གངས་ལྷ་མོ། (ཨོ་གླིང་། )
སྔོན་འགྲོའི་བསམ་འཆར་ཨང་ (༢) པ།
ཐོག་མར་བོད་མི་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་དཔལ་འཛོམས་ལགས་ཀྱིས་གཞན་བརྒྱུད་གུས་མོར་བསམ་ཚུལ་བཤད་ས་འདི་གནང་བར་ཐུགས་རྗེ་ཆེ་ཞུ། འདིར་ཚོགས་མི་ ༡༣༦༨ ལ་སྔ་དགོང་དུས་གསུམ་གྱི་འཚམ་འདྲི་བཀྲིས་བདེ་ལེགས་ཞུ།
ངས་ད་ཐེངས་ཀྱི་སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཡིན། དེའང་དགོས་པ་རྒྱུ་མཚན་ངེས་ཅན་ཡོད་པའི་ཐོག་ནས་ཁོང་མོར་རྒྱབ་སྐྱོར་ཞུས་པ་ལས། ཕྱོགས་ལྷུང་ཟེར་བ་དེ་འདྲ་གང་ཡང་མིན་ལ་མོ་ལ་བསྟོད་འདོད་འཕྱར་འདོད་ཀྱང་རྩ་བ་ནས་མིན། ངེད་གཉིས་སྒེར་ནས་སྐར་མ་ལྔ་ཡི་འགྲོག་འབྲེལ་མེད་ཟེར་ནའང་འགྲིག
ད་ཐེངས་འོས་མི་བདུན་ཡོད་པའི་དྲུག་ནི་ལོ་མང་གཞུང་དམངས་གཉིས་ལ་ཞབས་ཞུ་བསྒྲུབ་ནས་སྐས་ཐེམ་རིམ་འཛེགས་ཀྱིས་བྱ་བ་སྒྲུབ་མཁན་རེད་ལ། སྒེར་ངོས་ནས་ཁོང་ཚོས་སྒེར་གྱི་བདེ་བ་ཆུང་ཙག་ལ་འགོ་འཁོར་བ་ཙམ་མ་ཡིན་པར་ལོ་མང་རིང་བྱ་བ་བཟང་པོ་བསྒྲུབས་ཡོད་པ་ཁག་ལ་སྙིང་ཁོང་རུས་པའི་གསེང་ནས་གུས་ཞབས་དང་བརྩི་བཀུར་ཡོད་ཅེས་ཞུ་འདོད། དེ་ནས་འོས་མི་གཞན་ནམ་སྨྱུག་མིང་ལ་སྨྲ་དུག་ལྕེ་ཟེར་བ་དེས་སྒེར་གྱི་དམིགས་ཡུལ་གསུམ་བགྲང་ནས་འོས་སུ་ལང་བ་ལའང་ཐུགས་རྗེ་ཆེ་ཞུ་འདོད། གང་ཡིན་ཟེར་ན། བོད་འབངས་རང་ལོ་བཅོ་བརྒྱད་ཡས་རང་བཙན་ལག་དེབ་བམ་དྭང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པ། གཞན་བུ་ལོན་སྒྲུབ་མཇལ་དང་ཁྲིམས་ཐོག་ནག་ཉེས་ཕོག་བཞིན་པ་བཅས་མིན་པའི་བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་ཚང་མར་སྲིད་སྤྱི་གཉིས་ཀྱི་འོས་སུ་ལང་ཆོག་པའི་ཐོབ་ཐང་འདྲ་མཉམ་ཡོད་པ་དེ་རེད། སྒེར་ངོས་ནས་དེ་སྔོན་བརྙན་ཐུང་ཞིག་བཟོས་ནས་ཚང་མར་རེ་བསྐུལ་ཆུང་ཆུང་ཞིག་ཞུས་པ་དེ་གང་ཡིན་ཟེར་ན། མ་འོངས་པའི་སྲིད་སྤྱི་སུ་ལང་ནའང་འོས་མི་དེའི་ལོ་ལྔའམ་བཅུའི་ལས་འཆར་ཡིག་ངག་གཉིས་ཐོག་ནས་དགོས་ཀྱི་རེད་ཞུས་པ་ཡིན་ཏེ་ད་ཐེངས་འོས་མི་ཚོས་འབོད་ཚིག་དང་དམིགས་ཡུལ་བགྲང་བ་ལས། དམིགས་བསལ་ལས་འཆར་དེ་འདྲ་ངས་མཐོང་མ་སོང་བ་དེ་ནི་བློ་ཡིད་མ་ཚིམས་པའི་ཕྱོགས་གཅིག་ཡིན།
དེ་ནས་ངས་འདི་ནས་བོད་ཀྱི་ལོ་རྒྱུས་ཐོག་བུད་མེད་ཕུལ་བྱུང་ཚབ་མཚོན་འགའ་ཚང་མར་ངོ་སྤྲོད་ཚུལ་དུ་ཞུ་འདོད་བྱུང་། དང་པོ་དེ་བོད་སིལ་བུའི་སྐབས་ཀྱི་མ་གཅིག་ལབ་སྒྲོན་རེད། མ་གཅིག་ལབ་སྒྲོན་ནི་སྒོམ་སྒྲུབ་ཉམས་ལེན་ལ་གཞོལ་བའི་ཆོས་པ་རྣལ་མ་ཙམ་དུ་མ་ཟད། ཆོས་ཉམས་ལེན་ལ་ཕུལ་དུ་བྱུང་བའི་གྲུབ་རྟགས་སུ་གཞན་རབ་ཏུ་བྱུང་བའི་ཆོས་སྡེ་ཆེན་མོའི་གྲལ་འགོར་འཁོད་པའི་ཆེ་མཐོང་དང་གོང་བཀུར་ཐོབ་མཁན་ཞིག་དང་། སྐུ་སྒེར་གྱིས་ཆོས་ལུགས་བྱེ་བྲག་པ་གཅོད་ལུགས་འདི་གསར་གཏོད་མཛད་དེ་སློབ་བུ་མང་པོ་བསྐྱངས་བ་མ་ཟད། དམིགས་བསལ་དུ་ཆོས་སྐོར་འཆད་རྩོད་རྩོམ་གསུམ་ལ་ཆེད་མཁས་ཤིག་ཡིན་པ་ནི་ཤུལ་བཞག་གི་གླེགས་བམ་ཁག་ནས་མཇལ་ཐུབ་ལ་སྐུ་ཡོན་ཆེ་བས་ཆོས་པ་རབ་བྱུང་གི་སྡེ་ལའང་སྐྱེངས་པ་སྟེར་བའི་ཆོས་ཕྱོགས་ཀྱི་མཛད་རྗེས་གཟེངས་སུ་མཐོ་བའི་མོ་མཆོག་དམ་པ་ཞིག་ཏུ་བཞུགས་ཡོད།
གཉིས་པ་དེ་དགའ་ལྡན་ཕོ་བྲང་སྐབས་ཀྱི་ལྷ་རྗེའམ་སྨན་པ་གྲགས་ཅན་དབྱངས་ཅན་ལྷ་མོ་རེད། ཁོང་མོས་མིག་འབྱེད་ཀྱི་ལག་རྩལ་ཕུལ་དུ་བྱུང་བས་ལྷ་ས་དང་ཆབ་མདོའི་ཕྱོགས་དབུལ་ཕོངས་ཉམ་ཐག་པའི་ལོང་བ་མང་པོའི་མིག་ཕྱེས་པ་དང་སྨན་རིན་ལེན་རྒྱུ་ལྟ་ཅི། རླུང་བཅོས་དང་ཕྱོགས་མཐའི་ནད་པ་ལྷ་སར་ཡོང་བ་རྣམས་ལ་སྒེར་ངོས་ནས་རོགས་རམ་གནང་བར་མང་ཚོགས་ཀུན་གྱིས་མཁའ་འགྲོ་དབྱངས་དགའ་ཞེས་དད་གུས་ཆེན་པོ་བྱེད། སྨན་ལ་མཁས་པའི་དབང་གིས་ ༡༩༤༨ ལོར་འབྲུག་རྒྱལ་ཁབ་ཏུ་གདན་ཞུ་ལྟར་ཕེབས་ཏེ་འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་གི་མིག་ཕྱེས་ཤིང་། གཞན་ལའང་སྨན་བཅོས་གནང་བས་འབྲུག་ཡུལ་དུ་སྐད་གྲགས་ཁྱབ། བོད་དུ་རྫོང་ཁག་བཅོ་བརྒྱད་དུ་སྨན་སྦྱིན་དང་མིག་འབྱེད་དུ་ཕྱག་ལས་གནང་ཞིང་ལོ་གསུམ་རིང་ལོང་བ་ ༣༠༠ ལྷག་གི་མིག་ཕྱེས་པ་སོགས་སྙན་གྲགས་ཆེན་པོ་ཞིག་ཡིན།
གསུམ་པ་དེ་བཙན་པོའི་སྐབས་ཀྱི་འབྲོག་བཟའ་ཁྲི་མ་ལོད་རེད། བཙན་པོའི་རྒྱལ་རབས་སུ་རྒྱལ་ཐོག་སོ་དྲུག་པར་བརྩི་དགོས་པའི་བཙན་མོ་ཁྲི་མ་ལོད་ནི་བོད་ཀྱི་ལོ་རྒྱུས་ཐོག་ཆབ་སྲིད་དང་དམག་དོན་ལ་མཁས་པའི་བུད་མེད་རྒྱལ་མོ་གྲགས་ཅན་ཞིག་དང་། མོས་རྒྱལ་སྲིད་སྐྱོང་རིང་ཐབས་ཇུས་ལ་མཁས་ཤིང་། བློ་སྟོབས་ལྡན་པ་ཞིག་ཡོད་སྐོར་ལོ་རྒྱུས་ཀྱི་རྒྱུ་ཆ་ཁག་ཏུ་གསལ་ཡོད། སྐབས་དེར་ཁོང་མོའི་སྲས་འདུས་སྲོང་སྐུ་འཁྲུངས་པ་དང་། ཡབ་མང་སྲོང་མང་བཙན་སྐུ་འདས་པ་གཉིས་དུས་མཉམ་བྱུང་བས་ཆབ་སྲིད་ཀྱི་གཉན་ཕྲང་སྐབས་སུ་སྲས་འདུས་སྲོང་དགུང་གྲངས་བཅུ་གསུམ་ལ་མ་སོན་བར་སྤུ་རྒྱལ་བོད་ཀྱི་ཆབ་སྲིད་ལོ་ ༡༣ རིང་བསྐྱངས་གནང་མཛད། དེ་རྗེས་ཀྱང་ཁྲི་ལྡེ་གཙུག་བཙན་དགུང་གྲངས་བརྒྱད་ལ་ཁྲིར་གསོལ་མཛད་དེ་ཆབ་སྲིད་ལོ་ ༨ བཅས་བསྐྱངས་ནས་བསྡོམས་ཆབ་སྲིད་ལོ་ ༢༡ བསྐྱངས་ནས་སྐུ་འདས། བློ་ཕམ་པ་ཞིག་ལ་ཁོང་མོས་རྒྱལ་པོའི་བྱ་ལས་ཐ་དག་གནང་གྲུབ་ཀྱང་རྒྱལ་པོ་ཞེས་པའི་ཆོ་ལོ་དེ་ཐོབ་མེད་པ་རེད།
དེ་སྔོན་ཕ་ཡུལ་དུ་ཡོད་དུས་ཞིང་འབྲོག་ཁུལ་དུ་བུ་ཞིག་ཡིན་ན་དེ་ལ་བློ་ཁོག་བསླབ་བྱ་གཙོ་བོ་དང་། བུ་མོ་ཞིག་ཡིན་ན་ཉམ་ཆུང་ཁུ་སིམ་མེར་འདྲ་སྡོད་དགོས་པའི་ཚུལ་དུ་ལྟ་བ་འཛིན་གྱི་ཡོད་པ་ཞིག་རེད། ཤ་ཁྲག་ལུས་པོ་གྲུབ་ཚར་བའི་འགྲོ་བ་མི་ཞིག་ཡིན་ན་བླ་མ་གོང་ཕུད་ཚོ་མིན་པའི་ཕལ་པའི་མི་རྣམས་དགའ་སྐྱོ་ཆགས་སྡང་གཅིག་པ་གཅིག་རྐྱང་རེད། སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཤེས་རིག་གིས་གསོ་སྐྱོང་ཡག་པོ་བྱུང་ན་ཕོ་མོ་གཉིས་ཀའི་ཕྱོགས་ཀྱི་ནུས་པ་དང་འཇོན་ནུས་གཅིག་པ་ཡོང་ཐུབ་ཀྱི་ཡོད་པ་རེད། ནང་པ་སངས་རྒྱས་པས་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་སངས་རྒྱས་པའི་ས་བོན་གཅིག་མཚུངས་ཡོད་ཅེས་གསུངས་པ་ནང་བཞིན་རེད། ༧གོང་ས་མཆོག་གཙོས་པའི་ཆོས་སྲིད་གཉིས་ཕྱོགས་ཀྱི་གནད་ཡོད་མི་སྣས་བུད་མེད་ཚོ་གལ་ཆེ་ལུགས་ཆེ་སྟངས་སྐོར་བཀའ་སློབ་རིམ་པར་གནང་ཡོད་པ་དེ་དག་འདིར་བསྐྱར་ཟློས་བྱེད་ཀྱི་མིན། དེ་ཡིན་དུས་སྤྱི་ཚོགས་ནི་ཕོ་མོ་གཉིས་ཀྱིས་གྲུབ་པ་ཡིན་དུས་ཕྱོགས་གཉིས་ཀས་བརྩོན་འགྲུས་དང་ཤུགས་རྒྱག་དགོས་ཀྱི་རེད་མ་གཏོགས། དོན་དངོས་སུ་ཕྱོགས་ལྷུང་ངོ་མ་དེ་བྱེད་ནས་སྡོད་ན་གྱོང་རྒུད་ཚང་མར་གཅིག་མཚུངས་ཀྱིས་རག་གི་རེད་ཟེར་ནས་བཤད་འདོད་བྱུང་སོང་། དེ་ནས་ད་ཐེངས་ཀྱི་སྲིད་སྐྱོང་འོས་མི་གདམ་དུས་ཐོབ་ཐང་འདྲ་མཉམ་དང་འཇོན་ནུས། ལྷག་བསམ་བཅས་ལ་བསམ་བློ་ཡག་པོ་གཏོང་དགོས་པ་རེད་ཟེར་ནས་དེ་བཤད་འདོད་བྱུང་།
གཞན་ཡང་ཚང་མས་སྲིད་སྐྱོང་ཁོ་ནའི་འོས་ལ་མགོ་འཁོར་ནས་སྤྱི་འཐུས་ཀྱི་འོས་མིའི་གལ་ཆེ་ལུགས་ལ་སྣང་མེད་ཤོར་ན་འགྲིག་གི་མ་རེད་ལ་སྤྱི་ཚོགས་གྲོས་ཚོགས་ནི་གལ་འགངས་ཆེ་བ་ཞིག་ཡིན་པས་རེད།
འདི་ནི་ངའི་སྐབས་སུ་བབས་པའི་བསམ་ཚུལ་གྱི་ཕྱོགས་ཙམ་ཡིན།
དེ་ནས་མཇུག་ཏུ་ཚང་མར་ཁ་དྲོ་བཀྲིས་ཡོད།
གཞས་ཀྱི་འབྲེལ་ཐག། ( ཕོ་མོ་འདྲ་མཉམ། )
https://www.youtube.com/watch?v=uxdp8jRLdAU
མ་ཅིག་དང་པོ་ཡིན་དགོས་སྟངས། སྨན་པ་དབྱངས་ཅན་ལྷ་མོ་གཉིས་པར་སླེབས་སྟངས། ཁྲི་མ་ལོད་གསུམ་པར་བཞག་དགོས་དོན་དང་། དེ་གསུམ་མ་ཡིན་པའི་བོད་ཀྱི་བུད་མེད་གཞན་མའི་མིང་མེད་སྟངས་ཤིག་གསུངས་ཐུབ་བམ། ལགས།
རིང་པོ་རྒྱས་པོ་ཞུ་དགོས་དོན་མི་འདུག།
གངས་ལྷ་མོ་ལགས་ཀྱི་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད་པ་མ་ཚད་ངས་འོས་དེ་
བཀའ་ཟུར་རྒྱ་རི་སྒྲོལ་ལ་འབུལ་གྱི་ཡིན་ནོ།
ནམ་རྒྱུན་ནས་ཕོ་མོ་འདྲ་མཉམ་དགོས་ཟེར་མཁན་མང་པོ་ཡོད་། ད་ལེན་གོ་སྐབས་ལེན་དགོས།
བུད་མེད་ཚོ་ད་ལན་ཤུགས་རྒྱོབས།
འདས་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ལོ་རྒྱུས་ནང་སྐྱ་སེར་གཉིས་ནས་བཀའ་ཁྲི་འམ་སྲིད་སྐྱོང་གནང་ནས་ལེགས་ཉེས་ཀྱི་ཕྱག་ལས་ག་རེ་གནང་ཡོད་མེད་བཙན་བྱོལ་བོད་མིའི་ལོ་རྒྱུས་དེབ་ཐེར་ནང་བཀོད་པ་ནས་གསལ་པོ་ཤེས་ཐུབ་པ་བཅས་རྗེས་ལོའི་སྲིད་སྐྱོང་དེ་བུད་མེད་ཀྱི་རེ་མོས་ཡིན་པ་ངོས་འཛིན་ཞུ་གི་ཡོད།
ང་ཚོས་༢༠༢༡ ལོའི་སྲིད་སྐྱོང་འདེམས་པ་ནི་ཕོ་མོ་འགྲན་བསྡུར་བྱེད་ཀྱི་ཡོད་པ་མ་རེད། ད་ལོའི་འོས་མི་དག་གི་ཁྲོད་ནས་ལྷག་བསམ་དང་འཇོན་ནུས་ཀྱི་རྩེ་གྲས་རྒྱ་རི་སྒྲོལ་མ་ཡིན་པར་ངོས་ཟིན་གཙང་མ་ཐོབ་པ་མཁན་ཞིག་ཡིན་ན། འོས་མིར་མོ་འདེམས་ན་སྤྱི་དོན་དང་། འོས་འཕེན་གྱི་ཁེ་དབང་གཉིས་ཀ་མིང་དོན་མཚུངས་པ་ཞིག་ཆགས་པ་རེད། དེ་མིན། ཕོ་མོ་འདྲ་མཉམ་ཡིན་པས་འཇོན་ནུས་ལ་བར་ཁྱད་ཡོད་ཀྱང་ངེས་པར་དུ་བུད་མེད་ཅིག་འདེམས་དགོས་ལབ་ན། དེ་ཡང་། ཕྱོགས་ལྷུང་རེད། འདས་པའི་ལོ་རྒྱུས་ཁྲོད་ཀྱི་གྲགས་ཅན་བུད་མེད་འགའི་མིང་དཔེ་མཚོན་དུ་བགྲངས་བས་རྒྱ་རི་སྒྲོལ་མའི་འཇོན་ནུས་ཀྱི་ཚད་མཇལ་བྱེད་མི་ཐུབ། ད་ལྟ་ང་ཚོར་མཁོ་གལ་ཆེ་བའི་སྲིད་སྐྱོང་ནི་འཇོན་ནུས་དང་། ལྷག་བསམ། དྲང་ཚུགས་སོགས་འབུར་དུ་ཐོན་པ་ཅན་ཞིག་ཡིན་དགོས་པ་ལས། ལོ་ན་རྒན་གཞོན་དང་། ཕོ་མོ་སུ་ཡིན་གཙོ་བོར་འཛིན་དགོས་པའི་གནས་དུས་ཤིག་གཏན་ནས་མ་རེད། བྱེད་ཙང་། ཐེངས་འདིའི་འོས་མི་ཁྱབ་བསྒྲགས་དང་། ངོ་སྤྲོད་བྱེད་མཁན་དག་གིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། རང་གི་འོས་མིའི་འཇོན་ནུས་དང་ཁྱད་ཡོན་ངོ་སྤྲོད་བྱེད་གལ་ཆེ་བ་ལས། ཕོ་མོ་དང་། སྐྱ་སེར། རྒན་གཞོན་སོགས་འབུར་དུ་བཏོན་ནས་གླེང་ན། རྩ་བ་དོར་ནས་ཡལ་གར་འཇུས་པ་རང་ཡིན་ནོ།།
བླུན་མོ་རང་རེད་ཧ་ཧ་ཧ་སྙིང་རྗེས།
བོད་ཀྱི་བུད་མེད་སྐོར་ལ་་་
http://tibettimes.net/2020/09/08/187941/?fbclid=IwAR2puVoXz8_9K2HT5DtWbbWcuk3UWzNMHIr0uij7gxb0_oI4lE9cVQMr-JI
བཀྲ་ཤིས་ལ། བཀྲིས་ཞེས་དུས་ནམ་ཡང་འབྲི་རྒྱུ་ཡོད་མ་རེད་དོ།།
བོད་པའི་བུད་མེད་ཀྱི་དམག་དཔོན་སྐོར།
https://www.youtube.com/watch?v=VCUMy2HizfM
སྲིད་སྐྱོང་འོས་མི་བུད་མེད་གཅིག་པུ། དེ་ནི་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་བའི་བཅར་དྲིར་ལན་འདེབས་ཤིག
https://www.facebook.com/gyaridolmaforsikyong/videos/2850927921674550