བྱང་ནག་པ་བནྡེ་ཚེ་རིང་།
ཨེ་མ་ཕྱི་རུ་བྱིན་རླབས་ཆར་གྱིས་བརྡ་ཞིག་སྟོན།།
ནང་དུ་མན་ངག་གནད་གྱི་ས་བོན་སྟོར།།
གསང་བ་རྩ་གསུམ་ལྷ་ཡིས་དངོས་གྲུབ་བརྙེས།།
ཕུན་ཚོགས་ལྔ་ཡིས་རྒྱལ་མཚན་འདི་ན་མཐོ།།
སྨན་པ་བསྟན་སྲུང་གྲགས་པ་དང་རྩོམ་པ་པོ་བནྡེ་ཚེ་རིང་།
གཡུ་ཐོག་བསྟན་པ་ཕྱོགས་ཀྱི་ཐ་གྲུ་ལ།།
སྲུང་དང་སྤེལ་གྱིས་འཚོ་བྱེད་སྟོབས་པོ་ཆེ།།
གྲགས་དང་སྙན་ལ་མི་སྤྲོ་གྲགས་ཆེན་ཉིད།།
ནད་ཀྱི་གཡུལ་ལ་སྙིང་དཔའ་འཚོ་མཛད་པ།།
ཡུལ་ནི་མདོ་སྨད་ཕྱོགས་སུ་ཆིབས་སྒྱུར་གྱིས།།
སྦྱོངས་བཤལ་མན་ངག་ལག་ཏུ་བསྟར་བ་ལ།།
རང་གིས་གོ་ཙམ་མཐོང་གོམས་མྱོང་ཚོར་ལ།།
དྲི་མའི་རིགས་ནི་ཆུ་ཡིས་འདག་པ་དང་།།
རྩི་སྦུར་རྩ་སོགས་མེ་ཡིས་འདག་པ་དང་།།
ཞི་དཀའི་ནད་རྣམས་བཤལ་གྱིས་འདག་པ་བཞིན།།
རྣམ་རྟོག་ནད་རྣམས་སྟོང་བས་འདག་པ་སོགས།
སྐབས་སུ་བབས་པའི་བཤལ་སྦྱོངས་རིན་པོ་ཆེ།།
རྩ་དང་ལྟོ་ནས་ནད་ཡུལ་ཕྱིར་འབྱིན་པ།།
ཞི་བྱེད་སྨན་རྡུགས་མེད་ཐབས་མེད་པས་ན།།
གནམ་ལྕགས་ཟིལ་བཤལ་བྱང་བ་བདུན་པ་དང་།།
དེད་དཔོན་བཅུ་སོགས་ལག་ལེན་རྩེ་གྲས་དག།
མན་ངག་གནད་ལྡན་འདུལ་སྦྱོང་རྩལ་སྤྲུགས་པ།།
ལག་མཐིལ་སྐྱུ་རུ་བཞིན་དུ་ས་ལེེ་སོ།།
གནས་མཆོག་ལྷ་ལྡན་ཡུལ་གྱི་ལྷོ་རོང་ན།།
བསམ་ཡས་གཙུག་ལག་ཆེན་པོའི་ཉེ་འགྲམས་སུ།།
བྱེ་མར་སྐྱེས་བའི་དུར་བྱིད་མཆོག་ཡིན་ཏེ།།
གཞན་ཡང་སྐྱེས་མཆོག་སྟོང་ནག་རབ་རྒྱས་ཀྱིས།།
ལུང་གིས་ཟིན་པའི་ཡུལ་ཤུལ་ཆུ་དམར་ལེབ།།
དེ་ལ་སྐྱེས་པའི་དུར་བྱིད་རྣོ་མྱུར་ལྡན།།
སྟོན་བཏུས་རྩ་བའི་རྐང་དང་ཕྱི་ཤུན་ཕྲལ།།
ནས་དང་མཉམ་དུ་སླ་ངར་བརྔོས་པ་ན།།
ནས་ནི་ཡོས་སུ་གྱུར་བའི་སོ་མཚམས་སུ།།
དུར་བྱིད་ཡོས་སུ་བཏུམ་ནས་གྲང་དུ་བཅུག།
དེ་ནི་དུག་འདོན་ཡིན་ནོ་གཅེས་དགོས་སོ།།
དེ་ལས་འཇམ་པར་འདོད་ན་ཁཎ་ཌ་བྱ།།
དུག་དོན་དུར་བྱིད་ཆུ་ལ་ཡང་ཡང་གདུས།།
གདུས་པའི་དྭངས་མར་བ་ཆུ་གསབ་དགོས་པས།།
མ་ཚིག་མ་འདྲེག་གཞུང་བཞིན་བཟོ་ལེགས་པ།།
མི་རྙིང་མི་རྩུབ་འཇམ་པའི་ཡོན་ཏན་མང་།།
སྤྱིར་ན་ཐུར་དུ་འཁྲུ་བའི་བཤལ་སྨན་རྣམས།།
གཡང་གཟར་བྲག་རི་སོགས་ལས་སྐྱེས་པ་བཟང་།།
གྱེན་ལ་འདྲེན་པའི་མེ་རླུང་སྐྱུགས་སྨན་དག།
ཐང་སྙོམས་ཡངས་པའི་ས་ལ་སྐྱེས་པ་བཟང་།།
རྩ་བ་དགོས་པའི་བཤལ་སྨན་གང་ཡིན་ཡང་།།
ས་ཆུ་ཐུར་འགྲོའི་དུས་ནི་སྟོན་མཇུག་བཟང་།།
མཐོང་བ་གསུམ་གྱིས་ཕྱུག་པའི་ཐར་ནུ་ནི།།
དུས་བརྐོས་ཕྱི་ཤུན་རུལ་རྙིང་མ་འདྲེས་པར།།
བ་ཆུར་གདུ་ལ་ར་ཤ་ལྡོག་པོ་གཅིག།
མཉམ་དུ་གདུས་ལ་ཁུ་བ་སུམ་གཉིས་ཆའི།།
ར་ཤ་ཕྱིར་འདོན་མེར་བསྲེགས་ས་འོག་སྦ།།
དུག་འདོན་ཡིན་ནོ་མ་བརྗེད་བརྗེད་མི་བྱ།།
ཁུ་བ་རང་ཐིམ་བར་དུ་ལེགས་པར་གདུ།།
རྣོ་འཇམ་ཁཎ་ཌ་འདོད་ན་ཐར་ནུ་ནི།།
ཆུར་གཙང་སྦངས་ལ་ཁུ་བ་ཡང་ཡང་གདུས།།
གདུས་པའི་དྭངས་མར་བ་ཆུ་གསབ་ནས་གདུ།།
དེ་ཡང་ར་ཤ་མ་བརྗེད་གནད་ཀྱི་གནད།།
རྣོ་འཇམ་ཁཎ་ཌར་ནད་འཇིགས་སྨན་པ་དགའ།།
གཞན་ཡང་དུག་འདོན་ཟིན་པའི་དུར་བྱིད་དང་།།
མཐོང་བ་གསུམ་ཀྱིས་ཕྱུག་པའི་ཐར་ནུ་གཉིས།།
མཉམ་དུ་ཆུར་སྦངས་གདུས་པའི་དྭངས་མ་ལ།།
བ་ཆུ་བསྣན་ལ་ར་ཤ་ལྡོག་པོ་གཅིག།
གོང་བཞིན་ཁཎ་ཌ་བྱ་སླ་ཚེགས་ཆུང་སྟེ།།
དེད་དཔོན་བཅུ་སྦྱོར་སྐབས་སུ་འདི་རང་གཙོ།།
སྦྱོངས་བྱེད་སྨན་རྣམས་ཅིས་ཀྱང་རྩུབ་ངེས་ཏེ།།
འཇམ་རུང་རྩུབ་ཀྱང་དུག་འདོན་འཇམ་བཙལ་གཙོ།།
ཞུ་རྗེས་སྙོམས་པའི་ལྕུམ་ཀྱི་རྩ་བ་ཡང་།།
ནས་ལས་བཟོས་པའི་སྨད་ཀྱི་ཆང་དཀར་དང་།།
སྟོད་ནས་ཐོན་པའི་ལྷ་སའི་ཆང་སེར་གཉིས།།
གང་རུང་གཅིག་གིས་བརླན་ཕབ་རླངས་བཙོ་བྱ།།
ཞི་བྱེད་སྨན་ལ་འདི་ལྟར་མི་དགོས་མོད།།
སྦྱོངས་བྱེད་སྨན་ལ་མེད་དུ་མི་རུང་བས།།
དུག་འདོན་ཡིན་ནོ་མེ་རྟགས་ཆུང་ཡང་སོད།།
དེ་ནས་ཆུར་གཙང་སྦངས་ནས་ཡང་ཡང་གདུས།།
གདུས་པའི་དྭངས་མ་སྣོད་གཙང་ཞིག་ཏུ་ཉར།།
དེ་བཞིན་ཁྲོམ་བུའི་རྩ་བ་གོང་བཞིན་དུ།།
ཆུར་སྦངས་སྨན་ཁུ་བླངས་ནས་སྙིགས་རོ་དོར།།
དེ་ལ་བ་ཡི་འོ་མ་གསབ་དགོས་ཏེ།།
དུག་འདོན་ཡིན་ནོ་མེ་ཤུགས་རན་པས་གདུས།།
མ་ཚིག་མ་འདྲེག་ཁཎ་ཌ་བཟོ་བར་བརྩམ།།
ཅུང་ཞིག་གཤེར་ཁུ་ཉུང་དུ་སོང་བའི་ཚེ།།
གོང་དུ་ཉར་བའི་ལྕུམ་རྩའི་ཁུ་བ་ཡང་།།
ནང་དུ་བསྲེས་ཏེ་གཉིས་པོ་མཉམ་གཅིག་ཏུ།།
ཁཎ་ཌ་བཟོ་དགོས་དངོས་མཐོང་ཡི་གེར་ཕབས།།
མཁས་མང་འདུས་པའི་སོ་མ་ར་ཛ་ལས།།
ཨ་རུའི་ཤ་ཡིས་རླུང་གི་ནད་རྣམས་སེལ།།
ཨ་རུ་རུས་པས་བད་ཀན་ནད་རྣམས་སེལ།།
དེ་བཞིན་ཚི་གུས་མཁྲིས་ནད་སེལ་བར་གསུངས།།
དེ་ལྟར་འདུ་སྙོམས་སྨན་རྒྱལ་ཨ་རུ་ལ།།
དབྱེ་བ་ལྔ་སོགས་ཡོད་ཀྱང་མཆུ་སྙུང་ནི།།
ལྟོ་སྦྱོང་གི་སྦྱོར་བ།
བཤལ་སྦྱོངས་སྐབས་སུ་འདི་ཉིད་གཙོ་ཆེ་བས།།
མཆུ་སྙུང་སྐམ་པོ་སུལ་མང་དོན་གཅིག་སྟེ།།
རྩ་བ་མཆུ་གཉིས་མ་ནོར་ངོས་བཟུང་གཅེས།།
ཡུ་བ་འབྲས་བུ་འབྲེལ་མཚམས་རྩ་བ་ཡིན།།
ངོ་བོ་མེ་རླུང་ཤས་ཆེ་གྱེན་དུ་འགྲོ།།
དེ་བས་སྐྱུགས་ཀྱི་གྲོགས་དང་བཤལ་གྱི་དགྲ།།
ཡུ་བ་མེད་སའི་མཇུག་ཏོ་མཆུ་དངོས་ཏེ།།
ངོ་བོ་ས་ཆུ་ཤས་ཆེ་ཐུར་དུ་འགྲོ།།
དེ་ཉིད་བསགས་ནས་སྨན་དུ་སྦྱར་བར་བྱ།།
ཁ་ཅིག་རྫས་འགྱུར་རིག་པའི་རིག་ལམ་ལྟར།།
མགོ་མཇུག་བར་གསུམ་གྲུབ་ཆ་གཅིག་ཡིན་པས།།
སྨན་ནུས་འདྲ་ཞེས་རང་ལུགས་ཤོར་ར་རེ།།
འདྲ་དང་མི་འདྲ་ཉམས་སུ་མྱོང་དང་གསལ།།
དེས་ན་འབྱུང་བཞིས་ཁྱབ་བྱ་ཁྱབ་བྱེད་དང་།།
གཅེས་པའི་ཡན་ལག་བདུན་སོགས་གནད་དུ་ཆེ།།
དེ་ལྟར་ཨ་རུ་ར་ཡི་མཆུ་འདི་ལ།།
བཙོ་བསྲེག་རྗེན་སོགས་འདུལ་ལུགས་མང་མོད་ཀྱང་།།
སྐབས་སུ་བབས་པའི་དེད་དཔོན་བཅུ་སྦྱོར་ནང་།།
ཨོང་བའི་མེ་ནུར་ཡོད་པས་ཐལ་ཚན་ནང་།།
སེར་ཙམ་བསྲེག་པས་ཆོག་གོ་དུག་འདོན་ནོ།།
བསེ་དུག་རེག་དུག་ལ་སོགས་མཚན་མའི་ནད།།
འདྲ་དང་མི་འདྲ་ཅུང་ཞིག་བཤད་དཀའ་མོད།།
དེ་སྔོན་མཁས་མཆོག་དགའ་བའི་རྡོ་རྗེ་ནས།།
དྲིན་གྱིས་བསྐྱངས་ཏེ་གནས་མཆོག་ལྷ་ལྡན་ནས།།
ཀོང་པོ་ཡུལ་གྱི་བདུད་རྩི་ཕུག་པ་དང་།།
གཡུ་ཐོག་གསར་མའི་སྒོ་བཞི་རེ་ཐང་སོགས།།
མཇལ་བའི་སྐལ་བཟང་ཐོབ་དང་སྨན་རྫས་བཙལ།།
དེ་དུས་ཀོང་པོའི་ཐང་སྨད་རྫོང་ཟེར་བ།།
རི་ཆུ་འཛོམས་ལ་ཁོར་ཡུག་ཉམས་དགའ་བ།།
ནགས་ཚལ་སྟུག་ཅིང་སྨན་གྱི་དྲི་ལྡང་བ།།
དེ་རུ་བསེ་ཤིང་ལ་སོགས་ཤིང་སྨན་མང་།།
བསེ་ཤིང་བསེ་ཞོ་འཛག་པ་དངོས་སུ་མཐོང་།།
ཀུན་གྱིས་དུག་ཡོད་བསམས་ནས་ཅུང་གྱེས་ཏེ།།
ལག་པས་འཇུ་དང་དྲི་སོགས་སྣོམ་མ་བྱས།།
ཤྲི་ཁཎ་ཌ་བསེ་ཤིང་ཞོ་ཡིན་པས།།
དེ་ཉིད་ཅུང་ཞིག་སླ་ངར་དྲོད་རྒྱབ་ན།།
རིམ་བཞིན་ནར་ནུར་པོ་རུ་གྱུར་བའི་དུས།།
མར་དཀར་མཉམ་དུ་ཡིད་ཙམ་དཀྲུགས་དཀྲུགས་བྱ།།
དེ་ནི་དུག་འདོན་ཡིན་ནོ་ཞག་གཅིག་བཞག།
དེ་ལྟར་རྗེས་མར་བསེ་ཤིང་དང་འཕྲད་ཚེ།།
ལག་པ་ཁ་མིག་སོགས་ལ་སྣུམ་བྱུགས་ནས།།
འཇུ་སྣོམ་བྱ་བ་བྱས་ཚེ་སྐྱོན་མེད་ཅེས།།
བརྒྱ་ཚོགས་སྟོང་འདུས་ཁྲོད་ནས་དགེན་གྱིས་གསུངས།།
དན་རོག་དན་ཁྲ་གཉིས་ལས་དན་རོག་ནི།།
དུག་ཤས་ཆེ་ལ་ཤིན་ཏུ་རྩུབ་པ་སྟེ།།
དང་ཐོག་སྐམ་པ་སོགས་ཀྱིས་ཕྱི་ཤུན་ཕྲལ།།
དེ་ནས་ཟླུམ་རིལ་བཅག་ན་བར་དཀྱིལ་དུ།།
བར་གྱི་ལྕེ་ལེབ་སྲབ་མོ་དུག་ཡིན་ཏེ།།
དེ་ཉིད་ཆེམ་ཙེ་སོགས་ཀྱིས་གཙང་མར་དབྱུང་།།
ལ་ལས་ལག་པའི་སེན་མོས་ཐད་གར་དུ།།
དུག་ཕྲལ་དུག་ཕོག་ལག་པའི་མཐེ་མོ་སོགས།།
སྐྲངས་ཤིང་རྣག་དང་ཆུ་སེར་འཛག་པ་མཐོང་།།
སེན་མོ་དངོས་སུ་ལྷུང་བ་མ་མཐོང་ཡང་།།
ལྷུང་ངམ་སྙམ་པའི་ཞེད་སྣང་ཅུང་ཙམ་ཡོད།།
ལ་ལས་དན་རོག་པ་དིག་ནག་རིལ་ཞེས།།
རྩེད་མཚར་ཚུལ་གྱིས་ཁྱུར་མིད་བྱེད་པ་ཡོད།།
དེ་འདྲ་མི་རུང་དུག་ཆེ་གཟབ་དགོས་སོ།།
དེ་ནས་དུག་དོན་ཟིན་པའི་དན་རོག་ནི།།
མེ་ཤུགས་ཅུང་བའི་རྩམ་སྐྱའི་སླ་ང་ནང་།།
མ་འཚིག་པ་ཡིས་ཡུན་རིང་དཀྲུགས་དཀྲུགས་བྱ།།
དེ་དུས་དན་རོག་ནང་གི་སྣུམ་བག་དག།
ཕྱི་ལ་ཐོན་པས་རྩམ་སྐྱ་སྣུམ་ལྡན་འགྱུར།།
དུག་ལྡན་རྩམ་སྐྱ་མེར་བསྲེག་ས་འོག་སྦ།།
དེ་བཞིན་དན་ཁྲའི་ཕྱི་ཡི་ཤུན་པ་ཕྲལ།།
དེ་ལ་ལྕེ་དོར་ཐད་གར་རྩམ་སྐྱའི་ནང་།།
བྱ་བའི་རིམ་པ་དན་རོག་དང་འདྲ་འོ།།
སྔོན་བུ་རྩ་བ་ལ་ཕུག་འདྲ་བ་དང་།།
མེ་ཏོག་སྔོན་པོ་འདབ་མ་ལྔ་ལྡན་གཉིས།།
ཅུང་ཙམ་མི་འདྲ་ཁྱད་པར་ཡོད་པས་ན།།
ད་ཐེངས་སྦྱར་བྱ་འདབ་མ་ལྔ་ལྡན་ཏེ།།
འདི་ལ་དམིགས་སུ་ཡོད་པའི་ཁྱད་ཆོས་ཤིག།
རྩ་བ་ལས་ཀྱང་དེ་ཡི་ལོ་མ་ལ།།
འཁྲུ་ནུས་ཆེ་བས་སྨན་དུ་ལོ་མ་སྦྱར།།
འདི་ནི་ཤིན་ཏུ་འཇམ་པའི་བཤལ་སྨན་ཏེ།།
དུག་འདོན་འཇམ་བཙལ་སོགས་ཀྱི་ལས་ཀ་མེད།།
རྒྱུ་ཁྲག་སྐམ་པོ་འདྲ་བའི་དོང་ག་ཡང་།།
དུག་འདོན་སོགས་ཀྱི་ལས་ཀ་ཆེར་མེད་ཀྱང་།།
ཕྱི་ཡི་པགས་པའི་སྟེང་གི་རྩི་ནག་པོ།།
གཙང་མར་བྲད་ནས་ཅུང་ཙམ་ཧྲོབ་བརྡུང་བྱ།།
ནང་དུ་འབྲུ་སྒྲིག་བར་གྱི་འཁོར་ལོ་དེ།།
སྣུམ་ཤས་ཅུང་ལྡན་འཁྲུ་བའི་ནུས་པ་ཆེ།།
དེ་ལྟར་དུག་དོན་ཟིན་པའི་ཨ་རུ་དང་།།
དན་རོག་དན་ཁྲ་སྔོན་བུ་དོང་ག་སོགས།།
མཉམ་དུ་བསྲེས་ལ་གཙང་མའི་ཆུ་ལ་སྦངས།།
མེ་ཤུགས་རན་པས་ཁུ་བ་ཡང་ཡང་གདུ།།
དེ་ལ་ཉུང་ཡང་ཐེངས་གྲངས་བཞི་ནས་ལྔ།།
གདུ་བསྐོལ་བྱས་ཏེ་ཁུ་བའི་སྙིགས་རོ་དོར།།
དྭངས་མ་གཅིག་ཏུ་བསགས་དེ་ཁཎ་ཌ་བྱ།།
དེ་ལྟར་དེད་དཔོན་བཅུ་པའི་སྦྱོར་བ་ལ།།
རྒྱུད་དུ་བཅུ་པའི་ཁཎ་ཌ་ཞེས་ཀྱང་ཟེར།།
དེ་ལ་ཁཎ་ཌ་རྣམ་པ་བཞི་འདུས་ཏེ།།
དུར་བྱིད་དང་ནི་གསུམ་ལྡན་ཐར་ནུ་གཉིས།།
མཉམ་བསྲེས་བྱས་ལས་གྲུབ་པའི་ཁཎ་ཌ་གཅིག།
ཁྲོན་བུ་དང་ནི་ལྕུམ་གྱི་རྩ་བ་གཉིས།།
མཉམ་བསྲེས་བྱས་ལས་གྲུབ་པའི་ཁཎ་ཌ་གཉིས།།
འདུ་སྙོམས་ཨ་རུ་འཇམ་བཤལ་སྔོན་བུ་དང་།།
དན་རོག་དན་ཁྲ་དོང་ག་རྣམ་པ་ལྔ།།
མཉམ་བསྲེས་བྱས་ལས་གྲུབ་པའི་ཁཎ་ཌ་གསུམ།།
ཤྲི་ཁཎ་ཌ་ཁཎ་ཌ་རང་དང་བཞི།།
དེ་ལྟར་ཁཎ་ཌ་རྣམ་པ་བཞི་བོ་ཡང་།།
མཐའ་མར་སྣོད་གཙང་གཅིག་ཏུ་མཉམ་བསྲེས་བྱ།།
སྣོད་གཞན་ངོས་ལ་འབྱར་བའི་ཁཎ་ཌ་དག།
འཛོམས་ན་བ་ཆུ་དྲོན་མས་གཙང་བཤལ་བྱ།།
མ་འཛོམས་ཆུ་གཙང་དྲོན་མས་བཤལ་ཀྱང་ཆོག།
ད་དུང་མུ་མཐུད་དཀྲུགས་ནས་ཁཎ་ཌ་བཟོ།།
ཚད་ནི་རིལ་བུ་བསྒྲིལ་ཏུ་ཐུབ་པ་འོ།།
གལ་སྲིད་ཁཎ་ཌ་བཟོ་ལ་ཁོམ་མེད་ན།།
དུར་བྱིད་ལ་སོགས་བཤལ་སྨན་བཅུ་བོ་དག།
དུག་འདོན་ཚད་ལྡན་བྱས་ལ་ཕྱེ་མ་བཟོ།།
ཕྱེ་མའི་ཚད་ནི་ཤིན་ཏུ་ཞིབ་དགོས་ཏེ།།
སྨན་ནུས་ཤིན་ཏུ་ཞིབ་ལས་འབྱུང་བ་ཡིན།།
ཞི་བྱེད་སྨན་ལ་གསེར་འགྱུར་རྩི་ཡིན་ན།།
སྦྱོང་བྱེད་སྨན་ལ་དེ་ལས་ཞིབ་པ་དགོས།།
དེ་ཡང་བ་ཆུ་ཅུང་ཙམ་དྲོན་མོའི་ནང་།།
སྨན་སྣ་བཅུ་པོ་མཉམ་དུ་བསྲེས་ནས་སུ།།
འདམ་འཐག་ཡུན་རིང་བྱས་ནས་རིལ་བུ་བཟོ།།
ཁཎ་ཌ་བྱས་དང་མ་བྱས་གང་ཡིན་ཀྱང་།།
རིལ་བུའི་ཚད་ནི་སྲན་མ་འཕོས་ཙམ་ཡིན།།
གལ་ཏེ་རིལ་བུ་བཟོ་བའི་གོ་རིམ་ནང་།།
ཁཎ་ཌ་ཡིན་པས་ཉོབ་ཆེ་མི་འགྲུབ་ན།།
དེད་དཔོན་བཅུ་ཡི་ཕྱེ་མ་ཅུང་ཙམ་ཞིག།
ཁ་སྣོན་བྱས་ཀྱང་ཉེས་སྐྱོན་ཆེར་མི་འབྱུང་།།
གལ་ཏེ་སྐམ་ནས་རིལ་བུ་མི་འགྲུབ་ན།།
བ་ཆུ་མ་འཛོམས་ཆུ་དྲོན་བསྲེས་ཀྱང་ཆོག།
བྲི་དང་སྣོན་སོགས་མ་ཆེན་ཨ་མ་ཡིས།།
བག་ལེབ་བཟོ་བའི་རྩལ་དང་འདྲ་བས་སོ།།
མ་འཚུབ་མ་བྲེལ་ཏན་ཏན་ཏིག་ཏིག་གིས།།
སྒམ་ཆུང་ཇ་ཁང་ལྟ་བུར་ལྷོད་ལྷོད་མཛོད།།
གནད་ཀྱི་མན་ངག་བདུན་སོགས་ཡོད་གྱུར་ན།།
དངུལ་ཆུའི་འདུལ་སྦྱོང་སོགས་ཀྱང་དགོས་ངེས་མོད།།
ཐེངས་འདིར་དེད་དཔོན་བཅུ་སྦྱོར་རྐྱང་ཡིན་པས།།
དུག་འདོན་འཇམ་བཙལ་སོགས་ཀྱང་དེ་ཙམ་མོ།།
དེ་ལྟར་དེད་དཔོན་བཅུ་ཡི་སྦྱོར་ཚད་ནི།།
དུར་བྱིད་ཐར་ནུ་གཉིས་ཀ་གཙོ་སྨན་ཏེ།།
གཞན་ལས་མང་སྟེ་རྒྱ་ཚད་སྲང་བརྒྱད་བརྒྱད།།
དེ་ནས་རིམ་བཞིན་ཨ་རུ་ཁྲོན་བུ་གཉིས།།
ཅུང་ཙམ་བྲི་ཡོད་གཉིས་ཀ་སྲང་དྲུག་དྲུག།
དེ་ནས་ལྕུམ་རྩ་སྔོན་བུ་དན་ཁྲ་དང་།།
དན་རོག་དོང་ག་རྣམ་པ་ལྔ་བོ་དག།
གོང་ལས་རྒྱ་ཚད་བྲི་དགོས་སྲང་བཞི་བཞི།།
ཤྲི་ཁཎ་ཌ་ཉུང་ངོ་སྲང་གཉིས་སོ།།
དེ་ལྟར་དེད་དཔོན་བཅུ་ཡི་སྦྱོར་སྡེབ་འདི།།
དགེ་རྒན་དམ་པའི་གསུང་ཉིད་ཡིེ་གེ་བཀོད།།
རྒན་གྱི་སྡེབ་སྦྱོར་མི་མཚུངས་མང་པོ་ལས།།
འདི་ཡང་གཅིག་གི་གྲས་སུ་འདུ་བ་ལགས།།
སྦྱོང་བཤལ་ཡག་པོ་ཞིག་ལ་བརྩོན་འདོད་ན།།
ཁྲུས་རྫས་སྣུམ་བྱུག་སྣ་སེལ་འཁྲོག་ཐང་སོགས།།
མེད་དུ་མི་རུང་སྦྱོང་གི་རྨང་གཞི་འདྲ།།
དེ་ལ་ཁྲུས་རྫས་མཁན་དཀར་སྦང་མ་དང་།།
བུལ་ཏོག་རྣམ་གསུམ་སྲང་ནི་གཅིག་གཅིག་གིས།།
བ་སྤུའི་དྲི་མ་འདག་ཅིང་རླུང་ཡང་ནོན།།
བྱུགས་སྨན་སྤང་སྤོས་རྒྱ་ཚད་སྲང་གཅིག་དང་།།
གུ་གུལ་ནག་པོ་སྲང་གཉིས་ཞོ་གཅིག་ནི།།
གདོན་སྲུང་ཡིན་ནོ་རླུང་ཡང་ནོན་པར་བྱེད།།
དེ་ནས་སད་མདའ་ལྟ་བུའི་སྣ་སེལ་ཐང་།།
ཨ་རུ་སྲང་གཉིས་ལྕུམ་རྩ་ཆུ་མ་རྩི།།
གཉིས་ཀའི་རྒྱ་ཚད་སྲང་ནི་གང་གང་སྟེ།།
རྒྱམ་ཚྭ་ཞོ་གསུམ་པི་ལིང་ཞོ་ལྔ་ཡིན།།
ལྟོ་བ་སྲ་སྙི་དཔག་ལ་མེད་མི་རུང་།།
དེ་ལྟར་སྦྱོང་བཤལ་ལས་ལྔ་གང་ཡིན་ཀྱང་།།
སྐམ་པོ་བརླན་གྱིས་བཀུག་པའི་ཤིང་བཞིན་དུ།།
རེངས་སྟབས་མ་ཡིན་སྔོན་འགྲོ་སྣུམ་འཆོས་སོགས།།
ཅི་ཙམ་རིང་ན་དེ་བས་ཕན་སྐྱེད་ཆེ།།
ཞི་བྱེད་སྨན་གྱིས་རང་གནས་མ་ཞི་ན།།
སྦྱོང་བྱེད་སྨན་གྱི་ཅིས་ཀྱང་སྦྱོང་དགོས་པས།།
འབྲས་བུ་གསུམ་དང་ཐང་ཆེན་ཉེར་ལྔ་སོགས།།
ནད་རྙིང་བྱེར་དང་འགྲམས་པའི་གཉེན་པོ་དག།
འདུས་རྟགས་མ་ཐོན་བར་དུ་བསྟེན་དགོས་ཏེ།།
ལུས་ལྕི་དང་ག་འགག་སོགས་མ་ཚང་ཡང་།།
ཉིན་གྲངས་གསུམ་ལྔ་བདུན་སོགས་དུས་བཅད་ཞིག།
ངེས་པར་དགོས་སོ་ནད་འདྲོངས་ཆེ་བ་དང་།།
བླ་གཉན་ཐོར་རླུང་སོགས་ཀྱི་གནོད་སྐྱོན་ཉུང་།།
དཔེེར་ན་མཆིན་ཚད་མཐོ་བའི་གསོ་བྱ་ཞིག།
དེ་རིང་དེ་ལ་སྦྱོང་ཞིག་གཏོང་དགོས་ཚེ།།
དེ་ཡི་སྔ་ཉིན་དགོང་མོར་སྣ་སེལ་འཐུང་།།
དེ་ལས་ལྟོ་བ་སྲ་སྙི་ཤེས་པས་ན།།
དེ་ལས་སྨན་ཐུན་ཚད་ཀྱང་ཤེས་དགོས་སོ།།
ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀ་ནས།།
སྣུམ་བྱུགས་བྱ་དགོས་སྦྱོང་གི་འགོ་བརྩམས་སོ།།
འདིའི་བར་དགོང་མོའི་ཟས་ཀྱང་ཅི་ནུས་བཟའ།།
དེ་ནས་དུས་ཚོད་དྲུག་སྟེང་ཟ་ཚོད་བསྟེན།།
སྣུམ་བྱུགས་ཧོར་མེ་སོགས་ཀྱང་གང་འཛོམས་བྱ།།
དེ་ནས་དགོང་མའི་དུས་ཚོད་བཅུ་བའི་སྟེང་།།
སྦྱོང་བཤལ་དངོས་ཀྱི་གཉེན་པོ་བསྟེན་དགོས་ཏེ།།
ཁཎ་ཌ་བྱས་ལས་གྲུབ་པའི་རིལ་བུ་ནི།།
ལྟོ་བ་སྙི་ལ་རིལ་བུ་གསུམ་རེ་དང་།།
དེ་ལས་སྲ་བ་རིལ་བུ་ལྔ་རེ་བསྟེན།།
སྤྱིར་བཏང་སྦྱོང་གི་མགོ་མཇུག་བར་གསུམ་དུ།།
རིལ་བུ་གསུམ་རེ་བཞི་རེ་བསྟེན་པས་ཆོག།
ཕྱེ་མས་བཟོས་པའི་རིལ་བུ་ཡིན་གྱུར་ན།།
རིལ་བུ་གསུམ་དང་བཞི་སོགས་རིག་པས་དཔྱད།།
སྦྱོང་སྨན་སྤྲོད་པའི་མཚམས་ཀྱི་དུས་བཅད་ནི།།
དུས་ཚོད་འཁོར་མོ་གསུམ་ཀྱི་ཡུན་ཡིན་ཏེ།།
དགོང་མོའི་བཅུ་ནས་མཚན་གྱི་དང་པོ་དང་།།
དེ་ནས་བཞི་བ་དེ་ནས་བདུན་བར་ཡིན།།
དེ་དག་མཚམས་ནས་དུས་ཚོད་ཕྱེད་ཀྱི་ནང་།།
དཔེར་ན་དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་།།
གཞུང་ནས་བསྟན་པའི་ཁ་སྒྱུར་སུམ་ཅུ་སོགས།།
རང་རང་ནད་ཀྱི་ཁ་སྒྱུར་བསྟན་དགོས་ཏེ།།
གཉེན་པོ་དངོས་དང་ནད་ཀྱི་ཁ་སྒྱུར་བར།།
དུས་ཚོད་ཕྱེད་དང་གཉིས་བཅད་ཡོད་དགོས་ཏེ།།
ཚད་ནི་ནས་འབྲུ་ཙམ་དང་ཤིན་ཏུ་ཉུང་།།
མང་ན་གཉེན་པའི་ངོ་བོ་དེ་ཡིས་འཕྲོག།
ཕལ་ཆེར་སྨན་ཐུན་གཅིག་གི་གསུམ་ཆའི་གཅིག།
སྦྱར་ན་འགྲིག་ཅེས་བསྟན་འཛིན་རྒྱལ་བོས་གསུངས།།
འདི་ནི་དཔེ་མཚོན་མཆིན་པའི་ནད་ཡིན་པས།།
ཁ་སྒྱུར་གུར་གུམ་བྲག་ཞུན་བ་ཤ་ཀ།།
སྦྱར་ཚད་ཆ་མཉམ་སྨན་ཐུན་གོང་བཞིན་ཡིན།།
དེ་ཡང་སྦྱོང་སྨན་གཏོང་བའི་གོ་རིམ་ནང་།།
སྐྱུག་ཏུ་མི་གཞུག་པ་ནི་གནད་ཡིན་དེ།།
དེ་ནི་སྦྱོང་ཉིད་ཐེབས་དང་མ་ཐེབས་ཀྱི།།
སོ་མཚམས་ཡིན་ཏེ་འགྲོ་འདུག་ཉལ་སྟངས་སོགས།།
གཞུང་བཞིན་བྱོས་ལ་ཡབ་ཆ་ཚང་བར་བྱ།།
འཁྲུ་ཚད་གཞུང་ནས་རབ་འབྲིང་ཐ་མ་ལ།།
སུམ་བཅུ་ཉི་ཤུ་བཅུ་སོགས་ཡོད་ན་ཡང་།།
ལུས་ཁམས་ཟོ་ལ་སྦྱར་ནས་བཤལ་རྒྱུ་གནད།།
བཤལ་ཐེངས་བཅུ་གཅིག་བཅུ་གཉིས་བཅུ་གསུམ་སོགས།།
དེ་ཡི་གཡས་གཡོན་ཡིན་པས་འགྲིག་འདུག་ཞེས།།
དགེ་རྒན་དམ་པའི་གསུང་ལས་ཐོས་པ་ཡིན།།
ད་ེལྟར་ལོག་གནོན་རྗེས་གཅོད་གཞུང་བཞིན་དུ།།
ཞིབ་ཅིང་ཕྲ་བའི་སྒོ་ནས་ལག་ལེན་བྱ།།
མི་ཤེས་མི་ནུས་ཕྱོགས་གཅིག་མི་འགྲིག་སྟེ།།
སྐབས་སུ་རྒྱ་སྟག་འདྲ་བ་ཅིས་ཀྱང་དགོས།།
ཤེས་སོ་སླ་བོ་དེ་ཡང་མ་ཡིན་དེ།།
སྒེག་མོ་མེ་ལོང་ལྟ་བུར་ནན་ཏན་དགོས།།
དེ་ནས་ལྟོ་སྦྱོང་འདི་ལ་གདེང་ཐོབ་ན།།
རིམ་བཞིན་རྩ་ལྟོ་སྦྲགས་མའི་སྦྱོང་ལ་བསླབ།།
ཐོག་རྡུག་ཉམ་ང་མེད་ན་རིམ་བཞིན་དུ།།
བྱང་པ་བདུན་སོགས་སྦྱོང་ལ་འཇུག་པར་བྱ།།
དཔེར་ན་ཐོས་པ་མེད་པས་ཅི་ཞིག་བསམས།།
བསམས་རྒྱུ་མེད་ན་ཡིན་མིན་ཅི་ཞིག་སྒོམ།།
སྒོམ་རྒྱུ་མེད་པས་ཡེ་ཤེས་གང་ལ་འཇོག།
དེ་ལྟར་རིམ་པ་བཞིན་དུ་འགྲོ་དགོས་སོ།།
སྦྱོང་བྱེད་ཀུན་གྱི་ལོག་གནོན་རྩ་སྦྱོང་ནི།།
སྨན་གྱི་ནུས་པ་གཞན་ལས་ཆེ་ན་ཡང་།།
རང་ཉིད་སྒེར་གྱི་གཙོ་བཅོས་གང་ཡིན་པ།།
དེ་ལ་གཞན་ལས་ལྷག་པའི་ཕན་ཆེ་མོད།།
ཐུན་མོང་ཀུན་ལ་ཕན་ཆེ་ག་ལ་ཡིན།།
དཔེར་ན་ཁྲག་གི་ཆུ་ཚན་གཡོ་བ་ལ།།
གཏར་ག་མིན་པས་ཕན་ཆེ་གཞན་ན་མེད།།
དེ་བཞིན་སྣོད་དུ་ལྷུང་བའི་ཚ་བ་ལ།།
ལྟོ་སྦྱོང་ལས་ཀྱང་ལྷག་པ་གཞན་ན་མེད།།
སྦྱོང་བྱེད་ལས་ལྔ་གང་དང་གང་ཡིན་ཀྱང་།།
དེ་ནི་རང་རང་ནད་ཀྱི་ལོག་གནོན་སྟེ།།
རྩ་སྦྱོང་འདི་ཉིད་བྱང་པ་གཙོ་ཆེ་བས།།
དྲེག་རྙིང་གྲུམ་བུ་རྐང་འབམ་མོ་ནད་དང་།།
པགས་ནད་མེ་དབལ་རྨ་རྙིང་འབྲས་ལ་སོགས།།
མདོར་ན་ཆུ་སེར་དཀར་ནག་ཁྲ་གསུམ་རྣམས།།
རྙིང་གོག་བཅོས་རྡུགས་ཀུན་ལ་མཆོག་ཡིན་པས།།
དེ་ལ་རྩ་ལྟོ་སྦྲགས་མའི་བཤལ་སྦྱོང་ནི།།
བསྐལ་བར་བཙལ་ཡང་དྲང་སྲོང་མཁས་རྣམས་ཀྱིས།།
སྙིང་ལས་ལྷག་ཅིང་གཙུག་གི་ནོར་བྱེད་པ།།
གནམ་ལྕགས་ཟིལ་བཤལ་འདི་ག་རང་ཡིན་པས།།
དེ་ལ་སློབ་དཔོན་དམ་པའི་ཕྱག་རྒྱུན་བཞིན།།
འདུལ་སྦྱོང་ཁ་ཚར་ལ་སོགས་ཞལ་ཤེས་རྣམས།།
ལག་ལེན་གནད་ཀྱི་མན་ངག་གོ་རིམ་བཞིན།།
གོ་བདེ་ཚིག་གིས་བརྗེད་ཐོ་ཡི་གེར་ཕབས།།
དང་པོ་ཆུ་སེར་འདྲེན་པའི་བྱང་པ་ནི།།
དམར་ཁྲ་སེར་ཁྲ་ནག་སོགས་དུ་མ་ལས།།
ནག་པོ་དུག་ཆེ་གཉན་ནད་ཁོ་ནར་བསྔགས།།
མིག་སྔར་ལག་ལེན་སྒང་ལ་བཀོལ་པ་ཉུང་།།
སེར་ཁྲ་དམར་ཁྲ་འདྲེས་མ་གང་ཡིན་ཀྱང་།།
དུག་འདོན་འཇམ་བཙལ་སོགས་ཀྱི་གནད་ཤེས་དགོས།།
བྱང་བའི་བར་གཤོག་དུག་ཡིན་འཕྲལ་དགོས་མོད།།
དུག་འཕྲལ་ཆེ་ན་ནད་འདྲོངས་ཆུང་བས་སྐྱོན།།
འདི་ལ་མན་ངག་གནད་ཀྱི་ཞལ་ཤེས་ནི།།
བྱང་བའི་བར་གཤོག་ཡ་གཅིག་འཕྲལ་ནས་སུ།།
གཙང་མར་ཉར་ནས་ཕྱི་བཀོལ་སྨན་རྫས་སོགས།།
བྱང་བ་དགོས་པའི་སྨན་དུ་སྦྱར་བས་ཆོག།
ཡ་གཅིག་མ་འཕྲལ་རང་སོར་བཞག་ནས་ནི།།
འགྱིག་རིགས་མིན་པའི་སང་རས་སྤུས་བཟང་ནང་།།
བཏུམ་པས་མགོ་རྐང་ཆག་ཀྱང་བོར་སྟོར་སོགས།།
མི་འབྱུང་ལས་ཀའི་དུས་ན་སྟབས་ཀྱང་བདེ།།
དེ་ལྟར་ནས་ཆང་ནང་དུ་རང་ཐིམ་སྦངས།།
དེ་ནས་ཡང་བསྐྱར་ལོ་བརྒྱད་དྲི་ཆུ་རུ།།
རང་ཐིམ་སྦངས་ནས་ཞག་མ་གཅིག་ལ་བཞག།
དེ་ནས་ཡོས་ཀྱི་ནང་ལ་འདུལ་དགོས་པས།།
ནས་ནི་ཡོས་སུ་གྱུར་པའི་སོ་མཚམས་སུ།།
དྲོད་ལྡན་ཡོས་སུ་བཏུམ་ནས་སྐམ་དུ་བཞུག།
འདི་ཀ་ཙམ་ཀྱིས་བྱང་བའི་ལས་ཀ་འགྲུབ།།
འདི་ལ་དུག་འདོན་འཇམ་བཙལ་མ་འདུས་མེད།།
དགེ་རྒན་དམ་པའི་ཞལ་ཤེས་ཁོ་ན་ལགས།།
གཞུང་མང་བཙལ་དང་མཁས་བརྒྱར་འདྲི་བྱས་ཀྱང་།།
འདི་ལས་ཟབ་པའི་ནོར་བུ་ཡོད་རེ་སྐན།།
དུག་གི་རྒྱལ་པོ་དངུལ་ཆུ་ཞེས་བྱ་བ།།
དུག་འདོན་དགོས་དང་མི་དགོས་སྦྱོར་སྡེ་གཉིས།།
གཅིག་ནི་སྒ་པི་ཕོ་རིས་དུག་འདོན་བྱ།།
དེ་ནས་མུ་ཟིའི་ནང་དུ་འདུལ་སྦྱོང་དགོས།།
གཅིག་ནི་དུག་འདོན་མི་དགོས་གོ་རིམ་བཞིན།།
དྲོད་གྲང་འཚམས་པའི་མུ་ཟིར་འདུལ་སྦྱོང་བྱ།།
དེ་སྔོན་མགོ་ལོག་སྨན་པ་ཏིང་འཛིན་གྱིས།།
དུག་གི་ནད་རྣམས་དུག་གིས་འཇོམས་དགོས་པས།།
དངུལ་ཆུའི་དུག་འཕྲལ་སྨན་གྱི་ནུས་པ་ཞན།།
དུག་ནད་ཀུན་ལ་དུག་རང་དགོས་པར་གསུངས།།
ལུས་བཅུད་གསོ་བའི་དར་ཡ་ཀན་བྱེད་ན།།
དེ་ལ་ངེས་པར་དུག་འདོན་འདུལ་སྦྱོང་སོགས།།
མན་ངག་གོ་རིམ་བཞིན་དུ་མ་ནོར་གསུངས།།
དེ་ལྟར་བསམས་ན་འདིར་ཡང་གནད་ཅིག་འདུག།
གནམ་ལྕགས་འདི་ལ་དམིགས་ཀྱིས་དགོས་པ་ནི།།
དུག་སོགས་གཉེན་པོར་གྲང་འདུལ་ངེས་པར་དགོས།།
དངུལ་ཆུ་ཚ་འདུལ་འདི་ཀ་ཆུ་སེར་བསྔགས།།
སྒ་པི་ཕོ་ཡིས་གཡའ་ཕྱི་ཚད་ལྡན་དང་།།
མུ་ཟི་ལ་ཡང་དུག་འདོན་ལེགས་པར་བྱ།།
དང་པོ་མུ་ཟི་དངུལ་ཆུ་རྣམ་པ་གཉིས།།
ཚད་ནི་མཉམ་ལ་མུ་ཟི་སྤུས་བཟང་ནི།།
ཅུང་ཟད་མང་ཡང་ནོར་བའི་ཉེས་པ་མེད།།
དེ་ལ་དང་པོ་མུ་ཟི་འདུལ་ལུགས་ནི།།
མར་ནག་དྲོད་འཇམ་ནང་དུ་བླུགས་ནས་སུ།།
མེ་ཤུགས་ཆུང་ངུས་ཡུན་གྱིས་དཀྲུགས་དཀྲུགས་བྱ།།
མར་ནག་མུ་ཟིའི་འདྲེས་པར་གཏུན་དུ་འདུལ།།
མཐིང་ནག་འོད་འཚེར་རྩི་བཞིན་ལེགས་པར་ཚགས།།
ཧ་ཤིག་དམར་དཀར་སེར་དང་སྔོན་པ་སོགས།།
རིགས་ཀྱི་དབྱེ་བ་འདྲ་མིན་ཡོད་གྱུར་ཀྱང་།།
རྩ་སྦྱོངས་ཉིད་ལ་དམར་པོ་མཆོག་ཡིན་ཏེ།།
ཁྲབ་ཁྲོབ་ནས་འབྲུ་འདྲ་བར་རྡུང་ནས་སུ།།
ཡང་ན་རྡོ་སྨན་སྤྱི་ཡི་འདུལ་ལུགས་ལྟར།།
ཧ་ཤིག་འདུལ་ལུགས་ཡིན་ནོ་གཅེས་དགོས་སོ།།
ཤུག་ཚེར་ཆུ་སྦངས་སྨན་ཁུ་ཡང་ཡང་བཏོན།།
གདུས་པའི་ཁུ་བ་གཞུང་བཞིན་ཁཎ་ཌ་བཟོ།།
སྟོན་མཇུག་བཏུས་པའི་དུར་བྱིད་སྤུས་བཟང་ནི།།
ལྟོ་སྦྱོངས་སྐབས་ལྟར་ལག་ལེན་གང་བདེར་བྱ།།
དེ་ནས་སྤང་རྩི་དོ་བོ་འཛིན་པ་དང་།།
བལ་གུར་ལྡུམ་བུ་རེ་རལ་རྣམ་པ་བཞི།།
མཉམ་དུ་བསྲེས་ལ་ཆུ་གཙང་ཞིག་ཏུ་སྦངས།།
རེངས་སྟབས་མ་ཡིན་མེ་ཤུགས་རན་པས་གདུས།།
གདུས་ནས་དྭངས་མ་ཁཎ་ཌ་ལྟ་བུར་བཟོ།།
གལ་ཏེ་ཁཎ་ཌ་བཟོ་བའི་ཁོམ་མེད་ན།།
སྨན་སྣ་བཞི་དག་མཉམ་དུ་བསྲེས་ནས་སུ།།
ཞིབ་མོར་འཐག་ནས་སྨན་དུ་སྦྱར་ཀྱང་ཆོག།
གང་ལྟར་འདི་བཞི་རྒྱ་ཚྭ་གླ་རྩི་དང་།།
ཁ་གུར་བདུན་ལ་དུག་འདོན་འཇམ་བཙལ་སོགས།།
མེད་པས་གང་བདེ་གང་བཟང་སྦྱར་བས་ཆོག།
དེ་ལྟར་འདུལ་སྦྱོང་གང་འཚམ་སོང་ནས་སུ།།
ད་ནི་སྦྱོར་སྡེ་འདི་ཡིས་རྒྱ་གྲངས་ནི།།
དངུལ་ཆུ་རྒྱ་མ་གང་དང་སྲང་གཉིས་ལ།།
བྱང་བ་སྲང་དགུ་ཁ་གུར་ཞོ་དྲུག་དང་།།
རྒྱ་ཚ་སྲང་བཞི་ཞོ་དྲུག་དུར་བྱིད་ནི།།
རྒྱ་མ་གང་དང་སྲང་ནི་གཉིས་ཡིན་ཏེ།།
བལ་གུར་འདི་ལ་རྩ་གུར་ཞེས་ཀྱང་ཟེར།།
རྒྱ་མའི་ཚད་ནི་སྲང་དྲུག་གླ་རྩི་ནི།།
ཞོ་གསུམ་དེ་བཞིན་འཛིན་པ་ཞོ་དགུ་ཡིན།།
དེ་ནས་སྤང་རྩི་དོ་བོ་ཧ་ཤིག་དང་།།
ཤུག་ཚེར་ཁཎ་ཌ་རེ་རལ་རྣམ་པ་བཞི།།
རྒྱ་ཚད་འདྲ་འོ་སྲང་གསུམ་ཞོ་དྲུག་གོ།
ཞིབ་མོ་འཐག་ནས་ལོ་བརྒྱད་དྲི་ཆུ་ཡིས།།
འདམ་ཐག་བྱས་ཏེ་རིལ་བུ་སྲན་ཙམ་བྱ།།
སྤྱིར་ན་གནམ་ལྕགས་ཟིལ་བཤལ་འདི་ཉིད་ནི།།
རྩ་ལྟོ་སྦྲགས་མའི་སྦྱོང་ཞིག་ཡིན་པས་ན།།
རྩ་སྦྱོང་གཙོ་ཆེར་འདོད་ན་བྱང་པ་བསྐྱེད།།
དེ་བཞིན་ལྟོ་སྦྱོང་འདོད་ན་དུར་བྱིད་བསྐྱེད།།
འབུ་བྱང་པ།་
ཞར་བྱུང་བྱང་པ་བདུན་པའི་སྦྱོར་ཚད་ནི།།
དུག་བཏོན་བྱང་པ་སྲང་གང་ཞོ་གང་ལ།།
སྡིག་སྲིན་ཞོ་ལྔ་ཕུན་ལྔ་རྒྱ་ཚྭ་ནི།།
ཞོ་བརྒྱད་ཁ་གུར་སྤུས་བཟང་ཞོ་དྲུག་དང་།།
ཚ་ལ་ཆུ་བཅད་བྱས་པ་ཞོ་བདུན་ལ།།
མཚལ་དང་ཧ་ཤིག་གཉིས་པོ་ཞོ་ལྔ་ལྔ།།
ཞིབ་ཏུ་འཐག་ལ་ནས་ཆང་བཟང་པོ་ཡིས།།
འདམ་ཐག་བྱས་ནས་རིལ་བུ་སྲན་ཙམ་དྲིལ།།
དེ་ཡང་དགེན་གྱི་མན་ངག་སྦྱོར་སྡེབ་ནི།།
ཡུལ་ལུང་སྨན་ཁང་སོ་སོར་རྒྱ་མའི་ཚད།།
མི་འདྲ་བ་ཡིས་མན་ངག་ཁྱད་ཏུ་འཕགས།།
འདི་ཡང་དགེན་གྱིས་གནའ་མཁར་ཟི་ལིང་ནས།།
ཞིང་ཆེན་བོད་སྨན་ཁང་ལ་ཆིབས་སྒྱུར་སྐབས།།
མན་ངག་གང་བྱུང་ཟིན་བྲིས་བཏབ་པ་ལགས།།
དེ་ལྟར་སྨན་ངོའི་འདུལ་སྦྱོང་སྦྱོར་ཚད་སོགས།།
གང་འཚམ་གང་བདེ་གང་མཁོ་བཀོལ་ནས་སུ།།
ད་ནི་རྩ་ལྟོ་སྦྲགས་མའི་སྔོན་འགྲོ་དང་།།
སྣ་སེལ་མདུང་སྨན་ཁ་བསྒྱུར་ལ་སོགས་པ།།
གོ་བདེ་ཚིག་ཉུང་ལམ་ནས་སྟོན་པར་བྱ།།
ཀོ་རྙིང་གྱོང་བོ་སྣུམ་གྱིས་མ་བགུག་ན།།
ཀོ་ལས་གང་བྱས་ལམ་དུ་མི་འགྲོ་ལྟར།།
རྩ་ལྟོ་ལམ་ནས་ནད་ཡུལ་ཕྱིར་འབྱིན་པར།།
སྔོན་འགྲོ་མེད་པས་སྦྱོངས་ཉིད་ཐེབས་པ་དཀའ།།
དེའི་ཕྱིར་མ་སྨིན་པ་རྣམས་སྨིན་བྱེད་དང་།།
བྱེར་བ་བསྡུ་དང་ཞེན་པ་སློང་བྱེད་དང་།།
འདྲིལ་བ་བཤིག་བྱེད་དགོས་ངེས་སྨན་སྣ་སོགས།།
གང་ལ་གང་མཁོ་སོ་སོའི་སྒེར་སྨན་ནི།།
དགེ་བཤེས་ཆེན་མོ་དེའུ་དམར་བསྟན་འཛིན་དང་།།
དྲང་སྲོང་ཆེན་མོ་བསྟན་སྲུང་གྲགས་པ་སོགས།།
མཁས་པའི་བརྩམས་ཆོས་དག་ན་ཤིན་ཏུ་གསལ།།
ཐུན་མོང་ཀུན་དང་དེང་དུས་རྒྱུགས་ཆེ་བ།།
འབྲས་བུ་གསུམ་དང་ཐང་ཆེན་ཉེར་ལྔ་དང་།།
དེ་ཡི་སྟེང་ལ་ནད་དངོས་ཞི་བྱེད་སྨན།།
གཉེན་པོ་གང་འཚམ་ཞིག་ཀྱང་བསྟེན་དགོས་སོ།།
རྩ་སྦྱོང་ཆུ་ལམ་དག་ལ་བརྟེན་པའི་ཕྱིར།།
མཁལ་ནད་ཅན་དང་དགེ་སློང་ལ་སོགས་པ།།
ད་བྱིད་བརྒྱད་པས་མཁལ་མའི་རྩ་ལམ་དག།
སྦྱངས་ཞིང་མཁལ་ནུས་གསོ་བ་ཤིན་ཏུ་གལ།།
དེ་ལྟར་སྔོན་འགྲོ་ཟླ་དང་ཟླ་ཕྱེད་བར།།
ཞག་གྲངས་མང་བས་སྦྱོང་ཐེབས་སླ་བར་གསུངས།།
རྩ་སྦྱོང་ཐེབས་རྟགས།
ཉེ་བའི་སྔོན་འགྲོ་བདུན་ལྔ་གསུམ་ལ་སོགས།།
གང་འཚམ་ཞིག་གི་ཞག་གྲངས་ངེས་པར་དགོས།།
དེ་ཡི་བར་ལ་རླུང་འདུལ་སྣུམ་འཆོས་ཡང་།།
ཉིན་རེ་ཐེངས་རེ་རྒྱུད་ལྟར་ལག་ལེན་བྱ།།
ལྕམ་པ་གཡེར་མ་ཆ་སྙོམས་སྲང་ལྔ་ལྔ།།
རྩ་འབྱེད་ཐང་ཡིན་གཡེར་མའི་འབྲུ་གུ་དོར།།
རྭ་ཡི་ཝ་གདོང་དཔྱི་ཡི་འཁོར་མིག་དང་།།
ལྕམ་ལོ་སྲང་གསུམ་གཡེར་མ་ཁེ་གསུམ་ལ།།
ལན་ཚྭ་ཚྭ་འདེབས་ཙམ་གྱི་སྦྱོར་བ་འདི།།
ཉི་དགའི་འདབ་ཚོད་ཡིན་པས་ཙེ་གུར་བསྟེན།།
སྣ་སེལ་སྣ་ཁྲིད་དོན་གཅིག་སུག་སྨེལ་དང་།།
སྡིག་སྲིན་ཁུ་བྱུག་ཉི་དགའ་རྣམ་པ་བཞི།།
སྦྱོར་ཚད་ཆ་སྙོམས་རྒྱ་གྲངས་སྲང་ལྔ་ལྔ།།
གལ་སྲིད་སྣ་སེལ་ནང་གི་རྩ་ཁུ་བྱུག།
མ་འཛོམས་དེ་ཡི་ཚབ་ལ་ཀོ་ཋ་བསྣན།།
ཡང་ན་ཀོ་ཋ་ཕྱེད་དང་ཁུ་བྱུག་ཕྱེད།།
མཉམ་བསྲེས་བྱས་ཏེ་སྦྱར་ཀྱང་ཆོག་པར་གསུངས།།
སྡིག་སྲིན་དཀར་པོ་གཞུང་བཞིན་དུག་འདོན་བྱ།།
དེ་ནས་ནད་ཀྱི་སྟེང་ལ་མདུང་འདྲའི་སྨན།།
ལི་ཤི་སྡིག་སྲིན་ལྕམ་པ་རྣམ་པ་གསུམ།།
རྒྱ་ཚད་ཅུང་མཐོ་རྒྱ་མ་གང་གང་རེ།།
རྒྱ་ཚྭ་དང་ནི་རྒྱ་མཚལ་ཅོག་ལ་མ།།
གཉིས་པོའི་རྒྱ་ཚད་གྲངས་ནི་སྲང་ལྔ་རེ།།
རྒྱ་མཚལ་འདི་ལ་དངུལ་ཆུ་འདུས་པས་ན།།
དུག་འདོན་དགོས་སོ་ཁ་སྣར་འགྲོ་རྒྱུར་གཟབ།།
དེ་ལྟར་རྩ་ལྟོ་སྦྲགས་མའི་དགོས་ངེས་སྨན།།
ཆད་སྐྱོན་ལྷག་སྐྱོན་མེད་པར་ལྟ་གོན་བྱ།།
དེ་ལྟར་བརྒྱ་བཤད་ཚིག་གི་རྩ་བ་དང་།།
སྟོང་དཀྲུགས་འོ་མའི་སྙིང་བོ་མར་ལོ་ནི།།
ཡུན་རིང་འགོར་དང་སྨན་པས་བོར་བ་ཡི།།
བཅོས་བརྡུགས་ནད་པར་ཡིད་བཞིན་ནོར་ལྟ་བུ།།
རྩ་ལྟོ་སྦྲགས་མའི་ལས་དངོས་འཇུག་པར་བྱ།།
དང་པོ་ཞི་བྱེད་སྨན་གྱིས་རང་གནས་སུ།།
ཞི་བའི་ཐབས་ལ་ཉིན་མ་འགར་བརྩོན་ཀྱང་།།
ཕན་སྐྱེད་མ་བྱུང་ཅིས་ཀྱང་སྦྱོངས་དགོས་པས།།
དཔེར་ན་དེ་རིང་ནད་པ་ཞིག་ལ་སྦྱོང་རྒྱག་ཚེ།
གོང་ནས་བཤད་པའི་སྔོན་འགྲོའི་ཞག་གྲངས་དག།།
གཞིར་བཞག་སྟེང་ལ་བདུག་སྤོས་བགེག་བསྐྲལ་སོགས།།
རིམས་གྲོའི་ལས་རིམ་དགོས་པ་རྒྱུད་ན་གསུངས།།
དེ་ལྟར་དངོས་ངེས་ཆ་རྐྱེན་ཚགས་དམ་ཅིག།
ཇི་ལྟར་འཛོམས་ན་དེ་བས་བློ་སེམས་བདེ།།
རྩ་འབྱེད་ཐང་དང་མདུང་སྨན་འདབས་ཚོད་སོགས།།
ཉིན་འགའ་སྔོན་ནས་ཙེ་གུར་བསྟེན་ཀྱང་ཆོག།
དཔེར་ན་ཞོགས་པའི་དུས་ཚོད་དགུ་བའི་སྟེང་།།
རྩ་འབྱེད་ཐང་བསྟེན་བཅུ་འམ་བཅུ་གཅིག་སྟེ།།
དུས་ཚོད་གཅིག་དང་ཡང་ན་གཉིས་ཀྱི་རྗེས།།
སྣ་སེལ་བསྟེན་ཅིང་དེ་ལྟར་རེས་མོས་བྱ།།
སྐབས་སུ་འབྲས་བུ་གསུམ་གྱི་ཐང་ཡང་བསྟེན།།
དེ་ཡི་བར་ལ་བསྐུ་མཉེ་ཧོར་མེ་སོགས།།
ཉིན་མ་རེ་ལ་ཐེངས་རེ་ངེས་པར་དགོས།།
སྦྱོང་གི་སྔོན་འགྲོ་ཡིན་པའི་སྨན་འདི་དག།
ཕལ་ཆེར་ཆུ་ཚོད་གཉིས་ཀྱི་རྗེས་དག་ལ།།
ཕན་ཚུན་རེས་མོས་བྱས་ཏེ་ཁེ་གསུམ་རེ།།
ནད་པའི་བབས་དང་བསྟུན་ནས་བསྟེན་པར་བྱ།།
དེ་ནས་གནམ་ལྕགས་ཟིལ་བཤལ་སྦྱོང་དངོས་ལ།།
སྨན་ཐུན་སོ་སོར་བར་གྱི་དུས་མཚམས་ནི།།
ཆུ་ཚོད་འཁོར་མོ་གསུམ་གྱི་ཡུན་ཡིན་ཏེ།།
དཔེར་ན་དགོང་མའི་ཆུ་ཚོད་དགུ་བའི་སྟེང་།།
གནམ་བཤལ་རིལ་བུ་བཞི་འམ་ཡང་ན་ལྔ།།
ཆུ་ཁོལ་གྱིས་ཕུལ་སྨྲ་ལས་འགུལ་བསྐྱོད་གཟབ།།
འདི་དུས་སྐྱུགས་ན་སྦྱོངས་ལ་བར་ཆད་ཆེ།།
ཐེབས་དང་མི་ཐེབས་འདི་ལ་རག་ལས་སོ།།
དེ་ནས་རྗེས་ཀྱི་ཆུ་ཚོད་བཅུ་གཉིས་སྟེང་།།
གོང་ལྟར་གནམ་བཤལ་རིལ་བུ་བཞི་འམ་ལྔ།།
རིམ་པ་བཞིན་དུ་ཆུ་ཁོལ་ཚ་མོས་འཕུལ།།
དེ་ལྟར་ཞོགས་པའི་ཆུ་ཚོད་དགུ་བའི་དབར།།
ནད་འདྲོངས་ཆེ་ཆུང་དཔག་སྟེ་བསྟེན་པར་བྱ།།
གནམ་བཤལ་གཏོང་བའི་དུས་ཀྱི་གོ་རིམ་ཁྲོད།།
ནད་འདྲོངས་ཆེ་ཕྱིར་མདུང་སྨན་དགོས་ངེས་ཏེ།།
གནམ་བཤལ་བཏང་ནས་ཆུ་ཚོད་གཅིག་འགོར་ན།།
དེ་ཡི་བར་ནས་མདུང་སྨན་བསྟེན་དགོས་པས།།
དཔེར་ན་དགུ་བའི་སྟེང་དུ་གནམ་བཤལ་དང་།།
བཅུ་བའི་སྟེང་དུ་མདུང་སྨན་བསྟེན་དུས་ཡིན།།
མདོར་ན་གནམ་བཤལ་ཕན་ཚུན་བར་ལ་ནི།།
ཆུ་ཚོད་འཁོར་མོ་གསུམ་དང་མདུང་སྨན་ལ།།
ཆུ་ཚོད་འཁོར་མོ་གཅིག་གི་དུས་ཡུན་དགོས།།
དེ་ལྟར་རྩ་སྦྱོང་གཏོང་བའི་གོ་རིམ་ནང་།།
སྐྱུགས་དུ་མི་གཞུག་པ་ནི་གནད་ཡིན་ཏེ།།
སྐྱུགས་པས་ཐོར་རླུང་དྲགས་པོ་ལྡིང་བའི་གནད།།
སྐྱུགས་པས་སྨན་ནུས་རྩ་ལ་མི་སྟེར་གནད།།
སྐྱུགས་པས་གྱེན་རྒྱུའི་ལམ་སྣ་འགག་པའི་གནད།།
སྐྱུགས་པས་སྨན་ལ་བྲེད་ཅིང་སྡར་བའི་གནད།།
སྐྱུགས་པས་ཟས་སྨན་གང་ཡང་མི་ལེན་གནད།།
སྐྱུགས་པས་ལུས་ཟུངས་གང་ཡང་མ་རུང་གནད།།
སྐྱུགས་པས་རིན་ཆེན་སྨན་ཡང་ཆུ་ཟོས་གནད།།
སྐྱུགས་པས་སྦྱོངས་ཀྱི་ལས་འཕྲོ་འཇོག་དགོས་གནད།།
དེའི་ཕྱིར་སྐྱུགས་པའི་རྒྱུ་ལ་ཤིན་ཏུ་གཟབ།།
མ་སྐྱུགས་མ་འགྱིངས་ཚུལ་ལྟར་ཐེབས་དུས་ནི།།
ནད་པའི་རྟེན་སྟོབས་སྨན་གྱི་བཟང་ངན་ལས།།
མི་འདྲ་བ་ཡི་ཁྱད་པར་ཡོད་ན་ཡང་།།
ཐོ་རེངས་ཞོགས་པ་ཉི་དྲོའི་དུས་མཚམས་ལ།།
སྔོན་ལ་འཁྲུ་ཞིང་རྗེས་ནས་རྩ་སྦྱོང་གི།།
ཐེབས་པའི་རྟགས་ལ་གཅིན་ཁ་ཚ་ཙག་བྱེད།།
གཅིན་པ་གཏོང་སྙིང་ཡང་ཡང་འདོད་པ་དང་།།
བཏང་ཀྱང་གཏོང་རྒྱུ་ཐིག་པ་རེ་གཉིས་ཙམ།།
རྒྱུ་ཞབས་མཚན་མ་མཁལ་རྐེད་ན་ཞིང་གཟེར།།
དེ་དུས་སྦྱོང་གི་ཆུ་མོ་རྒྱུགས་པ་ལ།།
ལྕགས་ཚན་རྣོན་པོས་འབྲབ་དགོས་དུས་ལ་བབས།།
འདི་ལས་སྔ་ན་ཟུག་སྐྱེ་ཨ་ཅང་ཆེ།།
འདི་ལས་འཕྱི་ན་ནད་ཀྱི་རྩད་མི་འདྲོངས།།
མ་སྔ་མ་འཕྱི་དབུ་མའི་གནད་དེ་བཟུང་།།
ཉམས་མྱོང་མཐོང་གོམས་མེད་པའི་སྨན་གསར་འགས།།
ཐེབས་རྟགས་ཆུ་འགག་གཉིས་ཀ་ནོར་ནས་སུ།།
གཅིན་པ་འགག་སོང་སྙམ་ནས་ཞེད་སྣང་སྐྱེས།།
གཅིན་འདྲེན་སྦུ་གུ་བཀོལ་བ་རེ་འགའ་མཐོང་།།
དེ་ནི་རང་སྐྱེངས་གཞན་གྱིས་གད་མོའི་གནས།།
སྦྱོང་གི་མགོ་མཇུག་བར་གསུམ་གང་ལ་ཡང་།།
གསོ་བྱ་དྲོད་ཀྱིས་བཏུམས་པ་ཤིན་ཏུ་གལ།།
དྲོད་ཀྱིས་རྩ་ཁ་འབྱེད་ཅིང་ན་ཟུག་གཅོག།
གྲང་བས་རྩ་ཁ་བསྡམ་ཞིང་ན་ཟུག་བསྐྱེད།།
རྩ་ཁ་བསྡམ་ན་ནད་རོ་འདྲོངས་ལ་གནོད།།
ན་བའི་གནས་ལ་རྡེ་འུ་ཆང་བྲན་བསྟེན།།
ན་ཟུག་གཅོག་ལ་ཁྱད་ཆོས་དམིགས་བསལ་ལྡན།།
བྱང་དུག་རྩུབ་བས་ན་ཟུག་ལྡང་གྱུར་ན།།
ཤིང་མངར་པི་པི་ལང་གཉིས་ཆ་སྙོམས་ཐང་།།
དེས་ཀྱང་ན་ཟུག་མྱུར་དུ་ཞི་བར་འགྱུར།།
རླུང་གིས་ཟུག་ལངས་རླུང་བཅོས་བྱས་པས་ཆོག།
གཞན་ཡང་ན་ཟུག་ལངས་པའི་རྐྱེན་ཞིག་ནི།།
མཁལ་མ་ལྒང་ཕུག་ཆུ་ལམ་གང་རུང་ན།།
ཤིན་ཏུ་ཆུང་ངུའི་ཆོལ་རྡེའུ་རྐྱེན་བྱས་ཏེ།།
གཅིན་བཀག་ན་ཟུག་ཆེན་པོ་ལྡང་བ་ཡོད།།
དེ་འདྲར་ཐོག་མ་ཉིད་ནས་སྨན་པ་ཡིས།།
ཚོན་ལྡན་སྒྲ་བརྒལ་ལ་སོགས་གཞོགས་བརྟག་གིས།།
ཞིབ་ཕྲ་ཚགས་དམ་སྒོ་ནས་བརྟག་རྒྱུ་གལ།།
རྣག་ཁྲག་ཆུ་སེར་སྣ་ཚོགས་བྱུང་ན་ཡང་།།
སྔོན་འགྲོ་བཟང་དང་སྨན་ཐུན་འགྲིག་པ་ཡིས།
གཅིན་ལམ་བཀག་པའི་ནད་པ་མཐོང་མྱོང་མེད།།
དེ་བཞིན་གཅིན་སྙི་ཡོད་མེད་བརྟག་པ་གལ།།
གལ་སྲིད་ཡོད་ན་རྩ་སྦྱོང་མི་རུང་གསུངས།།
གཞན་ཡང་རྒྱུ་མའི་གླང་ཐབས་གང་རུང་སྟེ།།
ལ་ལ་ཞིག་གིས་རྒྱུ་མ་དྲང་སྲོང་ཟེར།།
སྨན་པ་ཕལ་ཆེས་རྒྱུ་ལྷག་ནད་ཅེས་ཟེར།།
སྨན་རྒན་འགའ་ཡིས་གྲང་བ་ཡར་ལོག་ཟེར།།
གང་ལྟར་ལོང་སྟོད་ལུ་གུ་མགོ་ཡི་གནས།།
བརྡོལ་དང་མ་བརྡོལ་རེད་པ་གང་རུང་ལ།།
རྩ་སྦྱོངས་མི་རུང་བརྡོལ་བའི་ཉེན་ཁ་ཆེ།།
དེ་ལྟར་ཁོག་པའི་བཤལ་གྲངས་བཅུའི་གཡས་གཡོན།།
གཅིན་པའི་གྲངས་ནི་བཅོ་ལྔ་ཉི་ཤུ་དང་།།
རབ་ཏུ་ལེགས་ན་སུམ་བཅུའི་གཡས་གཡོན་ནི།།
སྦྱོངས་ཉིད་ཤིན་ཏུ་ལེགས་པའི་རྟགས་སུ་མངོན།།
དེ་ལྟར་དངོས་གཞི་ལེགས་པར་སོང་ནས་ནི།།
ཕྱི་རྗེས་གཅོད་པ་འདི་ཡང་ཤིན་ཏུ་གལ།།
སྤྱིར་ན་རྩ་སྦྱོང་གཏོང་རྒྱུ་དཀའ་མོད་ཀྱང་།།
རྗེས་ཀྱི་སྤྱོད་ལམ་སྲུང་རྒྱུ་དེ་བས་དཀའ།།
ལོ་དང་ཟླ་བའི་བར་དུ་ཟས་སྤྱོད་དག།
ནད་ཀྱི་རྒྱུ་མཐུན་ཐམས་ཅད་རབ་སྤངས་ནས།།
ཚ་གྲང་གང་མཐུན་ཟས་སྤྱོད་གདམ་ཤེས་ན།།
ནད་རོ་རྩད་ནས་འབྱིན་པའི་གདམ་ཟབ་ལགས།།
བག་འཁུམ་ཐུགས་ཆུང་ཀུན་ལ་ཕན་དཀའ་བས།།
སྐབས་སུ་རྒྱ་སྟག་འདྲ་བ་ཅིས་ཀྱང་དགོས།།
མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར།།
སྦྱོང་བཤལ་ལག་ཏུ་བསྟར་ལ་སྙིང་མ་ཆུང་།།
སྐལ་མང་གོང་ནས་དྲང་སྲོང་མཁས་རྣམས་ཀྱིས།།
འདི་ལས་ལྷག་པའི་སྙིང་ནོར་གཞན་མ་རྙེད།།
དེང་གི་ཚན་རྩལ་རླབས་རྒྱུན་དཔངས་མཐོ་ཡང་།།
འདི་ལས་བཅོས་སྐྱེད་བཟང་བ་ཡོད་རེ་སྐན།།
འོན་ཀྱང་ཕ་ནོར་ཕུགས་ཀྱི་ས་ལེ་སྦྲམ།།
ཕྱི་རབས་མང་པོས་ཕལ་བའི་ཟངས་དང་འཁྲུལ།།
མིག་མཐོང་ཙམ་གྱིས་འདྲ་ས་ཡོད་ན་ཡང་།།
བསྲེག་གཏུབ་བཅད་སོགས་དཔྱད་གསུམ་རབ་བརྟག་ན།།
ཡང་དག་རིག་པས་ངེས་ཤེས་གཏིང་ནས་འདྲོངས།།
གནས་སྐབས་ནད་མེད་ཕུགས་ཀྱི་འདུན་མ་ལ།།
ཡིན་པ་ཡིན་པར་ཤེས་པའི་བློ་བཞག་དང་།།
བཟུང་འཛིན་གཉིས་ཀ་ཤིག་པའི་བེམ་རིག་གིས།།
སྲིད་པའི་ཁྱོན་འདི་བདེན་བདེས་མཛེས་གྱུར་ཅིག།།།
དྲང་སྲོང་ཆེན་མོ་བསྟན་སྲུང་གྲགས་པ་མཆོག་༢༠༡༩ལོར་མདོ་སྨད་དུ་ཕེབས་ནས་སྦྱོང་བཤལ་ལག་ལེན་སྤེལ་སྐབས་ཀྱི་མྱོང་སྣང་རེ་ཞིག་རྫོགས་སོ།།༼བྱང་ནག་པ་བནྡེ་ཚེ་རིང་གིས་སྦྱར།༽
དྲི་བ་དང་པོར།
་
ལུག་ཤ་མི་དགོས་ར་ཤ་དགོས་དོན་ཅི། །
ཆང་ནག་མི་དགོས་ཆང་དཀར་དགོས་དོན་ཅི། །
གླང་ཤ་མི་དགོས་བ་ཤ་དགོས་དོན་ཅི། །
ཨ་རུ་ར་ཡིས་ནད་མང་དྲག་དོན་ཅི། །
་
ཀརྡོས།
རྩོམ་དེ་ཕན་ཐོགས་ཆེ་བ་འདུག་