བློ་བཟང་རིན་ཆེན་གྱིས་བྲིས།
སྔོན་གླེང་།
དེ་རིང་ཞོགས་པར་གཉིད་ལས་སད་མ་ཐག་ཆར་པ་ཤག་ཤག་འབབ་བཞིན་འདུག འོན་ཀྱང་ང་ཚོའི་སྡོད་ཤག་གི་ཡང་སྟེང་དུ། དཔེ་ཆ་བློ་འཛིན་གྱི་སྐད་སྒྲ་ནི་ལྷིང་ལྷིང་དུ་གྲགས་བཞིན་འདུག དེ་ནས་ངས་ཀྱང་སེམས་ཤུག་བསྐྱེད་དེ་ཁོག་སྨད་ཉལ་ཐུལ་གྱིས་དཀྲིས་ཏེ་བློ་འཛིན་བྱས། སྐུ་མདུན་གྱིས་གསུངས་ཆོས་མ་གནང་སྔོན་ལ་ཞོགས་ཇ་འཐུང་ཞིང་། གྲོགས་པོ་ལེགས་བཤད་དང་ལྷན་དུ་ལུས་རྩལ་སྦྱངས་པ་ཡིན། ཁོ་ནི་གཟུགས་པོ་རིང་ཞིང་ཟླ་བ་བཞི་ཙམ་ལ་བསྟུད་མར་ལུས་རྩལ་སྦྱངས་པས། གློག་བརྙན་ནང་གི་ཕོ་གསར་གཟུགས་ཡག་ཚོ་ནང་བཞིན་ཁོག་སྟོད་ལ་ཤུགས་ཀྱིས་རི་མོ་འབུར་འབུར་དུ་དོད་ཡོད།
དེ་ནས་ཆུ་ཚོད་དགུ་བ་ལ་ངོ་དེབ་ཏུ་<<རྒྱལ་བ་རིན་པོ་ཆེ་>>ཞེས་པའི་མིང་བྱང་ཐོག་སྐུ་མདུན་གྱི་གསུང་ཆོས་ཐད་གཏོང་གནང་སོང་། དེ་རིང་ཡང་ཁ་སང་བཞིན་ཆུ་ཚོད་གཅིག་དང་ཕྱེད་ལྷག་གི་རིང་ལ་<<རྟེན་འབྲེལ་བསྟོད་པའི་>>བཀའ་ཁྲིད་གནང་ཞིང་མཇུག་ཏུ་སློབ་མ་དྲུག་གི་དྲི་བར་གསུངས་ལན་བཀའ་དྲིན་བསྩལ་བྱུང་། དེ་ལས་སློབ་མ་གཅིག་གི་དྲི་བ་ནི་ཆོས་ལུགས་དང་འབྲེལ་བའི་བཟང་སྤྱོང་དང་། མ་འབྲེལ་བའི་བཟང་སྤྱོད་གཉིས་ཀྱི་ཁྱད་པར་གང་ཡིན་ནམ་ཟེར་བ་དེ་རེད། དྲི་བ་དེ་ནི་ཁོ་བོས་དེ་རིང་བཀླགས་པའི་( ཆོས་དང་མ་འབྲེལ་བའི་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་པ་)ཞེས་པའི་ཚན་པ་འདི་དང་ཁ་ཐུག་འབྲེལ་ཆགས་པས་ཁོ་བོས་གཟབ་ནན་གྱིས་ཉན་ཞིང་དེའི་སྐོར་གྱི་བཀླགས་བྱང་ཞིག་གཤམ་ལ་འབྲི་རྩིས་ཡོད།
ཆོས་དང་མ་འབྲེལ་བའི་རིང་ལུགས་ཀྱི་ཕྱོགས་སུ་བསྐྱོད་པ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༩༩ལོར་ལྗགས་རྩོམ་གནང་བའི་<< གནའ་བོའི་ཤེས་རབ་དང་དེང་གི་འཇིག་རྟེན་>>ཞེས་པའི་ཕྱག་དེབ་ཀྱི་ནང་དུ་ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ཅེས་པ་ཞིག་གསར་གཏོད་གནང་ནས་བྲིས་པར། ཡི་ཤུ་དང་ཁ་ཆེའི་ཆོས་ལུགས་པ་མང་པོ་ཞིག་གིས་ཐ་སྙད་དེའི་གོ་དོན་༧གོང་ས་མཆོག་གི་དགོངས་པ་ལྟར་མ་ལོན་པར། ཐ་སྙད་དེས་མཐའ་གཅིག་ཏུ་ཆོས་ཁས་མི་ལེན་པའམ། ཡང་ན་ཆོས་ལ་སྡང་འཛིན་བྱེད་པ་ཞིག་སྟོན་པར་གོ་ནས་སེམས་ངལ་བྱུང་བ་རེད།
འོན་ཀྱང་དོན་དངོས་ཐོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཅེས་པའི་ཐ་སྙད་འདི་ནི་རྒྱ་གར་གྱི་དམིགས་བསལ་ལོ་རྒྱུས་དང་། རིག་གཞུང་གི་རྒྱབ་ལྗོངས་ལ་བརྟེན་ནས་བྱུང་བ་ཞིག་རེད། མ་ཟད་ཐ་སྙད་འདིས་ཆོས་ལུགས་པ་ཚང་མར་སེམས་གཏིང་ནས་གུས་བཀུར་དང་བཟོད་གསོལ་དགོས་པ་སྟོན་ཞིང་། ཆོས་དད་མེད་མཁན་ཚོ་ཡང་ཚུད་པའི་ཀུན་ལ་སྙོབ་པའི་ཕྱོགས་རིས་དང་བྲལ་བའི་སྤྱོད་ཚུལ་ཞིག་སྟོན་ཐུབ་པ་དེའོ།།
དེ་མིན་ཆོས་ཁས་མི་ལེན་པ་དང་ཆོས་ལ་སྡང་འཛིན་བྱེད་པ་ནི་ཐ་སྙད་འདིའི་དངོས་ཤུགས་ཀྱི་བསྟན་དོན་རྩ་བ་ནས་མིན་ཞེེེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་པ་འདིར་གསལ་འདེབས་མཛད་འདུག
2020/ 8 / 5 བློ་བཟང་རིན་ཆེན་གྱིས་བྲིས།