སྐྱོ་བྲག་དགའ་དབང་།
དིང་སྐབས་ང་ཚོ་འགའ་ཤས་ཤིག་ནི། སངས་རྒྱས་ཀྱི་ཞིང་དག་སྦྱོང་ལས་བྱུང་བ། འཛམ་གླིང་ས་ཡི་ལྟེ་བ། ཤེས་བྱ་ཀུན་ཁྱབ་ལས། དག་པའི་ཞིང་དང་རྡོ་རྗེ་གདན་ལ་སོགས། །མི་འཇིག་ཀུན་འབྱུང་འབྲས་བུ་མིན་ཕྱིར་རོ། །ཞེས་བསྔགས་པ། གནས་མཆོག་རྒྱ་གར་རྡོ་རྗེ་གདན་ལ་བསྡད་ཡོད།
དེ་རིང་ནི། བོད་རབ་བྱུང་བཅུ་བདུན་པ་ལྕགས་ཕོ་བྱི་བ་གྲོ་བཞིན་ཟླ་བའི་ཡར་ཚེས་བཅུ་རེད། ཟླ་བ་ཡར་གྱི་ངོའི་ཚེས་པ་བཅུའི་ཉིན་མོ་དག་ནི། རྒྱུད་དུར་ཁྲོད་རྨད་བྱུང་ལས། ཡར་ངོ་མར་ངོའི་ཚེས་བཅུ་ལ། །དཔའ་བོ་རྣལ་འབྱོར་ཚོགས་ཀྱིས་མཆོད། །ཅེས་དཔའ་བོ་དང་རྣལ་འབྱོར་ཚོགས་ཀྱིས་མཆོད་པའི་དུས་ཡིན་ལ། མཆོད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི། དཔལ་མཆོག་གི་རྒྱུད་ལས། བླ་མ་སངས་རྒྱས་ཆོས་གྱུར་ཅིང་། །དགེ་འདུན་ཀྱང་ནི་འདི་ཉིད་དེ། །དེ་ཡི་དྲིན་གྱིས་ཤེས་འགྱུར་བ། །དེ་བས་དཀོན་མཆོག་གསུམ་བདག་ཡིན། །མི་ཤེས་རབ་རིབ་ཀྱིས་ལྡོངས་ལ། །འདི་ནི་ལམ་རབ་སྟོན་བྱེད་ཡིན། །བདེ་བ་ཀུན་གྱི་མཆོག་གྱུར་དང་། །འདོད་པའི་དོན་ཀུན་སྟེར་བྱེད་ཡིན། །དེ་བས་དེ་དང་མཉམ་པ་ཡི། །མཆོད་བྱ་གཞན་ནི་བྱེད་མ་ཡིན། །དེ་བས་འབད་པ་ཐམས་ཅད་ཀྱིས། །བརྟུལ་ཞུགས་ལྡན་པས་བླ་མ་མཆོད། །ཅེས་བླ་མ་མཆོད་པ་ཡིན་པ་དང་། ཚོགས་ཀྱི་འཁོར་ལོ་ནི། གཤིན་རྗེ་དགྲ་ནག་ལས། བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་སྔར་མ་བྱུང་ཕྱིས་མི་འབྱུང་བའི་བསོད་ནམས་མཐར་ཐུག་ཏུ་གསུངས་ཕྱིར།
ཤ་ཆང་ལ་སོགས་པ་དམ་ཚིག་གི་རྫས་རྣམས་ཀྱང་ཚོགས་པར་བྱས་ཏེ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་དཔལ་སྤུངས་ཡང་ཁྲོད་དེ་ཝཱི་ཀོ་ཊིའི་ཚལ་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ། རྗེ་བཙུན་རས་པ་ཆེན་པོ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཚོགས་མཆོད་དང་བཅས་པ་ཡེ་ཤེས་དཔལ་འབར་ཞེས་པའི་སྒོ་ནས་ཚོགས་བརྒྱ་བསགས་པ་ལ། དྲུང་གོ་ཤྲི་རྒྱལ་ཚབ་པས་གདན་ས་དཔལ་ཆེན་ཆོས་གླིང་གི་ལོངས་སྐུའི་གཞལ་མེད་ཁང་ཆེན་པོར་སྦྱར་བ། ཀ་བཞི་སེང་ཆེན་མའི་ཚོགས་གླུ་མོས་གུས་གདུང་བའི་དབྱངས་སྙན་ཞེས་པ་སྦྱར་ནས་བཏོན་པ་ན། གནས་དུས་ཆོ་ག་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱིས། སྤྱོད་འཇུག་ལས། རྩོམ་པ་ཐམས་ཅད་དགའ་ཕྱིར་ཏེ། །དེ་ནི་རིན་གྱིས་ཉོ་ནའང་དཀོན། །ཞེས་པ་དགའ་སྐྱིད་ཀྱི་སྐལ་བ་བཟང་པོ་བྱུང་ངོ་། །
དག་པའི་ཞིང་དང་རྡོ་རྗེ་གདན་ལ་སོགས། །
མི་འཇིག་ཀུན་འབྱུང་འབྲས་བུ་མིན་ཕྱིར་རོ། །
འདི་ལ།
དག་པའི་ཞིང་དང་རྡོར་གདན་སོགས། །
མི་འཇིག་འབྲས་མིན་རྨོངས་དད་ཆོས། །
ཡར་ངོ་མར་ངོའི་ཚོགས་འཁོར་དུ། །
ཀརྡོ་གྲུབ་ཆེན་ང་ཡིས་མཆོད། །
་
ཧ་ཧ་སྐུ་རྩེད་ཡིན་གདའ།
མངའ་རིས་པ་ཀ་རྡོ་དེ། གྲུབ་ཆེན་མིན་ནའང་གྲུབ་ཐོབ་ཆུང་ངུ་ཞིག་ཡིན་ས་གདའ། ཧ་ཧ།