བོད་ལུགས་གསོ་རིག་གི་ནད་ཐོ་འབྲི་ཚུལ་གྱི་རྣམ་བཞག་ཅེས་པ་ལས་བཤུས། (འོས་སྦྱོར་བ་འཚོ་བྱེད་བུ།)
༡། གཙོ་བོའི་ན་ལུགས།___འདིའི་ནང་དུ་མངོན་གསལ་ཅན་གྱི་ན་ལུགས་གཙོ་བོ་དང་གནས་ས། ན་ཡུན་གསུམ་གནད་བསྡུས་ཀྱིས་འབྲི་དགོས་ཏེ། ནད་རྟགས་རྣམས་བརྟག་དཔྱད་བྱས་པའི་འབྲས་བུས་ཚབ་བྱེད་མི་རུང་། ན་ལུགས་གཙོ་བོ་རྣམས་གྲངས་མང་བའི་རིགས་ལ་ནད་ལྡང་བའི་སྔ་ཕྱི་དང་ལྕི་ཡང་གི་འཕོ་འགྱུར་སོགས་གོ་རིམ་ལྟར་དབྱེ་སྟེ་འབྲི་དགོས། འོན་ཀྱང་ཡི་གེ་ཚེག་ཁྱིམ་ལྔ་བཅུའི་ཡན་མ་བརྒལ་བ་བྱ་དགོས།
༢། ད་ལྟའི་ནད་ཀྱི་ལོ་རྒྱུས།___ན་ལུགས་གཙོ་བོའི་ནང་དོན་ལ་གཞིགས་ནས་ནད་ལྡང་བའི་དུས་ཚོད་དང་སློང་རྐྱེན། གནས། ན་ལུགས། ཐོག་མའི་ནད་རྟགས་དང་ནད་རྟགས་གཙོ་བོ། ནད་རྟགས་ཕལ་བ། ནད་གཞིའི་འགྱུར་ལྡོག་བྱུང་ཚུལ། ནད་གཞིར་བརྟག་དཔྱད་ངོས་འཛིན་དང་སྨན་བཅོས་བྱས་པའི་བརྒྱུད་རིམ་རྣམས་གནད་དུ་བཟུང་ནས་གསལ་བོར་འབྲི་དགོས། དེ་ཡང་ཟས་སྤྱོད་དང་བོད་ཕྱི་ལུགས་ཀྱི་སྨན་དཔྱད་ཚུད་པའི་སྨན་སོགས་གང་ཟོས་གང་བྱས་དང་། ཡུལ་དུས་ཀྱི་ཁྱད་པར་གང་ཡོད། སྨན་བཅོས་བྱས་རྗེས་ནད་རྟགས་དང་ལུས་ཕུང་ལ་འགྱུར་ལྡོག་བྱུང་ཚུལ། ནད་པའི་སེམས་ཁམས་དང་། དབང་བོ་རྣམས་ཡུལ་ལྔའི་སྤྱོད་ཚུལ་སོགས་ནད་ཐོར་འགོད་དགོས།
༣། དེ་སྔའི་ལོ་རྒྱུས།__དེ་སྔའི་གསོ་བྱའི་གཟུགས་གཞི་བདེ་ཐང་ཡིན་མིན་གྱི་གནས་ཚུལ་དང་དེ་སྔའི་འགོས་རིམས་ནད་དང་བརྡབས་སྐྱོན། གཤག་བཅོས་བྱས་མྱོང་མིན་སོགས་གསལ་བོར་འབྲི་དགོས།
སྒེར་གྱི་ལོ་རྒྱུས།__ཐོག་མའི་སྐྱེ་ཡུལ་དང་ད་ལྟའི་སྡོད་གནས། སྡོད་གནས་ཀྱི་ས་བབས་ཁོར་ཡུག་དང་ཆ་རྐྱེན། ལས་ཀའི་གནས་ཚུལ། ཟས་སྤྱོད་བཅས་མི་སྒེར་གྱི་འཚོ་བའི་གོམས་འདྲིས་མདོར་བསྡུས་ཤིག་འབྲི་དགོས།
༤། ཁྱིམ་བརྒྱུད་ལོ་རྒྱུས།___ནད་པའི་ཕ་མ་དང་སྤུན་མཆེད་སོགས་ཐད་ཀར་འབྲེལ་བ་ཡོད་པའི་གཉེན་ཉེའི་བདེ་ཐང་གི་གནས་ཚུལ་འབྲི་དགོས་ལ་ལྷག་པར་དུ་རིགས་རྒྱུད་རང་བཞིན་ཅན་དང་འགོས་ཁྱབ་རང་བཞིན་ཅན་གྱི་ནད་ཀྱིས་འཆི་རྐྱེན་སོགས་གསལ་བོར་འབྲི་དགོས།
༥། གཉེན་སྒྲིག་ལོ་རྒྱུས།___གཉེན་སྒྲིག་གི་ལོ་ཚོད་དང་བཟའ་ཟླའི་བདེ་ཐང་གི་གནས་ཚུལ། གསོ་བྱ་བུད་མེད་ཡིན་ན་ཟླ་མཚན་གྱི་ཁ་དོག་དྲི་མ་འབབ་ཚུལ་དང་། མངལ་འཁོར་ཡོད་མེད། བཙའ་སྐབས་གནས་ཚུལ་རྣམས་གསལ་བོར་དགོས་ལ་ཟླ་བོ་དང་ཕྲུ་གུའི་བདེ་ཐང་གི་གནས་ཚུལ་ཡང་འབྲི་དགོས།
དུག་རིགས་ལོ་རྒྱུས།___ ཟས་དང་སྨན་རྫས་སོགས་བསྟེན་ནས་ཞོར་སྐྱོན་ཐེབས་མིན་དང་དུག་རིགས་དངོས་སུ་འཐུང་བའི་གནས་ཚུལ་ཡོད་མེད་སོགས་གསལ་བོར་འབྲི་དགོས།
༦། བལྟ་རེག་གིས་བརྟག་པ།
གོ་རིམ་ངེས་ཅན་གྱི་སྒོ་ནས་མཐོང་བ་ཡུལ་གྱི་རིག་པ་དང་དཔྱོད་པ་དོན་གྱི་རིག་པའི་སྒོ་ནས་བརྟག་དཔྱད་ཕྲ་ཞིང་ཞིབ་པ་བྱེད་དགོས་པ་དེ་ཡང་བོད་ལུགས་གསོ་རིག་གི་མིང་ཚིག་ལ་བརྟེན་ནས་ཉེས་པ་དང་། ལུས་ཟུངས་སྤྱི་དང་བྱེ་བྲག་ཆ་ཤས་དང་བཅས་པ་གང་ཞིག་ལྡང་ཚད་ལས་དམན་ལྷག་ལོག་པའི་མངོན་ཚུལ་དང་། ནད་གཞི་ངོས་འཛིན་བྱེད་རྒྱུར་འབྲེལ་བ་ཡོད་པ་དང་དོན་སྙིང་ལྡན་པའི་རྣམ་པར་གྱུར་བའི་རྟགས་རྣམས་གསལ་བོར་འབྲི་དགོས། གོད་གསལ་གྱི་དོན་རྣམ་ཞིབ་ཏུ་བཀོད་པ་གཤམས་གསལ་ལྟར། ལུས་དྲོད་དང་རྩའི་འཕར་གྲངས། དབུགས་གྲངས ཁྲག་ཤེད། སྤྱིར་བཏང་གི་ནད་བབས། རང་བཞིན་དབྱེ་བ། ཉམས་སྟོབས། ཤེས་པ་དང་སྒྲ་གདངས་གསལ་མིན། གོམ་འགྲོས་དང་བརྟག་དཔྱད་ལ་རམ་འདེགས་ཐུབ་མིན། པགས་མདངས་དང་འཇམ་རྩུབ། མཉེན་གྱོང་། སྐམ་རློན། ཚོར་བ། གཞན་ཡང་པགས་འབྲུམ་དང་། རྣག་སྐྲན། སྨུག་ཐིག སྐྲངས་སྦོས་སོགས་ཡོད་མེད་དང་། ཕྱི་ངོས་ཀྱི་རྨེན་བུ་རྣམས་ཆེར་རྒྱས་ཡོད་མེད་དང་གནོན་ཟུག་ཡོད་མེད། སྲ་མཉེན། འགུལ་ཚུལ། སྐྲ་མདོག སྐྲ་རྫོང་སྲབ་མཐུག ཁོད་སྙོམས་མིན། མགོ་བྱད་བཞིན། མིག སྣ མཆུ སོ་དང་རྙིལ་སོགས་ལ་བལྟ་རེག་གིས་བརྟག་པ། མཇིང་བ་དང་གཉིད་ལོག་རྩེ་ཆུང་། ལྦ་བ་སོགས་ལ་རྣམ་པར་གྱུར་བའི་མངོན་ཚུལ་ཡོད་མེད། བྱང་ཁོག་སྟོད་སྨད་དུ་སྐྲངས་སྦོས་ཆགས་མིན། སྒལ་ཚིགས་དང་ཡན་ལག་བཞི། སེན་མོ་བཅས་དང་འོག་སྒོ་གཉིས་བཤང་བ་དང་རྔུལ། ལུད་པ། སྐྱུག་པ། དེ་བཞིན་དྲི་མ་ཕྲ་མོ་རྣམས་དང་ལྷག་པར་ད་ལྟའི་ནད་དང་འབྲེལ་བ་ཡོད་པ་རྣམས་ལ་བརྟག་དགོས།
༧། ཁྱད་པར་བལྟ་རེག
ལྕེ་ལ་ལྕེ་སྟེང་གི་དྲེགས་པ་དང་སྲབ་མཐུག་དང་ངོ་བོ། སྐམ་རླན། མདོག རྨ་ཐོར། ལྕེ་རྩ་སོགས་ལ་མཐོང་བ་ཡུལ་རིག་གི་སྒོ་ནས་བརྟག་དགོས། ཆུ་ལ་ཆུ་བལྟ་བའི་དུས་གསུམ་དང་བརྟག་ཚུལ་དགུ་བཞིར་བཟུང་ནས་ཚད་དེའི་དུས་སུ་མདོག་རླངས། དྲི་མེ་ཏོག་བཅལ་ལ་བརྟག་དགོས། ངད་ཡལ་དུས་སུ་ཀུ་ཡ་སྤྲིས་མར་བརྟག་པ། གྲང་ནས་ལྡོག་དུས་ལྡོག་ཚུལ། ལོག་རྗེས་བཅས་ལ་མཐོང་བ་ཡུལ་གྱི་རིག་པའི་སྒོ་ནས་བརྟག་དགོས། རྩ་ལ་ཚོན་ཀན་ཆག་གསུམ་འོག་གི་རྩའི་རྒྱུ་བའི་སྟེང་ནས་རྒྱུན་རྩ་དང་དུས་རྩ་ཤེས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནད་སྤྱི་དང་བྱེ་བྲག་གི་རྩའི་དབྱེ་བ་དང་། སྟོད་སྨད་དོན་སྣོད་བླ་རྩ་བཅས་ལ་བརྟག་དགོས་པ་དང་། གཞན་ཡང་བྱིས་པ་རྣ་རྒྱབ་དང་སོར་མོའི་རྩ་རིས་ལ་བརྟག་པ་བཅས་ཞིབ་ཕྲ་འབྲི་དགོས།
༨། གཞོགས་འདེགས་བརྟག་དཔྱད།
ནད་ཁང་དུ་ཉར་སྐབས་བརྟག་དཔྱད་དགོས་པ་དཔེར་ན་རྒྱུན་སྲོལ་ཆེན་པོ་གསུམ་དང་ཁྲག་པྲའི་རིགས། གློག་པར། སྙིང་འཕར་དཔེ་རིས་ལ་བརྟག་དཔྱད་བྱས་པའི་འབྲས་བུ་དང་ཁྱད་པར་དུ་ནད་གཞི་འབྲེལ་བ་ཡོད་པ་བརྟག་རྗེས་ཞིབ་མོར་འབྲི་དགོས།
༩། དཔྱད་ཕྲེང་བསལ་ཐབས།
བརྟག་ཐབས་གསུམ་ལས་བྱུང་བའི་དཔྱད་འབྲས་དང་ནད་གཞི་ངོས་འཛིན་བྱེད་རྒྱུ་ལ་འབྲེལ་བ་ཡོད་པའི་གཞི་འཛིན་སའི་ནང་དོན་རྣམས་གནད་བསྡུས་བྱེད་དགོས་པ་སྟེ། རྒྱུ་རྐྱེན་ཡུལ་དུས་རང་བཞིན་ན་ཚོད་དང་གནས་ས་ཉིན་ཞག་ཟས་ཟོས་གོམས་པ་སོགས་བཅུ་དང་།ནད་ཀྱི་ཞུགས་ཚུལ་མཚན་ཉིད་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་ཏེ་ནད་གཞི་དབྱེ་ཞིབ་ངོས་འཛིན་གྱི་རྒྱུ་མཚན་བརྗོད་དགོས་ངེས་ཀྱི་འཁྲུལ་གཞི་སེལ་བའི་ནང་དོན་རྣམས་འབྲི་དགོས།
༡༠། ནད་གཞི་ངོས་འཛིན།
ཉེས་པ་གཙོ་བོ་རིགས་གནས་བཞིའི་རྨང་གཞི་ཐོག་སོ་སོའི་རྣམ་གྲངས་དང་བརྟག་པ། གཙོ་བོ་སྟོབས་སོགས་ཀྱི་སྒོ་ནས་སྤྱི་བྱེ་བྲག་གི་ནད་ཚུལ་ཕྱེད་པ་ཅི་ཡོད་རྣམས་འབྲི་དགོས། ནད་གཞི་སྤྱི་ལས་བྱེ་བྲག་དགར་བའི་རིགས་ལ་སྤྱིའི་མིང་དང་བྱེ་བྲག་གི་མིང་བྲིས་ཏེ་ཚེག་ཁྱིམ་གཉིས་ཙམ་སྟོང་ཆར་བཞག་སྟེ་འབྲི་དགོས། ཡང་ན་ནད་རིགས་གཉིས་ཡན་ཡོད་པ་ལ་གཙོ་ཕལ་གྱི་གོ་རིམ་དབྱེ་སྟེ་འབྲི་དགོས། གལ་ཏེ་ཕྱི་ལུགས་ཀྱི་ནད་ངོས་འཛིན་པའི་ཐ་སྙད་ཡོད་ན་བོད་ལུགས་གསོ་རིག་གི་ནད་མིང་གཤམ་དུ་བཀོད་དགོས་པ་གཤམ་ལྟར།
སྤྱིའི་ནད།
བྱེ་བྲག
ཕལ་བ།
༡༡། གསོ་ཐབས།
༡༽ གསོ་ཚུལ། དེ་ལ་གཉེན་པོ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་གསོ་ཚུལ་དགུ་ལ་སོགས་པའི་རྩ་དོན་རིགས་གཞིར་བཟུང་སྟེ་གསོ་ཚུལ་གང་དགོས་འབྲི་དགོས།
༢༽ གསོ་ཐབས་དངོས། ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་སྤྱི་བྱེ་བྲག་ཁྱད་པར་བཅས་ཀྱི་གསོ་ཐབས་དངོས་སུ་གང་བསྟེན་རྣམས་གསལ་ཞིང་ཞིབ་མོར་འབྲི་དགོས།
༡༢། ནད་སྐྱོང་མངགས་བྱ།
སྨན་གྱི་བཏང་ཚུལ་བཅུ་ལྟར་སྨན་གྱི་བསྟེན་ཚུལ་དང་ནད་སྐྱོང་གི་རིམ་པ་སོགས་འབྲི་དགོས།
སྨན་པའི་མིང་།
འབུམ་རམས་པ་དང་རམ་འབྱམས་པ། དཀའ་བཅུ་བ། དངོས་སྦྱོང་སྨན་པ་སོགས་ཀྱི་མིང་ཆ་ཚང་འགོད་དགོས།
སྔོན་བྱོན་མེས་སྤོའི་བཞག་པའི་གསོ་རིག་ལ།
སྦྱངས་བརྩོན་ཉམས་ལེན་མི་རབས་གསར་པའི་འགན།
བོད་ཀྱི་གསོ་རིག་བོད་མིའི་བླ་སྲོག་ལ།
ནམ་ཡང་འཐུད་ཤོར་མ་གཏོང་བོད་ཕྲུག་ཚོ།