་ཚོགས་བྱིངས་ཀྱིས་ནི་དབུ་མའི་ལམ་འདི་མུ་མཐུད་ནས་རྒྱུན་བསྲིངས་ཡོང་བར་མང་གཙོའི་རང་བཞིན་གྱི་རྒྱབ་སྐྱོར་དང་མཇུག་གནོན་རྒྱུན་བསྲིངས་བྱས་དང་བྱེད་བཞིན་པ་རེད།
བཅུ་གཉིས་པའི་ལན།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ལ་ཕན་པའི་ཕན་རབས་དང་བོད་ལ་ཕན་པའི་ཕན་རབས། རྒྱ་ནག་ལ་ཕན་ཐོགས་སྒྲུབ་རྒྱུའི་འགན་དེ་སུས་སྤྲད་སོང་ཟེར། དབུ་མའི་ལམ་གྱི་སྐོར་གོང་གསལ་ཚན་པ་དག་ཏུ་སྐྱར་ནན་གྱིས་བཤད་ཚར། ད་ནི་གོ་བ་ཨེན་ཙམ་ཆགས་ཡོད་ངེས། གཏིང་ཟབ་པ་ནི་བཤད་ཀྱང་ཁྱོད་དང་ཁྱོད་ལྟ་བུས་གོ་གི་མ་རེད། ཚིག་གཅིག་གིས་བཤད་ན། ལོ་རྒྱུས་ཀྱི་བདེན་དོན་རང་བཞིན་གཞི་ལ་བཞག་པའི་རང་བཙན་ནི་ལོ་རྒྱུས་ཀྱི་ངོས་ན་གསལ་བ་དེ་རེད། དེ་ནི་ད་ལྟ་ལོ་རྒྱུས་ཆགས་ཚར་བ་རེད། དེ་ཡང་ང་ཚོས་ངེས་པར་རྩོད་ཆོག་གི་རེད་ལ་གླེང་དགོས་པ་ཅིས་ཀྱང་གལ་ཆེན་པོ་རེད། ད་ཆ་ང་ཚོས་བོད་མི་ས་ཡ་དྲུག་དང་བོད་ཀྱི་ས་ཁྱོན་ཡོངས་རྫོགས་འཛིན་སྐྱོང་གཅིག་ཏུ་གནས་པ་ཞིག་འབད་བརྩོན་བྱེད་ཀྱིན་ཡོད་པ་རེད། བོད་འདི་རྒྱ་ནག་ལས་ཁ་བྲལ་དུ་འགྲོ་མི་དགོས་པ་དེ་རྒྱ་ནག་གི་ཁེ་ཕན་རེད། བོད་འདི་ད་ལྟའི་རང་དབང་མེད་པའི་གནས་སྟངས་འོག་མུ་མཐུད་གནས་མི་དགོས་པ་དེ་བོད་ཀྱི་ཁེ་ཕན་རེད། འདི་ནི་སུ་གང་གིས་ང་ཚོར་བཙན་འགེལ་བྱས་པ་མ་རེད། བོད་རྒྱ་ཆེའི་མི་མང་གིས་ཡང་ཡང་གོ་བསྡུར་སྦྱང་བཤད་བྱས་ཤིང་མང་གཙོའི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་རེད།
བཅུ་གསུམ་པའི་ལན།
དབུ་མའི་ལམ་གྱི་སྲིད་བྱུས་འདིས། ལོ་རྒྱུས་སུ་གསལ་བའི་རང་བཙན་རྩོད་ཀྱི་མེད་པ་དང་། ད་ལྟའི་བོད་ནང་གི་གནས་བབ་ངོས་ལེན་བྱེད་ཀྱི་མེད། མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་བཏོན་ནས། སྐད་ཡིག ལེགས་བྱང་། ཆོས་ལུགས། ཤེས་ཡོན། ཁོར་ཡུག རང་བྱུང་ཐོན་ཁུངས། དཔལ་འབྱོར། འཕྲོད་བསྟེན། མང་ཚོགས་ཀྱི་བདེ་འཇགས། ཕྱི་མི་དོ་དམ། ཕྱི་འབྲེལ་བཅས་མངོན་འདོད་བཅུ་གཅིག་སྒྲུབ་རྒྱུ་གཙོ་འདོན་གནང་གི་ཡོད། འདི་ནི་ཡོད་ཚད་བློས་བཏང་བའི་ཐག་གཅོད་ཅིག་མ་རེད། འདི་ནི་ཡོད་ཚད་ལ་འགན་འཁུར་སྟངས་ཤིག་རེད། བོད་མི་མང་གིས་མང་གཙོའི་ལམ་ནས་གཏན་ལ་ཕབ་དོན་ཡང་འདི་རེད། ཧོང་ཀོང་གི་གནད་དོན་ནི་ད་ལྟ་འགྱུར་བ་གསར་པ་ཞིག་གི་སྒང་ལ་སླེབས་ཡོད་པ་དེ་དངོས་ཡོད་རེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དང་ཧོང་ཀོང་གི་གནད་དོན་གཉིས་བསྡུར་སྟངས་ནི་དེ་འདྲ་མ་རེད། ཧོང་ཀོང་གི་གནད་དོན་ནི་འཛིན་སྐྱོང་ཁོ་ན་ཞིག་ཆགས་ཀྱི་ཡོད་པ་རེད། དེར་མི་རིགས་དང་སྐད་ཡིག རིག་གཞུང་སོགས་ཀྱི་གནད་དོན་ཡོད་པ་མ་རེད། གནད་དོན་དང་གནད་དོན་བསྡུར་ནས་བལྟ་ཤེས་དགོས་པ་ལས། མང་ཚོགས་ནང་ལ་ཟིང་སློང་ཐབས་ཁོ་ན་ལ་འབད་པས་གར་ཡང་སླེབས་ཀྱི་མ་རེད།
བཅུ་བཞི་པའི་ལན།
དབུ་མའི་ལམ་ནི་རྒྱ་གུང་ཁྲན་གྱིས་བཏོན་པ་ཞིག་མ་རེད། དེ་ནི་བོད་མི་མང་གིས་མང་གཙོའི་ལམ་ནས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་བརྟེན། ཕྱེད་རང་བཙན་གྱི་སྲིད་བྱུས་ཤིག་རེད་ཅེས་རྒྱ་ནག་གཞུང་འདྲོགས་ཤིང་ལག་པ་འཆང་མི་ཕོད་པ་ ཆགས་ཡོད་པ་རེད། འདི་ནི་ལོ་རྒྱུས་ལ་འགན་མ་ཁུར་བ་མ་རེད། བོད་མི་མང་ལ་ནུས་པ་མེད་སོང་བས་མ་རེད། རྒྱ་གར་གྱི་ནང་བའི་རིག་གཞུང་རྩ་འགངས་ཆེ་དང་མི་ཆེ་ནི་རིག་གནས་དེའི་རིན་ཐང་ལ་ལུས་པ་རེད། དེ་སྐོར་ཁྱོད་དང་ཁྱོད་འདྲ་བས་གོ་བ་ལོན་གི་མ་རེད། དེ་བས་བཤད་པ་བསྐྱུངས་པ་ཡིན།
བཅོ་ལྔ་པའི་ལན།
དབུ་མའི་ལམ་ལ་བོད་ཕྱི་ནང་གི་མཁས་པ་དང་ཤེས་ཡོན་པ་མང་པོས་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད། དེ་བཞིན་རྒྱ་རིགས་མཁས་པ་དང་རྩོམ་པ་པོ་མང་པོས་ཀྱང་རྒྱབ་སྐྱོར་བྱས་དང་བྱེད་བཞིན་པ་རེད། དེ་ལ་འགོག་ཐབས་ཡོད་པ་རེད། དེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འདྲེན་ཤུགས་རེད། ཡང་། རྒྱུ་མཚན་ཉི་ཚེ་བ་དེ་འདྲ་བགྲངས་ནས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་གྱི་བོད་རིགས་ཙམ་མ་ཟད་། རྒྱ་རིགས་དེ་འདྲ་ཡང་ཡོང་གི་རེད། ཡོང་ཆོག་གིའང་རེད། དེ་ཡང་ཆོས་ཉིད་ཅིག་རེད། དེ་ལ་ཧ་ལས་དགོས་པ་ཅི་ཡང་མེད་པ་རེད། དབུ་མའི་ལམ་གྱི་ལེགས་ཉེས་ཅི་ཙམ་གླེང་སློང་བྱེད་ཀྱི་ཡོད་པ་དེ་དང་དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་འདིའི་ཤུགས་རྐྱེན་དུ་ངོ་འཕྲོད་པ་ཡིན་ན་རྩོད་པ་མེད་པ་རེད།
བཅུ་དྲུག་པའི་ལན།
བོད་ཀྱི་མང་གཙོ་ནི་༸གོང་ས་སྐྱབས་མགོན་ཆེན་པོས་བླ་ནས་གནང་བ་ཞིག་ཆགས་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མི་མང་གིོས་མང་གཙོའི་ལམ་ནས་གཏན་ལ་ཕབ་པ་ཞིག་དང་། ཡང་ནས་སྐྱར་དུ་མང་གཙོའི་ལམ་ནས་མཇུག་སྐྱོང་གི་གཏིང་སྣོན་བྱས་དང་བྱེད་བཞིན་པའི་སྲིད་བྱུས་ཤིག་ཆགས་ཡོད། ༸གོང་ས་རྒྱལ་བ་རིན་པོ་ཆེས་བླ་ནས་གནང་བའི་མང་གཙོའི་མཐའ་སྣེ་ནི་ཁོང་གིས་ཨུ་ཚུགས་བསྐྱོན་གནང་སྟེ་སྐུ་དབང་མང་ཚོགས་ལ་རྩིས་སྤྲོད་གནང་བ་དེ་རེད། མང་གཙོའི་ལམ་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་མཐའ་སྣེའི་འབབ་སྟེགས་ནི་བོད་རྒྱ་ཞི་མོལ་རེད། དོན་དངོས་ལ་ཕྱོགས་པར་འདོད་ན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིབ་ཀྱིས་ཀློག་རོགས། དེ་ནས་ཁྱོད་དང་ཁྱོད་ཚོས་རྨོངས་སེལ་གྱི་འོད་སྣང་ཞིག་མཐོང་གི་རེད།
བཅུ་བདུན་པའི་ལན།
བཙན་བྱོལ་བོད་ཀྱི་མང་གཙོ་ནི་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དབུ་བརྙེས་ཤིང་། ཁོང་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རིམ་པས་འཕེལ་རྒྱས་བྱུང་བ་རེད། འདི་ལོ་རྒྱུས་རེད། འཕེལ་རིམ་རེད། གནད་འདི་མི་ཤེས་པ་ཁྱོད་དང་ཁྱོད་ལྟ་བུ་ཚོས་ད་གཟོད་མང་གཙོ་དང་༸རྒྱལ་བ་རིན་པོ་ཆེ་གཉིས་མཚུངས་བསྡུར་བྱེད་ཀྱི་ཡོད་པ་རེད། རྦད་དེ་ནོར་བ་རེད། ཁྱོད་དང་ཁྱོད་ཚོས་འབད་བཞིན་པ་ནི། དབུ་མའི་ལམ་འདི་༸གོང་ས་རྒྱལ་བ་རིན་པོ་ཆེས་བརྒྱ་ཁ་གཅིག་གཅོད་ལྟ་བུ་གནང་བར་ལོག་སྒྲུབ་བྱེད་འདོད་པ་དེ་རེད། འོན་ཏེ། དེ་ནི་ཁྱོད་དང་ཁྱོད་ཚོའི་ཞེ་འདོད་ཙམ་ལས་དེར་བོད་རྒྱ་ཆེའི་མི་མང་གིས་ལོ་ངོ་བཅུ་ཕྲག་མང་པོའི་སྔོན་ནས་མང་གཙོའི་ལམ་ནས་གཏན་འབེབས་ཀྱི་ཐམ་ག་བརྒྱབ་ཟིན་པ་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་སུ་གོང་བཀུར་ཞུས་དང་ཞུ་བཞིན་པ་འདི་ཉི་ཤར་སྤར་མོས་མི་ཁེབས་པའི་ཚུལ་དུ་ཡོད་པར་སྙིང་མི་དགའ་བར་བྱེད་པ་ནི་ཇི་འདྲའི་སྙིང་རྗེ་བའི་ཡུལ་རེད་ཨང་། ཕྱི་ལོ་ 2020 ཟླ་ 8 ཚེས་ 2 ལ།
་་་་་་་་་་་་་་ སེར་སྨད་བློ་དགའ་འམ་དྲ་མིང་ལ་ཉག་རོང་བཙན་པོ་ཟེར་བ་ཞིག་གིས་བོད་གཞུང་མང་ལ་ཕུལ་བའི་དྲི་བ་བཅུ་བདུན་ཟེར་བ་ཞིག་སྤེལ་འདུག་ཟེར་ནས་རོགས་པ་ཞིག་གིས་བསྐུར་སོང་བའི་ཡི་གེ་གསལ་ལ་མི་གསལ་བ་དེ་བཀླགས་པ་ཡིན། དེ་ནི་འཁྱོག་བཤད་དང་ལོག་བཤད་བྱེད་པ་གཙོ་བོར་བཟུང་སྟེ། ༸གོང་ས་མཆོག་ལ་ཟུར་ཟ་དང་མཚན་སྨད་ཞུ་བར་འབད་ཡོད་པ་ཞིག་རེད། བློ་དགའ་དང་བློ་དགའ་ཚོའི་ལོག་བཤད་ལ་ཡི་གེའི་སྲང་མདའ་འདི་མངགས་འདོད་བྱུང་། འདི་ནི་བྲེལ་སྟབས་སུ་བྱས་པའི་ཁ་བརྡ་ཙམ་ཡིན། གཏིང་ཟབ་པ་བཤད་ན་ནི་བློ་དགའ་དང་བློ་དགའ་ཚོས་གོ་གི་ཡང་མ་རེད། ་་་་་་་་་་་་་་
་
སེར་སྨད་བློ་དགའ་བློ་མི་དགའ། །
དྲ་མིང་ཉག་རོང་མྱང་རན་ཡོད། །
ལོག་ཏོག་དྲི་བ་བཅུ་བདུན་བཏོན། །
ཟུར་ཟ་མཚན་དམོད་གླེན་རྟགས་ཙམ། །
ཁྱི་ལ་མི་སྐད་བཤད་པ་ཡ་མཚན་རེད། ཁྱི་ངན་འདིའི་རིགས་ཁ་ཡ་མ་ཡིད་ན་བཟང་།