འོས་སྦྱོར་བ། སྐྱོ་བྲག་དགའ་དབང་།
ནམ་མཁའ་ལྡིང་ནི་བྱ་གསེར་འདབ་ཅེས་ཀྱང་བྱ། བྱ་འདབ་བཟངས་ཞེས་ཀྱང་བྱ་སྟེ། བྱ་དེའི་འདབ་མ་རིན་པོ་ཆེ་སྣ་ཚོགས་ཀྱི་བཀོད་པ་དང་ལྡན་པས་གཅིག་ཏུ་གསེར་ཡིན་པར་ངེས་པ་མ་ཡིན་ནོ། །
སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཆོས་ཀྱི་སྐུ་གསེར་འདབ་ཅན་ནི་དྲན་པ་ཉེ་བར་གཞག་པ་བཞིའི་རྐང་པ་དང་། བྱམས་པ་དང་། སྙིང་རྗེ་དང་། རིག་པ་ཡོངས་སུ་དག་པའི་མིག་དང་ལྡན་ཏེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཤིང་ལ་གནས་སོ། །བྱང་ཆུབ་སེམས་དཔའ་གསེར་འདབ་ཅན་ནི་འཁོར་བའི་རྒྱ་མཚོ་ཆེན་པོའི་ནང་དུ་ལྷ་དང་མིའི་ཀླུ་རྣམས་སྤར་མོས་བླངས་ནས། མྱ་ངན་ལས་འདས་པའི་འགྲམ་དུ་འཇོག་པར་བྱེད་པ། འདི་ནི་ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་གྱི་གསེར་འདབ་ཅན་གྱི་ཆོས་ཀྱི་སྒོ་མོ་ཞེས་གསུངས་སོ། །
ཡང་མདོ་གཞན་དག་ལས་འདབ་མ་གཉིས་ཀྱི་བར་དུ་དཔག་ཚད་ཁྲི་ཕྲག་སུམ་བརྒྱ་སུམ་ཅུ་རྩ་དྲུག་ཡོད་དེ། འཛམ་བུའི་གླིང་དུ་དེའི་རྐང་པ་གཅིག་ལས་མི་ཤོང་ངོ་། །དེའི་འགྲམ་པ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པས་དེའི་ཕྱིར་ཡིད་བཞིན་ཞེས་ཀྱང་བྱའོ་ཞེས་ཀྱང་བཤད་དོ། །
ཡང་ཁ་ཅིག་ལས་དེ་ནི་བྱའི་རྒྱལ་པོ་ཡིན་པས།བྱའི་ནང་ན་གསེར་འདབ་ཅན་ཞེས་བྱ་བ་ཀླུ་འབའ་ཞིག་ཟས་སུ་ཟ་བ་ཡོད་དེ། དེ་ཡང་སྐྱེ་བ་རྣམ་པ་བཞིའི་བྱེ་བྲག་གིས་ཐ་དད་དོ། །
དེ་ལ་རྫུས་ཏེ་སྐྱེ་བ་ནི་རྣམ་པ་བཞིའི་ཀླུ་དག་ཟ་བར་བྱེད་དོ། །མངལ་ནས་སྐྱེ་བ་ནི་སྐྱེ་བ་རྣམ་པ་གསུམ་གྱི་ཀླུ་དག་ཟ་བར་བྱེད་དེ། རྫུས་ཏེ་སྐྱེས་པ་མ་གཏོགས་སོ། །སྒོ་ང་ལས་སྐྱེ་བ་ནི་སྐྱེ་བ་རྣམ་པ་གཉིས་ཀྱི་ཀླུ་དག་ཟ་བར་བྱེད་དེ། རྫུས་ཏེ་སྐྱེ་བ་དང་མངལ་ནས་སྐྱེ་བ་མ་གཏོགས་སོ། །དྲོད་གཤེར་ལས་སྐྱེ་བ་ནི་དྲོད་གཤེར་ལས་སྐྱེ་བ་འབའ་ཞིག་ཟ་བར་བྱེད་དོ། །
གླིང་བཞི་པོ་འདིར་རྫུས་ཏེ་སྐྱེ་བའི་ནམ་མཁའ་ལྡིང་གི་རྒྱལ་པོ་ཡང་དག་དབྱངས་ཞེས་བྱ་བ་ཚེ་ལོ་བརྒྱད་སྟོང་ཐུབ་པ་ཉིན་རེ་ཞིང་ཀླུའི་རྒྱལ་པོ་ཆེན་པོ་གཅིག་དང་ཀླུ་ཕྲ་མོ་ལྔ་བརྒྱ་ཟ་བར་ནུས་པ་ཞིག་ཡོད་དེ། གླིང་བཞི་པོ་རྣམས་སུ་རིམ་གྱིས་མཐར་ཆགས་སུ་ཟ་བར་བྱེད་དོ། །
འཆི་ཀའི་དུས་ཀྱི་ཚེ་ཀླུ་རྣམས་བཟུང་ཞིང་བཟར་མི་བཏུབ་སྟེ། བཀྲེས་པའི་གདུང་བས་བསྲེགས་པས་འདབ་མའི་ཤུགས་ཀྱིས་རླུང་གི་དཀྱིལ་འཁོར་ལ་ཐུག་པའི་བར་དུ་བབས་པ་ལས་རླུང་གིས་བུས་པས་སླར་ཡང་གྱེན་དུ་ཐུག་གོ། །དེ་ལྟར་ལན་བདུན་ཡན་མན་འདས་པས་རྐང་པ་བཞག་སའི་གནས་ཀྱང་མི་རྙེད་དེ། དེ་ནས་རྡོ་རྗེའི་འཁོར་ལོའི་རིའི་རྩེ་མོར་ཕྱིན་ནས་དེར་ཚེ་འདའོ། །
ཀླུ་མང་པོའི་ཤ་ཟོས་པའི་དུག་གདུག་པའི་དབང་གིས་ལུས་ལ་མེ་རབ་ཏུ་འབར་བ་འབྱུང་ངོ་། །ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་གཉིས་རིན་པོ་ཆེའི་རི་རབ་རྣམས་ཚིག་ཏུ་དོགས་ནས། ཆར་ཆེན་པོའི་རྒྱུན་ཐིགས་པ་ཤིང་རྟའི་འཕང་ལོ་ཙམ་ཕབ་ནས་མེ་གསོད་པར་བྱེད་དོ། །
དེའི་ལུས་ཀྱི་ཤ་གཞན་ཞིག་ཞུ་ནས་སྙིང་འབའ་ཞིག་ལུས་པ་ཚད་མིའི་བརླ་ཙམ་བཻ་ཌཱུརྱ་སྔོན་པོ་ཉིད་དུ་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་ན་ནི་ནོར་བུ་རིན་པོ་ཆེར་བྱེད་དོ། །བརྒྱ་བྱིན་ལྷའི་དབང་པོ་ཐོབ་ན་ནི་གཙུག་གི་ནོར་བུ་བྱེད་དོ་ཞེས་བཤད་དོ། །
དགོངས་པ་ངེས་འགྲེལ་གྱི་རྒྱ་ཆེར་འགྲེལ་ལས་སོ། །
ནམ་མཁའ་ལྡིང་དེ་བྱ་རེད་དམ། ལྷ་དང་ལྷ་མིན་གང་རེད། བྱ་ཙམ་ཡིན་ན། ལུས་དེ། ཆེ་དྲགས་པ་རེད། སྦྲུལ་ཆེན་པོ་བཟས་པས། ཀླུའི་རྒྱལ་པོ་ཟ་དགོས་ཆོད་པ་དང་། འབུ་སྲིན་ཙག་ཙིག་ལྔ་བརྒྱ་བཟས་པས་ཀླུ་རིགས་ཕྲ་མོ་མང་པོ་བཟས་པ་ལ་གོ་དགོས་འདུག ལྷ་སྒྲུང་མང་དྲགས་ན། ཆོས་དད་ལ་ཕན་ལས་གནོད་ཆེ་བ་ཡདོ་པའི་དུས་ཤར་ཟིན་པ་རེད་དོ།།