སྐྱོ་བྲག་དགའ་དབང་།
སྐུ་ན་ཆུང་དུས་ནས་རྒྱལ་བསྟན་རིན་པོ་ཆེའི་སྒོར་ཞུགས་ཏེ། ཆོས་ཀྱི་ཐོས་བསམ་སྒོམ་པ་ལ་མི་ཚེ་བསྐྱལ་བ། འབའ་རོམ་བཀའ་བརྒྱུད་པའི་ཆོས་པའི་ཡང་རྩེ། སྐྱོ་བྲག་དགོན་པའི་མཁན་ཆེན་བཤད་སྒྲུབ་འགྱུར་མེད་མཆོག་ནས། བསྐྱེད་རིམ་དང་འབྲེལ་བའི་ཚིག་དོན་རེ་རེ་བཞིན་གྱི་གོ་བ་ཡང་གཏིང་ཕྱིན་ཡོང་ཆེད་བཀའ་འདྲི་གནང་བ།
བདེ་མཆོག་ལྷ་ལྔའི་མངོན་རྟོགས་རྗེ་ཀརྨ་པ་བརྒྱད་པས་མཛད་པ་ལས། སུཾ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི། །ལྷུན་པོ་གྲུ་བཞི་ལྕོག་བརྒྱད་མཛེས་པའི་སྟེང་། །ཞེས་གསུངས་པའི་དོན། གཟུ་རུ་དཀོན་བསྟན་གྱི་རྣམ་བཤད་ལས། དེ་ཡི་སྟེང་དུ་སུཾ་ལས་རིན་ཆེན་སྣ་བཞི་ལས་གྲུབ་པའི་ལྷུན་པོ་གྲུ་བཞི་པོ་ཤར་ཤེལ། ལྷོ་བཻ་ཌཱུཪྻ། ནུབ་པདྨ་རཱ་ག །བྱང་གསེར་གྱི་ཁ་དོག་ཅན་ཕྱེད་མན་ཆད་ལ་བང་རིམ་བཞི་པ། སྟེང་ངོས་གྲུ་བཞིའི་ཟུར་བཞི་དང་ལོགས་བཞི་ལ་རྩེ་མོ་རེ་རེ་སྟེ་ལྕོག་བརྒྱད་ཀྱིས་མཛེས་པ་སྟེ།ཞེས་གསུངས་འདུག་ལགས། ལར་ལྕོག་ཅེས་པ་དངོས་པོ་ག་འདྲ་ཞིག་ལ་ངོས་འཛིན་དགོས་པ་དང་།རྩེ་མོ་ཞེས་པ་འཁོར་རྩེ་ལྟེ་བ་ལ་གོ་བ་བཞིན། རི་རབ་ཀྱི་སྟོད་ངོས་སུ་འདི་དག་ཡོད་པར་ངོས་འཛིན་གནང་རྒྱུ་ཡོད་དམ། རི་རབ་ཀྱི་སྟེང་དུ་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱལ་མཚན་སྒྲེང་བ་ལྟར་དངོས་པོ་རང་སྐྱ་བ་རེ་ཡོད་པར་གོ་དགོས། ཁྱེད་ལ་ཚད་ལྡན་མཁྱེན་པའི་བཤེས་གཉེན་གྱི་ཞལ་ཁྲིད་ཡོད་ངེས་ལགས་པ་དགོངས་དོན་གང་ཡིན་གསུང་བར་ཞུ།རང་གིས་དཔེ་མཇལ་བྱས་ཀྱང་མ་གོ་བ་ལགས། རི་རབ་ལྕོག་ལྡན་འདྲ་གཟུགས་ཡོད་ན་གནོངས་ཞུ།ཞེས་པ་ལ།
སྤྱིར་ལྕོག་ནི། མར་ལུགས་རྒྱུད་སྡེའི་བསྙེན་ཡིག་ལས། རི་རབ་གྲུ་བཞི་ཤོ་བསླངས་པ་ལྟ་བུ། ཕྱེད་མན་ཆད་བང་རིམ་བཞི་པ། སྟེང་ངོས་གྲུ་བཞི་ཟུར་བཞིར་ལྕོག་ཅེས་པ་རྩེ་མོ་རེ་རེ། ཕྱོགས་ཀྱི་ལོགས་བཞིར་བང་རིམ་འོག་མའི་ལོགས་དང་རྒྱ་ཁྱོན་མཉམ་པའི་སྟེགས་བུའི་ཕྱོགས་ལ་ཟུར་གཏོད་པ་ལྟ་བུའི་ཟུར་བཞིར་ཡང་རྩེ་མོ་རེ་རེ་སྟེ་ལྕོགས་བརྒྱད་དང་ལྡན་པའོ། །ཞེས་པ་ལྟར་རྩེ་མོའམ་ཙོག་ཙོག་གི་དོན་ཡིན།དཔེར་ན། ང་ཚོའི་ཁ་རྒྱུན་དུ་ཡོད་པ། རི་དྭགས་མགོ་ལྕོག་གེ་ཉལ། ཟེར་བ་ལྟ་བུའོ། །
དེས་ན་ལོ་ཙཱ་བ་འགའ་རེས་ལྕོག་ཏུ་སྒྱུར་བ་ནི།དཔེར་ན། རྡོ་རྗེ་ཁྲོ་བོའི་རྟོག་བསྡུས་ལས། རྡོ་རྗེ་རི་རབ་ལྕོག་བརྒྱད་ལྡན། །ཞེས་པ་ལྟ་བུའོ། །ཡང་འགའ་རེས་རྩེ་མོར་སྒྱུར་བ་ནི། མངོན་བརྗོད་རྒྱུད་བླ་མ་ལས། རྣལ་འབྱོར་དེ་སྟེང་བསྒོམ་པ་ནི། །རི་རབ་ལྷུན་པོ་མཆོག་གྱུར་པ། །ཟུར་བཞི་པ་ལ་རིན་ཆེན་བཞི། །རྩེ་མོ་བརྒྱད་ཀྱིས་རྣམ་པར་མཛེས། །ཞེས་དང་། བདེ་མཆོག་སྒྲུབ་ཐབས་རིན་ཆེན་གཙུག་ནོར་ལས། དེ་སྟེང་སུཾ་ཡིག་ལས་བྱུང་བ། །ལྷུན་པོ་རིན་ཆེན་བཞི་རང་བཞིན། །གྲ་བཞི་རྩེ་མོ་བརྒྱད་ཀྱིས་མཛེས། །གཟི་བརྗིད་བཟང་པོ་མཆོག་གི་མཆོག །ཅེས་པ་ལྟ་བུའོ། །
རི་རབ་ལ་ལྕོག་བརྒྱད་དུ་འོང་བ་ནི་འབྱུང་བ་དང་འབྱུང་གྱུར་གྱི་རྡུལ་ལས་ཡིན་པར་ཇོ་ནང་རྗེ་བཙུན་གྱིས། ཡང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འབྱུང་གྱུར་གྱི་རྡུལ་ལྔ། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བའི་རྡུལ་ལྔ་ལས། སྒྲའི་རྡུལ་ནི་ནམ་མཁའི་རྡུལ་ཉིད་དང་ངོ་བོའི་སྒོ་ནས་དབྱེ་བ་མེད་ལ། ལྷག་མ་རྡུལ་བརྒྱད་པོ་རྣམས་ནི། ནམ་མཁའ་ལས་བྱུང་ཞིང་ནམ་མཁའ་ལ་ཐིམ་པ་མཚོན་བྱེད་དུ། ནམ་མཁའི་རང་བཞིན་གྱི་རི་རབ་ལ་རྩེ་མོ་བརྒྱད་པ་ཡིན་ནོ། །གཞན་ལས་སྒྲ་རྡུལ་རྒྱུན་མེད་དུ་བཤད་ཀྱང༌།སྔགས་ཀྱི་ཐེག་པ་འདིར་རྒྱུན་ཅན་དུ་བྱེད་དགོས་ལ།ལྕོག་བརྒྱད་བྱ་བ་རིའི་རྩེ་མོ་བརྒྱད་དོ། །ཞེས་གསུངས་ཤིང་།
རི་རབ་ཀྱི་སྟེང་དུ་ལྕོག་བརྒྱད་ཇི་ལྟར་ཡོད་པ་ལ། རྗེ་ཙོང་ཁ་པས། རི་རབ་ལྷུན་པོ་དབྱིབས་གྲུ་བཞི་པ། རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རྩེ་མོའམ་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པ་སྟེ། དེ་ནི་སྡོམ་འབྱུང་དང་མངོན་བརྗོད་ལས་ཀྱང་གསུངས་སོ།།དེ་ལ་རིན་པོ་ཆེ་སྣ་བཞི་ནི་ཤར་ཤེལ། ལྷོ་བཻ་ཌཱུརྱ།ནུབ་པདྨ་རཱ་ག །བྱང་གསེར་དང༌། རྩེ་མོ་བརྒྱད་ནི་ཕྱོགས་མཚམས་ཀྱི་རྩེ་མོ་མཐོ་བར། མངོན་བརྗོད་འགྲེལ་པར་བཤད་ཅིང༌། ཉིན་མོ་མཛད་ཀྱིས་ལྕོག་བརྒྱད་དུ་བཤད་དོ། །བོད་ཁ་ཅིག་རི་རབ་ཀྱི་ཟུར་བཞི་ལ་ལྕོག་བཞི་ལས་མེད་ཀྱང༌། ཕྱོགས་བཞི་ནས་བལྟས་པ་ན་ཕྱོགས་རེ་རེ་ན་ལྕོག་གཉིས་གཉིས་སུ་མངོན་པས་རྩེ་མོ་བརྒྱད་ཡིན་པར་བླ་མ་ཕམ་མཐིང་བ་སོགས་བཞེད་ཟེར་མོད་ཀྱང་སྔ་མ་ལྟར་བྱ་དགོས་སོ། །ཞེས་གསུངས་པ་ལྟར་ན། འདོད་ཚུལ་མ་འདྲ་བ་གཉིས་ཡོད་པར་འདུག །
ལྕོག་རྣམས་ལ་གནས་པ་ནི་གནོད་སྦྱིན་ཡིན་པ།ཤེས་བྱ་ཀུན་ཁྱབ་ལས། ལྕོག་བཞིར་གནོད་སྦྱིན་གསང་བ་པ་ལག་ན་རྡོ་རྗེ་ཞེས་བྱ་བ་རྣམས་ཀྱི་གནས་དང་བཅས་པ་ཡོད་དོ། །ཞེས་སོ། །
བདག་གི་ཡིད་ངོར་ཤར་བ་ནི། ཀརྨ་པཀྴིའི་བཤད་ལུང་རྒྱ་མཚོ་མཐའ་ཡས་ལས། སུམ་ཅུ་རྩ་གསུམ་གྱི་གནས། རི་རབ་ཀྱི་སྟེང་ལྕོག་ཆེན་པོ་བཞིའི་ནང་རོལ་ནས། ཚལ་ཆེན་པོ་བརྒྱད་ཀྱི་དབུས་ནས།གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག་ཅེས་བྱ་བ། ཞེས་པ་ལྟར་ན། བོད་ཀྱི་རི་ཆེན་ཁ་ཤས་མགོ་ལེབ་མོའི་ཁ་ཟུར་ནས་རི་འབུར་མཛེས་པས་བསྐོར་བའི་དབུས་སྤང་ལྗོངས་ཉམས་དགའ་བ་ཡོད་པ་ལྟ་བུའོ། །
དྲི་རོ་རེག་བྱ་འབྱུང་གྱུར་རྡུལ་བཞི་དང་། །
ས་ཆུ་མེ་རླུང་འབྱུང་བའི་རྡུལ་བཞི་ལས། །
རི་རབ་ཕྱོགས་བཞིའི་རྩེ་མོ་གཉིས་གཉིས་ཏེ། །
ལྕོག་བརྒྱད་བྱ་བ་རི་རབ་རྩེ་མོ་བརྒྱད། །
སུམ་ཅུ་རྩ་གསུམ་ལྷ་གནས་ཀྱི། །
གྲོང་ཁྱེར་ཆེན་པོ་ལྟ་ན་སྡུག །
དེ་རུ་ལྷ་མིན་འགྲོ་སྲིད་ན། །
མི་ཆེན་གྲུབ་ཆེན་ཕེབས་ཐུབ་བམ། །
རྒྱལ་པ་སྤྱི་བོ་སྐྱེས་ཀྱི་གླིང་བཞི་དགའ་ལྡན་སོགས། །
ལྷ་གནས་གཉིས་སུ་སོང་ནས་དབང་བསྒྱུར་མར་ལྷུང་ཞིང་། །
འདོད་པའི་ཉེས་དམིགས་སྟོན་པས་དགེ་སློང་དག་ལ་གསུངས། །
དེང་སང་དུས་སུ་འདི་འདྲའི་རྣམ་ཐར་ཕན་ནུས་སམ། །