མགར་ཆོས་གྲགས།
སྤྱི་ཚོགས་ཀྱིས་འོས་བསྡུ་ཆེན་མོ་གླེང་མགོ་ཚུགས་སོང་། གང་ལྟར། ལྟ་སྟངས་གཉིས་རེད། སྲིད་སྐྱོང་སྐབས་རྗེས་མ་ནི་ཟམ་གདོང་རིན་པོ་ཆེའི་ལས་མཇུག་སྐྱོང་མཁན་ཞིག་མཁོ་ཟེར་ནས་གླེང་གིན་འདུག དེ་ལྟར་ན། ཉིས་སྟོང་བཅུ་གཅིག་ནས་མགོ་འཛུགས་དགོས། ལོ་བཅུའི་སྔོན་ལ་ཕྱིར་ལོག་རྒྱག་དགོས། ཡང་ཁག་ཅིག་གིས། ད་ལྟའི་སྲིད་སྐྱོང་གི་ལས་མཇུག་སྐྱོང་མཁན་ཞིག་མཁོ་ཟེར། དེ་ལྟར་ན། ད་ནས་ཟླ་བ་ཁ་ཤས་ཀྱིས་རྫོགས་ཉེར་ཡོད་པའི་ད་ལྟའི་སྲིད་སྐྱོང་གི་ལས་ཀའི་འཕྲོར་འཇུ་དགོས།
ཟམ་གདོང་རིན་པོ་ཆེའི་ལས་མཇུག་སྐྱོང་མཁན་ཞིག་མཁོ་བར་མཐོང་མཁན་ཚོས་སྡོམ་རྒྱག་སྟངས་ནི། ད་ལྟའི་སྲིད་སྐྱོང་གིས་ལོ་ལྔ་ཚན་དང་པོའི་ནང་ལས་དོན་སྒྲུབ་སྟངས་ཀྱིས་ལས་བྱེད་རྒན་རབས་པ་རྣམས་བློ་ཕམ་ཡིད་ཆད་བྱུང་བཅུག་སྟེ་གཞུང་གི་སྒལ་ཚིགས་ལྟ་བུ་ཡིན་པའི་སྲི་ཞུ་བའི་ནུས་པ་ཉམས་བཅུག་པ་དང་། འགན་ཁུར་མེད་པའི་འུར་སྒྲོག་མང་པོ་བྱས་ཏེ་གཞུང་མང་བར་གྱི་ཡིད་ཆེས་བརླག་བཅུག་པ་དང་། ཉེ་བའི་ཆར་ཆོས་རིག་བཀའ་བློན་གྱིས་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཚབས་ཆེན་ཞུ་མཁན་ལ་རྒྱབ་སྐྱོར་དང་མཚན་སྨད་ཞུ་རོགས་བྱས་པ། ནང་སྲིད་ལས་ཁུངས་ཀྱིས་ཉམ་ཐག་མི་དམངས་ལ་ལྟ་སྐྱོང་གི་ཚབ་ཏུ་གཉའ་གནོན་དང་འཇིགས་སྐུལ་བྱེད་བཞིན་པ་བཅས་བགྲངས་ནས། ད་ལྟའི་སྲིད་སྐྱོང་དང་དེའི་ལས་རོགས་བཀའ་བློན་རྣམས་ལ་༸གོང་ས་མཆོག་གི་མཚན་གནས་སྐུ་ཕྱྭ་དང་བཅས་པར་འགན་ཁུར་བའི་གཞི་རིམ་གྱི་ཚོར་སྣང་མེད་པ་དང་། བཙན་བྱོལ་བོད་འབངས་བྱིངས་དང་སྒོས་སུ་ཉམ་ཐག་རིགས་ལ་ལྟ་སྐྱོང་བྱེད་པའི་ཚོར་སྣང་ཞན་པ་ཡོད་པའི་ངོས་འཛིན་བྱས་ཏེ། གནས་སྟངས་འདི་འདྲ་ལས་རྦད་དེ་ལོགས་ཀ་ཡིན་པའི་སྲིད་སྐྱོང་དང་བཀའ་ཤག་ཅིག་དགོས་མཁོར་མཐོང་ནས་གླེང་གིན་འདུག
འོ་ན། ཟམ་གདོང་རིན་པོ་ཆེའི་ལས་མཇུག་གང་དག་སྐྱོང་དགོས་པ་རེད་དམ། གནད་དོན་ནི་འདི་རེད། ཟམ་གདོང་རིན་པོ་ཆེ་ནི་གྲོས་ཚོགས་ཀྱི་ཁ་ལོ་བ་གནང་མྱོང་མཁན་རེད། བཀའ་ཤག་གི་ཁ་ལོ་བ་གནང་མྱོང་མཁན་རེད། དེ་གཉིས་ཀ་ཚད་ལྡན་གནང་མྱོང་མཁན་རེད་ཅེས་ངོས་འཛིན་བྱེད་ཀྱིན་ཡོད། ཡིན་ནའང་། ཁོང་ཚོས་བསྡུར་སྟངས་ནི་ངོས་གཞན་ཞིག་རེད། ཟམ་གདོང་རིན་པོ་ཆེས་གཞུང་གི་སྡིངས་ཆ་བེད་ལོག་ཏུ་སྤྱད་ནས་སྤྱི་ཚོགས་འཁྲུག་རྐྱེན་གྱི་ལས་ཀ་བྱས་མེད་པ། ཟམ་གདོང་རིན་པོ་ཆེས་བཤད་རྒྱུ་དང་སྒྲུབ་རྒྱུ་གཉིས་ལས་སྒྲུབ་རྒྱུ་ལ་དུས་ཚོད་མང་བ་བཏང་ཡོད་པ། ཟམ་གདོང་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་དཀྲུགས་མ་མྱོང་བ། ཟམ་གདོང་རིན་པོ་ཆེར་ལྷ་དང་བླ་མས་བཀའ་བཀྱོན་ཕེབས་མྱོང་མེད་པ་སོགས་དང་ད་ལྟའི་སྲིད་སྐྱོང་གི་ལས་ཀ་བྱེད་སྟངས་བསྡུར་ནས་སྡོམ་རྒྱག་གིན་འདུག
དེ་ནས་ལྟ་སྟངས་གཞན་པ་དེ་ནི། མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་གི་ལས་མཇུག་སྐྱོང་མཁན་ཞིག་ཡིན་དགོས་པར་འདོད་མཁན་ཚོའི་ལྟ་སྟངས་རེད། ཁོང་ཚོས་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་འཆར་སྣང་དང་། བཀའ་ཤག་གིས་འདས་པའི་དུས་ཡུན་ནང་ལ་གལ་ཆེ་ཤོས་སུ་བརྩིས་ཏེ་འགྲོ་སོང་ཡང་ཕོན་ཆེན་པོ་བཏང་མྱོང་བའི་ལྔ་དང་ལྔ་བཅུའི་འཆར་སྣང་གཉིས་མཇུག་སྐྱོང་དགོས་པར་གླེང་གི་ཡོད།
ད་ལྟའི་སྲིད་སྐྱོང་གི་ལས་ཀའི་མཇུག་མཐུད་མཁན་ཞིག་དགོས་པར་ལྟ་སྟངས་འདི་ལ་རྩོད་གླེང་ཆེན་པོ་ཡོང་གི་ཡོད། དེ་ནི། ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོ་བཅས་ནི་ད་ལྟའི་སྲིད་སྐྱོང་གི་འཆར་སྣང་རྙིང་པ་ཞིག་ཡིན་པ་དང་། འཆར་སྣང་དེ་དང་འབོད་ཚིག་དེ་ད་ལྟ་ལོ་དགུ་ལྷག་ལ་སོན་ཡོད་པ། ད་ལྟ་ནས་རྩིས་ན་ཟླ་བ་དགུ་ནས་བཀའ་ཤག་འདིའི་ལས་ཡུན་རྫོགས་འགྲོ་གི་ཡོད་པ་རེད། འཆར་སྣང་དེའི་ལོ་བཅུའི་ཚེ་ཚད་དེ་རྫོགས་འགྲོ་གི་ཡོད་པ་རེད་ཟེར་མཁན་ཡོང་གི་ཡོད། མ་འོངས་པའི་ཟླ་བ་དགུ་འདི་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། ད་ལྟའི་སྲིད་སྐྱོང་ལ་མཚོན་ན། ཟླ་བ་དགུ་འདིའི་ནང་། མ་འོངས་པའི་སྲིད་སྐྱོང་གིས་མཇུག་སྐྱོང་དགོས་པའི་ཆིག་སྒྲིལ་གྱི་གྲུབ་འབྲས། རྒྱུན་མཐུད་དགོས་པའི་གསར་བཏོད་ཀྱི་གྲུབ་འབྲས། ལྷོད་མི་རུང་བའི་རང་ཁ་རང་གསོའི་གྲུབ་འབྲས་ཟེར་བའི་རི་མོ་གསལ་པོ་ཞིག་ཕབ་ཐུབ་དགོས་པ་ཆགས་ཡོད། གང་ལ་ཟེར་ན། ད་ལྟ་ཕན་ལ་སྲིད་སྐྱོང་དང་བཀའ་ཤག་གིས་གྲུབ་འབྲས་ཀྱི་སྐོར་ནས་མང་པོ་ཞིག་གླེང་མྱོང་བ་རེད་དེ། གྲོས་ཚོགས་ཀྱིས་གྲུབ་འབྲས་སུ་ངོས་འཛིན་གསལ་པོ་ཞིག་ཐོབ་ཀྱི་མེད་སྐོར་བཤད་ནས་རྩོད་གླེང་བྱེད་ཀྱིན་གདའ།
ཡང་། ལྔ་དང་ལྔ་བཅུ་ནི་བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་སུ་འཆར་སྣང་ལ་བྱུང་བ་ཞིག་ཡིན་སྐོར་ད་ལྟའི་སྲིད་སྐྱོང་གིས་ 2019 ཟླ་ 3 ཚེས་ 19 ཉིན་གྲོས་ཚོགས་སུ་གསལ་བཤད་བྱས་ཡོད། དེ་ནི་ལྔ་དང་ལྔ་བཅུའི་འཆར་སྣང་དང་། འཆར་གཞི། སྲིད་བྱུས། ལས་འཆར། དེ་ནས་ལག་བསྟར་བཅས་ཀྱི་ཐོག་ནས་འགྲོ་དགོས་པ་ཞིག་ཡིན་པར་བཤད་ཡོད། གལ་སྲིད་ད་ལྟའི་བཀའ་ཤག་གིས་རང་གི་ལས་ཡུན་ལོ་ངོ་ལྔའི་རིང་དེར། ལྔ་དང་ལྔ་བཅུའི་འཆར་སྣང་དེ་འཆར་སྣང་ལས་བརྒལ་ཏེ། ཡང་ན། ལྔ་དང་ལྔ་བཅུའི་ཚོགས་འདུར་ཞུགས་མཁན་ཚོས་ཡག་པོ་ཟེར་གི་འདུག་ཟེར་བ་ཙམ་ལས་བརྒལ་ཏེ་སྲིད་བྱུས་ཤིག་གི་རྣམ་པར་བསྒྱུར་ཐུབ་ཡོད་པ་ཡིན་ན། དེ་ཡང་མཇུག་སྐྱོང་དགོས་པ་སྨྲོས་ཅི་དགོས། ཡིན་ནའང་། དེ་ནི་འཆར་སྣང་ཙམ་ན་ལྷག་ཡོད་ཅེས་ཀྱང་རྩོད་གླེང་བྱེད་ཀྱིན་གདའ། ཟམ་གདོང་རིན་པོ་ཆེ་ཡིས་བོད་ཀྱི་ལོ་རྒྱུས་དང་དུས་འགྱུར་གྱི་གནས་སྟངས་ལ་སྡོམ་རྒྱག་སྟངས་ཤིག་དང་། དེ་ལ་དཔག་པའི་འདས་པ་ལ་ལྟོས་ཏེ་མ་འོངས་པའི་ཁ་ཕྱོགས་འཚོལ་དགོས་པའི་གནད་ལས་བརྩམས་ཏེ་དྲུག་དང་དྲུག་ཅུ་ཟེར་བ་ཞིག་གསུང་མྱོང་བ་རེད།
སྤྱིའི་ཆ་ནས་བྱས་ན། བཀའ་ཤག་རིམ་པའི་ལས་དོན་བྱེད་ཕྱོགས་དང་སྒྲུབ་པའི་གོ་རིམ་སོགས་པ་ཕྱིར་ལྟས་སློག་པ་ཡིན་ན། བཀའ་ཤག་སྐབས་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་ལས་མཇུག་བསྐྱངས་པའི་རྨང་གཞིའི་ཐོག་ནས་ལས་དོན་གསར་སྤེལ་བྱས་ནས་འོང་བའི་བརྒྱུད་རིམ་ཞིག་མཐོང་རྒྱུ་ཡོད། ད་ལྟ་ཕན་གྱི་གནས་སྟངས་ལ་དེ་འདྲ་བྱུང་ཡོད།
ད་ལྟ་ཡང་མང་ཚོགས་ནང་བཀའ་ཤག་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་ལས་ཀའི་མཇུག་སྐྱོང་དགོས་པ་ལ་ལྟ་སྟངས་དེ་གཅིག་པ་རེད་དེ། ཡིན་ནའང་། མཇུག་གང་ཞིག་སྐྱོང་དགོས་པའི་ཐད་ནས་རྩོད་གླེང་བྱུང་ཡོད། འདི་ནི་ད་ལྟ་ཕན་ལ་བྱུང་མ་མྱོང་བའི་རྩོད་གླེང་ཞིག་རེད།
ད་ལྟའི་སྲིད་སྐྱོང་གི་ལས་ཀའི་མཇུག་སྐྱོང་མཁན་ཞིག་དགོས་ན། ཆིག་སྒྲིལ། གསར་བཏོད། རང་ཁ་རང་གསོ་བཅས་ཀྱི་འཆར་སྣང་དང་འབོད་ཚིག་སྒྲོག་མཁན་ཞིག་ཡིན་དགོས། ད་ཡོད་སྲིད་སྐྱོང་འོས་མི་ཚོས་ཕལ་ཆེར་དེ་ལ་གཞན་པའི་འབོད་ཚིག་བསྒྲགས་ནས་འོས་མིར་ལངས་ཡོང་གིན་ཡོད། ཡང་སྙིང་ང་ཚོས་མ་འོངས་པའི་སྲིད་སྐྱོང་དེ་ཟམ་གདོང་རིན་པོ་ཆེའི་ལས་ཀའི་མཇུག་སྐྱོང་མཁན་ཞིག་འདེམས་དགོས་སམ། བློ་བཟང་སེང་གེའི་ལས་ཀའི་མཇུག་སྐྱོང་མཁན་ཞིག་འདེམས་དགོས་སམ།
ཟམ་གདོང་རིན་པོ་ཆེའི་ཕྱག་ལས་ཀྱི་མཇུག་སྐྱོང་དགོས་པ་དང་། ང་ཚོ་ཉིས་སྟོང་བཅུ་གཅིག་ལོར་བསྐྱར་ལོག་བྱེད་དགོས་པར་འདོད་པའི་ལྟ་སྟངས་འདི་ཡང་དག་པ་ཞིག་རེད་དམ། ཡང་ན། མ་འོངས་པའི་སྲིད་སྐྱོང་ནི་ད་ལྟའི་སྲིད་སྐྱོང་གི་ལས་ཀའི་མཇུག་སྐྱོང་མཁན་ཞིག་ཡིན་དགོས་ཚུལ་དང་དེ་ཤུགས་ཆེན་པོས་གླེང་སློང་བྱེད་ཀྱིན་པ་འདི་ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་ལ་གདེང་འཇོག་རེད་དམ་ཁྱད་གསོད་རེད།
བཀའ་ཁྲི་རིམ་པ་ཕེབས་པའི་རིམ་མཐའ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང། སྲིད་སྐྱོང་དང་པོ་བློ་བཟང་སེང་གེ་གཉིས་སོ་སོའི་ལོ་བཅུའི་དུས་ཡུན་རྫོགས་སོང་བ་དང་རྫོགས་ལ་ཉེ་གཉིས་རེད། དེ་ནས་སྲིད་སྐྱོང་གཞན་ཞིག་ནས་འཛིན་འགན་བཞེས་རྒྱུ་རེད། བོད་མི་མང་གི་འདོད་ཁེངས་བྱུང་ན་ལོ་ལྔ་ཚན་གཉིས་པ་དེ་ཐོབ་ནས་ལོ་བཅུའི་དུས་ཡུན་ཐོབ་པ་སྤྱི་ཡོངས་ཡིན། ཟམ་གདོང་རིན་པོ་ཆེའི་སྲིད་བྱུས་དང་བློ་བཟང་སེང་གེའི་སྲིད་བྱུས་ཅེས་ཆེར་ཐ་དད་པ་ཞིག་མེད་སྙམ། གལ་ཆེ་ཤོས་དེ་སྐྱབས་བཅོལ་བོད་གཞུང་མ་སུ་རི་ ༡༩༥༩ ཟླ་བ་༦།༧་ཙམ་ནས་དབུ་འཛུགས་ཞུས་པའི་སྲིད་བྱུས་ལས་གཞན་མེད། དེ་ཡང་སྐྱབས་བཅོལ་ནང་བོད་མིའི་འཚོ་གནས་ཤེས་ཡོན་ཆིག་བསྒྲིལ་ནས་མཐར་བོད་མིའི་བདེན་མཐའ་གསལ་རྒྱུ་དེ་དག་ཡིན། དེར་སོང་བོད་མིའི་བདེན་མཐའ་མ་གསལ་བར་གོང་ཞུས་སྲིད་བྱུས། གཞིས་ནས་བདེན་མཐའ་གསལ་ནའང་སྲིད་བྱུས་དེ་དག་ལག་ལེན་དུ་བལྟར་དགོས་ངེས་ཡིན།
གཞན་མངར་མོ་ནས་སྐྱུར་མོ་བཟོ་རྒྱུ་མཚོན་རྫས་སོ་ནས་སྐྱེ་ལྡན་སོ་ནམ། ལྔ་དང་ལྔ་བཅུ་ལ་སོགས་མུ་མཐུད་ཞུ་མ་ཞུ་རྗེས་དེད་སྲིད་སྐྱོང་སོ་སོར་རག་ལུས་སོ། ཡིན་ཀྱང་སྐྱེ་ལྡན་སོ་ནམ་ནི་སྤྱིར་ལས་གཞི་དགོས་ངེས་ཅན་ཞིག་ཡིན་ཀྱང་རིན་པོ་ཆེ་མ་འཕོས་གོང་ནས་མུ་མཐུད་འཆར་མེད་པས་དེའི་ཐོག་མཁས་པའི་ལས་བྱ་བའང་ལས་སྣེ་གཞན་དུ་གནས་སྤོས་ཞུས་རེད། དེ་དག་སླར་དགོས་མཁོས་གཟིགས་ན་མུ་མཐུད་ནའང་རུང་ལ་དེ་མིན་ངས་ཞུ་མི་ཕོད།
ལས་དོན་གང་དུའང་བྱུང་ན་བྱེད་པོ་སོ་སོའི་བློ་དང་སུ་ལ་དམིགས་པའི་ཡུལ་དེའི་དགོས་མཁོ་དང་བསྟུན་པའི་ལས་འཆར་ཆིག་སྒྲིལ། གསོར་གཏོད། རང་ཁ་རང་གསོ་ལ་སོགས་མིང་གང་བཏགས་ཀྱང་མདོ་དོན་གོང་དུ་ཞུས་པའི་ ༡༩༥༩ ནང་དབུ་འཛུགས་ཞུས་པའི་སྐྱབས་བཅོལ་གཞུང་གི་སྲིད་བྱུས་དེ་དག་སྐབས་དུས་དང་འཚམས་པའི་ལམ་ལྷོངས་སུ་འཇུག་རྒྱུ་ལས་གཞན་ནི་མ་མཆིས་སོ།།
བློ་བཟང་སེང་གེའི་མཇུག་སྐྱོང་མཁན་ར་རྒྱ་བསྟན་འཛིན་དང་སྐལ་རྡོར་དབུ་དཀར་ཚང་ཡག་མོ་འགུ། ཟམ་གདོང་བླ་མའི་མཇུག་སྐྱོང་མཁན་སྤེན་པ་ཚེ་རིང་དང་བློ་བཟང་སྙན་གྲགས་སྐྲག་མོ་འགུ། བར་དོ་ནས་མིས་ཁ་ལོ་བསྒྱུར་བདེ་དགོས་ན་སྒྲོལ་མ་རྒྱ་རི་དང་དྲུང་ཆུང་དངོས་གྲུབ་སྐྲག་མོ་འགུ།
བཀའ་ཤག་དང་པོ་ནས་འཁོར་བ་མ་སྟོང་བར་༸གོང་ས་མཆོག་གིས་སྐྱོབས་བཅོལ་གཞུང་དབུ་བརྙེས་པའི་དགོངས་གཞི་ཁག་མཇུག་སྐྱོང་མཁན་ཤ་ཤིག་རེད།་དགོས་མེད་གཏམ་འཆད་ནས་ཅི་བྱེད།།
སྤེན་པ་ཆེ་རིང་སུ་ཡིན་དང་ག་འདྲ་ཡིན་ཧ་གོ རྙོག་ཁྲ་དགོས་ན་འོས་བསླུག བློ་བཙང་སྙན་གྲགས་ཕལ་ཆེར་ནིའུ་ཡོག་ཏུ་སྤེན་ཚེ་དགའ་བསུ་ཞུ་མཁན་གྲས་ཡིན་པ་ཡོད།་གོང་དུ་གོང་རིམ་ཡ་མོ་བྱས་གདའ།
ད་ཆ་རྒྱ་རི་སྒྲོལ་མ་དང་བྲོང་ཆུང་གཉིས་ལ་དམིགས་ཤོག་ འོས་ཤོས་རེད། ནང་མཐུན་ན་ཕྱི་དོན་གྲུབ་མི་ཟེ་གདའ།
མང་གཙོའི་ཀ་བ་མི་མང་རེད།
སྲིད་སྐྱོང་མི་མང་གི་བདམས་ཀྱི་རེད།
དྲ་སྟེང་ཁ་དམག་ཁ་དམག་རང་རེད།
སྤྱི་ཚོགས་བརྟན་ལྷིང་མི་མང་ལག།
དྲ་སྟེང་འགན་འཁུར་རེ་སྟོང་ལྷག།
༢༠༢༡ ལོའི་སྲིད་སྐྱོང་མི་མང་ལག།
༢༠༢༡ ལོའི་སྲིད་སྐྱོང་གི་མཐའ་མའི་འགྲན་རྩོད་དེ་སྤེན་པ་ཚེ་རིང་མཆོག་དང་། སྐལ་རྡོར་དབུ་དཀར་ཚང་གཉིས་དབར་ལ་རྩོད་དགོས་གཏན་འཁེལ་བ་རེད། དྲ་འབུ་རྣམ་པ་ཚོས་གཟིགས་ན་སུ་ལ་ཐོབ་ས་རེད།
འདས་མ་འོངས་སྲིད་སྐྱོང་ལ།
་
ཉི་སྟོང་ནས་ཟབ་གདོང་། །
བཅུ་གཅིག་ནས་བློ་སེང་། །
ཉེར་གཅིག་ནས་སྤེན་ཚེ། །
ཉེར་ལྔ་ནས་བུད་མེད།
་
ལོ་རྒྱུས་དང་ལུང་བསྟན།
འུ་ཚོའི་མང་གཙོ་ནི་སྤྱི་ཚོགས་གཏོར་བྱེད་ཀྱི་ལག་ཆ་སྟོབས་ཤུགས་ཆེ་ཤོས་དེར་གྱུར་འདུག “བསམ་བློ་ནར་མ་སོན་པའི་སྤྱི་ཚོགས་ལ་མང་གཙོ་ནི་སྨྱོན་པའི་ལག་ཏ་རལ་དྲི་གཏད་པ་དང་མཚུངས་པ་ཡིན།” ཟེར་བ་དེ་བོད་པ་ལྟ་བུར་དམིགས་ནས་བཤད་པ་འདྲ། བོད་མི་ཕལ་ཆེ་བས་འོས་ཤོག་བླུག་སྐབས་རང་དང་ཆོལ་ཁུངས་གཅིག་ཡིན་མིན་གཙོ་བོར་འཛིན་པ་ལས་སྤྱི་བའི་ལས་དོན་འགྲུབ་དང་མི་འགྲུབ་ལ་དོ་སྣང་དེ་ཙམ་མི་བྱེད། མང་གཙོའི་ཁེ་དབང་ཆེས་ཆེ་བ་དེ་འདི་ལྟར་ལོག་ལམ་ཏུ་ཁྱེར་སོང་ན་སྤྱི་ཚོགས་འདི་རུལ་ཚར་བའམ་མི་རིང་བར་རུལ་བར་འགྱུར་བ་ནི་མངོན་ཤེས་མེད་ཀྱང་ཤེས་ཐུབ་པ་ཞིག་རེད།
རང་བཙན་ལག་དེབ་མེ་ལ་སྲག་ན་ཡག་ས་རེད། ད་ཡང་ཆོལ་ཁའི་ཐན་ཁྱེར་མགོ་འཛུག་ས་རེད། དངོས་ནས་ཡིན་ང་ཚོ་བོད་པ་གླེད་མེད་ཚོས་ལས་ཀ་ལ་སྐྱག་དྲི་དྲོ་གིས།
གང་ལྟར་རྒྱ་རི་སྒྲོལ་མ་དང་སྤེན་ཚེ་གང་རུང་ཞིག་ཡག་ཤོས་རེད་སྐར་རྡོར་ཟེར་བ་དེ་དྲང་མོ་བཤད་ན་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནད་དོན་གྱི་གཞི་རྩ་ངོ་མ་དེ་ཡིན་མོད། དེ་ཚང་མས་མཁྱེན་ན་རེད་དེ་ཤེས་བཞིན་ཤེས་བཞིན་ད་རུང་ཁོ་ལ་རྒྱབ་སྐྱོར་བྱེད་བསྡད་ན་དེ་ལ་ལུག་རྟགས་ངོ་མ་ཕྱི་རུ་སྟོན་པ་ཟེར་ནི་རེད།
སྐྱ་སེར་གཉིས་ནས་བཀའ་བློན་ཁྲི་པའམ་སྲིད་སྐྱོང་གནང་ཚར་བ་རེད་ལ་ལེགས་ཉེས་ཀྱི་སྒྲུབ་འབྲས་ཡང་བཙན་བྱོལ་སྤྱི་ཚོགས་ཀྱི་དེབ་ཐེར་ནང་བཀོད་ཚར་བ་རེད་ད་ཆ་ང་ཚོའི་བཅའ་ཁྲིམས་ནང་ཕོ་མོ་འདྲ་མཉམ་ཟེར་བའི་ཐ་སྙད་འཁོད་ཡོད་ལ་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ལས་འཆར་ནང་བཀོད་པའི་བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ་ཟེར་བ་སོགས་ལ་ང་ཚོའི་འགན་འཁུར་ནས་བོད་ཀྱི་བུད་མེད་དེ་འཛམ་གླིང་སྟེང་མིང་གྲགས་ཡོད་པ་བཟོ་རྒྱུ་དེ་བོད་མི་རིགས་ལ་བསམ་ན་ཕོ་མོ་འདྲ་མཉམ་ཡོད་པའི་བརྡ་གསལ་པོ་ཞིག་འཛམ་གླིང་མི་མང་དང་ལྷག་པར་རྒྱ་ནག་ལ་སྤྲོད་ཐུབ་པའི་ཆེད་རྗེས་ལོ་ ༢༠༢༡ གི་སྲིད་སྐྱོང་ལ་བུད་མེད་ཞིག་ངེས་པར་སླེབས་དགོས་པ་དེ་དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་འཕེལ་རིམ་རྒྱལ་སྤྱིའི་གནས་བབ་ཁྲིམས་སྒྲིག་སོགས་ལ་ང་ཚོའི་འགན་འཁུར་དགོས་པ་དེ་ནང་ཁུལ་གྱི་ཐོབ་ཤོར་ལས་གལ་ཆེ་བ་ཞིག་མ་རེད་དམ?