སྒ་གཡག་རི་འཇིགས་མེད་རྣམ་རྒྱལ་ལྡེ།
ད་ལྟ་རྒྱ་གཞུང་གིས་ཆེས་མི་འདོད་པ་བྱ་ཡུལ་གཙོ་བོ་ཞིག་ནི་བོད་ས་ཡོངས་རྫོགས་གཅིག་ཏུ་སྒྲིལ་པ་ཞེས་པ་དེ་ཡིན་ཞིང་། བོད་ས་ཡོངས་རྫོགས་གཅིག་བསྒྲིལ་བྱ་རྒྱུའི་བསམ་བློ་ནི་བོད་མིའི་ཁྲོད་རང་བཙན་གཙང་མའི་རེ་འདུན་ཡོད་མཁན་དང་། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་གྱི་བོད་རིགས་སྤུན་ཟླ་ཚང་མས་བློས་གཏོང་གཏན་ནས་བྱེད་ཐབས་མེད་པའི་ཐུན་མོང་གི་མངོན་འདོད་གཙོ་བོ་དེ་རེད། དུས་རབས་ཉེར་གཅིག་པའི་དུས་མགོར་བོད་མི་གསར་བརྗེ་བ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཕུལ་བའི་ཞུ་ཡིག་གི་ཟུར་མཆན་བརྒྱད་པར། ཆུ་བཞི་སྒང་དྲུག་ནི་མདོ་སྟོད་སྨད་ཨ་མདོ་དང་ཁམས་ཁུལ་གྱི་ས་མིང་ཡིན་སྐོར་དང་། དེ་སྔའི་ཆུ་བཞི་སྒང་དྲུག་གི་འགན་ཁུར་མི་སྣ་རྣམས་ཀྱང་ཨ་མདོ་དང་ཁམས་ཁུལ་གྱི་མཐོ་རིམ་མི་སྣའི་སྐུ་ཚབ་ཡིན་ཚུལ། རྗེ་བློ་བཟང་གྲགས་པ་ཟི་ལིང་ནས་འཁྲུངས་པ་དང་། ༸གོང་ས་སྐུ་ཕྲེང་བདུན་པ་ལི་ཐང་། སྐུ་ཕྲེང་དགུ་བ་དཀར་མཛེས་འདན་ཁོགསྐུ་ཕྲེང་བཅུ་པ་ལི་ཐང་། སྐུ་ཕྲེང་བཅུ་གཅིག་པ་དཀར་མཛེས་མགར་ཐར། སྐུ་ཕྲེང་བཅུ་བཞི་པ་མཆོག་དང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཨ་མདོ། དགེ་འདུན་ཆོས་འཕེལ་ཨ་མདོ། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ཡུན་ནན་བདེ་ཆེན་གྱི་བོད་རིགས་ཡིན་པར་བརྟེན། ཤར་བོད་མི་རིགས་བོད་ཀྱི་ལོ་རྒྱུས་སྟེང་ཁ་འབྲལ་ཐབས་མེད་ཚུལ་ནན་བརྗོད་བྱས་ཡོད།
འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཅི་ཕྱིར་ཤར་བོད་མི་རིགས་བོད་ཀྱི་ལོ་རྒྱུས་ནང་ཁ་འབྲལ་ཐབས་མེད་པར་གླེང་གིན་ཡོད་དམ། དེ་ནི་ཧ་ཅང་གསལ་པོ་ཡིན་པ་སྟེ། རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ས་ཁྱོན་ཡོངས་རྫོགས་ལ་དབང་སྒྱུར་བྱས་རྗེས། བོད་ཁུལ་དེ་བཞིན་ཞིང་ཆེན་ཁག་བཞི་དང་རང་སྐྱོང་ལྗོངས་གཅིག་གི་ཁོངས་བཅད་བགོས་བྱས་པ་དེས། བོད་ཁམས་དུམ་བུར་བཟོས་ནས་ལོ་རྒྱུས་སྟེང་བོད་ཁམས་གཅིག་གྱུར་ཡིན་པའི་རྣམ་པ་དེ་ཡོངས་སུ་གསུབ་ཐབས་བྱེད་ཀྱི་ཡོད་པ་དེ་རེད། ལྷག་པར་དུ་ཁོང་ཚོར་ཧ་ཅང་ཚོར་བ་ཆེས་རྣོ་ས་ཞིག་ཡོད་པ་དེ་ཡང་ཤར་བོད་ཀྱི་ས་ཁུལ་ཁག་དང་། དེར་གནས་ཀྱི་བོད་མི་རྣམས་རང་སྐྱོང་གི་ས་ཁོངས་གཅིག་སྟེ་བོད་མི་ཡོངས་རྫོགས་གཅིག་ཏུ་བསྒྲིལ་བར་འདོད་མོས་མེད་པ་དེ་ཡིན།
ཁོང་ཚོས་འདི་ལྟར་ཕུགས་རྒྱང་རིང་བའི་སྲིད་བྱུས་བཟུང་སྟེ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་བསྒྱུར་བཅོས་བྱེད་བཞིན་ཡོད་ན། ང་ཚོས་དེར་གདོང་ལེན་དང་། རང་ཉིད་ཀྱི་བདག་དབང་ལ་ཅི་ཕྱིར་འགན་ལེན་མི་བྱེད་པ་ཡིན་ནམ། དེས་ན་ང་ཚོས་གནས་སྐབས་ཤར་བོད་ས་ཁོངས་ཀྱི་བོད་མི་ཞིག་སྲིད་སྐྱོང་དུ་བཞེངས་སུ་འཇུག་དགོས་རྒྱུ་ནི་རྒྱ་གཞུང་གི་ཚོར་བ་རྣོ་ས་དེར་རྩོད་ལེན་བྱས་པ་རེད་ལ། ལོ་རྒྱུས་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱས་པ་ཞིག་དང་། དེ་བཞིན་ང་ཚོའི་དོན་དམ་གྱི་ཆབ་སྲིད་ལངས་ཕྱོགས་གང་གི་ཐད་ནས་ཀྱང་། བོད་རིགས་ཡོངས་རྫོགས་ས་ཁོངས་གཅིག་གྱུར་གྱི་སྲིད་བྱུས་དེ་འདོར་དུ་མེད་པ་ཞིག་ཡིན་ཚུལ། ད་ལྟའི་རྒྱ་ནག་སྲིད་གཞུང་ལ་གོ་བརྡ་གསལ་བོར་བསྟན་པ་ཞིག་ཀྱང་ཡིན། འདི་ནི་གཞི་རྩའི་བོད་མིའི་རྩ་དོན་ཞིག་ཡིན་སྟབས། གོ་སྐབས་འཆོར་དུ་མི་འཇུག་རྒྱུར་བོད་མི་ཚང་མས་བསམ་ཤེས་ཐུབ་དགོས་ལ་འགན་ཡང་འཁུར་དགོས་པ་ཞིག་རེད།
གཉིས། ཤར་བོད་ས་ཁོངས་ནས་སྲིད་སྐྱོང་གི་འོས་མི་སུ་ཞིག་འདེམས་དགོས་སམ།
ཆེས་ཡིད་ཕངས་གཞི་ཞིག་ལ། ད་ལྟ་སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་རྒྱ་ནག་གི་གཡོན་ཐལ་ཅན་གྱི་བསམ་བློ་ལས་ཀྱང་ཆེས་འབག་བཙོག་ཆེ་བའི་ལུང་ཚན་རིང་ལུགས་པ་ཉུང་ཤས་ཡོད་པ་དང་། དེ་དག་གིས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ལ་ཤུགས་རྐྱེན་ངན་པ་འཇོག་གི་ཡོད། རྒྱ་གཞུང་གིས་བོད་མིའི་ཞན་ཆ་དེར་རྗེས་འདེད་བཏང་སྟེ་ནང་ཁུལ་མི་མཐུན་པར་འབད་བརྩོན་བྱེད་བཞིན་ཡོད་སྐོར་བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་སྔ་ཕྱིར་སྤེལ་ཡོད། བོད་མི་ནང་ཁུལ་མི་མཐུན་པ་བཟོ་རྒྱུ་ནི་བར་ལམ་གྱི་རྒྱ་ནག་གཞུང་གིས་བྱེད་སྟངས་ཙམ་མ་ཡིན་པར། དེ་སྔའི་རྒྱ་ནག་གི་གཙོ་འཛིན་མའོ་ཡིས་ཀྱང་འཆི་ཁའི་ཁ་ཆེམས་སུ་མགོ་རིལ་རིལ་ཚོར་གཟབ་གཟབ་བྱ་དགོས། བོད་མི་རྣམས་ལ་མེ་མདའ་སྤྲོད་ཞོག་དང་ཁོང་ཚོ་ནང་ཁུལ་འཛིངས་ནས་ཚར་འགྲོ་ཚུལ་བཤད་ཡོད།མགོ་རིལ་རིལ་ཚོ་ཞེས་པ་སོག་པོའི་མི་རིགས་ལ་ཟེར་བ་རེད། རྒྱ་གཞུང་གི་གཡོ་ཐབས་ཅན་གྱི་སྲིད་བྱུས་དེས་བོད་མིའི་ནང་ཁུལ་དཀྲུག་གང་ཐུབ་བྱེད་ཀྱིན་པ་དང་། ལྷག་པར་མི་མང་གིས་ཐད་ཀར་འོས་འདེམས་བརྒྱུད་བོད་མིའི་འགོ་འཁྲིད་སྐབས་གཉིས་པ་འོས་འདེམས་སྐབས། ཁོང་ཚོས་གནད་དོན་དེའི་ཐད་ཆ་ཤས་གཞི་རྒྱ་ཆེན་པོ་བླངས་ཏེ་བོད་མིའི་ནང་ཁུལ་ལ་འགལ་ཟླ་བཟོས་ནས་ཕྱོགས་གཉིས་ཀྱི་རྒྱབ་སྐྱོར་བ་སོ་སོའི་སེམས་སུ་རྨ་ཁ་བཞག་དང་འཇོག་བཞིན་ཡོད།
ད་ཆ་ང་ཚོས་རྒྱ་ནག་གཞུང་གི་རེ་བའི་དམིགས་འབེན་དེ་ཡོངས་སུ་གཏོར་ཞིང་། ཁོང་ཚོའི་བསམ་སྦྱོར་ངན་པའི་ལྡོག་ཕྱོགས་ནས་གྲུབ་འབྲས་འདོན་པ་དང་། ཁོང་ཚོ་ཧང་སངས་གཞི་ཞིག་དང་ཁོང་ཚོའི་རེ་ངན་གྱི་རྨི་ལམ་དུས་ནམ་ཡང་བོད་མིའི་སྤྱི་ཚོགས་ཁྲོད་མངོན་འགྱུར་བྱེད་ཐབས་མེད་པ་ཞིག་བཟོ་དགོས་ན། ད་ལྟ་ང་ཚོ་བོད་མི་ཡོད་དོ་ཅོག་གིས་འཕྲལ་མངོན་གྱི་ལུང་ཚན་རིང་ལུགས་རྩད་ནས་དོར་ཏེ། བོད་མིའི་གཞི་རྩའི་ཁེ་ཕན་གྱི་ཆེད་དུ་ནང་ཁུལ་མཐུན་སྒྲིལ་གྱི་ལག་གདང་གཅིག་ཏུ་སྦྲེལ་ནས། སྲིད་སྐྱོང་གི་འོས་མི་སྐུ་ངོ་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་འཛིན་དགོས་པ་ཞིག་རེད། དེ་ནི་ང་ཚོའི་ཐབས་བྱུས་དགྲ་བོ་རྒྱ་དམར་གྱི་ངན་ཇུས་ལས་རྣམ་པར་རྒྱལ་པ་དང་། ཕ་སྤུན་དགྲ་རུ་ལངས་ཀྱང་རུས་པ་གསེར་གྱི་རང་ཚུགས་ཕྱིར་མངོན་བྱས་པ་ཞིག་ཀྱང་རེད།
གསུམ། རྒྱ་གཞུང་གི་མིང་ཐོ་ནག་པོའི་ངོས་ནས་བལྟ་བ།
ཆེས་དགོད་བྲོ་བ་ཞིག་ལ་རྒྱ་ནག་གཞུང་གིས་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་སྐུ་ངོ་སྤེན་པ་ཚེ་རིང་མཆོག་མིང་ཐོ་ནག་པོའི་ཁོངས་སུ་བཅུག་ཡོད་པ་རེད། དེར་བརྟེན་ཨ་རིའི་མི་སེར་ཡིན་པ་བོད་མི་སྤེན་པ་ཚེ་རིང་ཞེས་པའི་མིང་ཅན་ཞིག་བལ་ཡུལ་གནམ་ཐང་དུ་འབྱོར་སྐབས། ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ལ་ནོར་ནས་བལ་ཡུལ་གཞུང་གིས་བལ་ཡུལ་རྒྱལ་ནང་དུ་ཡོང་མ་བཅུག་པར་གནམ་ཐང་ནས་ཨ་རིར་ཕྱིར་སློག་བཏང་བ་རེད། རྒྱ་ནག་སྲིད་གཞུང་གིས་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་མིང་ཐོ་ནག་པོའི་ཁོངས་སུ་བཅུག་སྟེ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་གནད་དོན་གལ་ཆེན་འདི་འདྲ་ཞིག་ཏུ་བརྩི་དགོས་དོན་ཅི་ཞིག་ཡིན་ནམ།
དེ་ནི་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ནི་རྒྱ་ནག་སྲིད་གཞུང་གི་ཁ་གཏད་དུ་ལང་ཐུབ་མཁན་གྱི་བོད་མི་ཤེས་ལྡན་པ་ཞིག་དང་། བོད་མིའི་མངོན་འདོད་བསྒྲུབ་པར་དོན་དམ་གྱི་ནུས་པ་ཡོད་མཁན་ཞིག་ཡིན་སྟབས། རྒྱ་དམར་སྲིད་གཞུང་གིས་མི་ནུས་པ་ཅན་དེ་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་གླགས་བལྟས་ཏེ་འབུར་འཇོམས་བྱེད་ཀྱི་ཡོད་པ་དེ་རེད། རྒྱ་ནག་སྲིད་གཞུང་གིས་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་ཤེས་འཇོན་ལ་ངོས་ཟིན་ཐོབ་ཅིང་། ཡུལ་གྱར་བོད་མི་ཚོས་ངོས་ཟིན་མ་ཐོབ་ན་ནི་ཇི་འདྲའི་ངོ་ནོངས་གཞི་ཞིག་ཏུ་མི་འགྱུར་རམ། ཡང་གཅིག་བཤད་ན། གཞིས་ལུས་བོད་མི་ཚོར་ཡང་ངོ་ཚ་དགོས་པ་ཞིག་རེད་ལ། ཅི་སྟེ་ང་ཚོས་ད་ལན་བབ་བརླིང་བརྟན་གསུམ་དང་། ཤེས་འཇོན་ལྷག་བསམ་ལྡན་པ་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ཁོང་ལྟ་བུ་བོད་མིའི་སྲིད་སྐྱོང་དུ་འོས་འདེམས་མ་ཐུབ་ཚེ། རྗེས་སུ་གཞིས་ལུས་བོད་མི་ཚོའི་ཕྱོགས་ནས་ལེ་བདའ་དང་འཁང་ར་ཅི་རིགས་འབྱུང་ངེས་ལ། ཡུལ་གྱར་བོད་མི་ཚོས་གོ་སྐབས་བཟང་པོ་ཞིག་དམ་འཛིན་མ་ཐུབ་པར་འཐུས་ཤོར་དུ་བཏང་བའི་ལོ་རྒྱུས་ཀྱི་བྱས་ཉེས་ཤིག་ཀྱང་ཆགས་ངེས་རེད།
བཞི། ཤེས་ཡོན་ལམ་ལུགས་ཀྱི་ངོས་ནས་བལྟ་བ།
འདས་པའི་མི་ལོ་ལྔ་བཅུ་ཡས་མས་རིང་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་དེ་བཞིན་རྒྱ་གར་གྱི་ཤེས་ཡོན་ལམ་ལུགས་ལ་བརྟེན་ནས་ཕྱིན་ཡོད། ཡིན་ནའང་ལོ་རབས་དགུ་བཅུའི་མཇུག་སྟེ་བཀའ་ཤག་སྐབས་བཅུ་གཉིས་པའི་སྐབས་སུ་ཤེས་ཡོན་སྲིད་བྱུས་ཀྱི་ལམ་ལུགས་གསར་བ་ཞིག་བོད་མི་མང་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཐོག་ཁ་ཚ་དགོས་གཏུགས་ཀྱིས་གཏན་འབེབས་གནང་སྟེ་ལག་བསྟར་བྱས་ཡོད། འོན་ཀྱང་འདས་པའི་མི་ལོ་བཅུ་དེའི་ནང་ཤེས་ཡོན་སྲིད་བྱུས་ཀྱི་ལམ་ལུགས་མིང་ཙམ་མ་གཏོགས་དོན་ལ་དེའི་ཐོག་གོམ་པ་ཅི་ཡང་སྤོ་ཐུབ་མེད། ཡང་སྙིང་ཤེས་ཡོན་སྲིད་བྱུས་ཅི་ཞིག་ཡིན་ནམ། ཤེས་ཡོན་སྲིད་བྱུས་ནི་རང་གི་སྐད་ཡིག་རིག་གཞུང་རྒྱུད་འཛིན་དང་ཡ་རབས་བཟང་སྤྱོད་སྲུང་སྐྱོབ་བྱ་རྒྱུ་དང་། དེ་གཉིས་ཀྱི་ཁར་དེང་དུས་རིག་གསར་ཤེས་ཡོན་གྱི་སློབ་གསོ་ཡོད་པའི་འདབ་གཤོག་གཉིས་ལྡན་གྱི་མི་རབས་གསར་བ་ཞིག་སྐྱེད་སྲིང་བྱ་རྒྱུ་དེ་རེད།
ང་ཚོ་གྲངས་ཉུང་མི་རིགས་ཤིག་གི་ངོས་དང་ཆོས་ལྡན་རྒྱལ་ཁབ་ཅིག་གི་ཤུལ་འཛིན་གྱི་ངོས་གཉིས་ནས། ཕན་ཐོགས་ལྡན་པའི་སྤྱི་ཚོགས་ཤིག་གསོ་སྐྱོང་མ་ཐུབ་པར། སྐད་ཡིག་གི་རྨང་གཞི་མེད་པའི་སྤྱི་ཚོགས་ཤིག་དང་། ཀུན་སྤྱོད་བོར་བའི་སྤྱི་ཚོགས་ཤིག་ཆགས་སུ་བཅུག་ཚེ།ང་ཚོ་གཞན་གྱིས་རྩ་མེད་བཟོ་མི་དགོས་པར་རང་ཉིད་རྩ་མེད་ཆགས་པ་དང་གཅིག་མཚུངས་རེད། རྒྱུ་མཚན་དེར་བརྟེན་ད་ལྟའི་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་ཚོ་ལས་ཤེས་ཡོན་སྲིད་བྱུས་ཀྱི་གོ་རིམ་ཧྲིལ་པོ་བརྒྱུད་ཅིང་། དེའི་གོ་རྟོགས་ཆ་ཚང་ལྡན་པ། ཤེས་ཡོན་སྲིད་བྱུས་ཀྱི་ལམ་ལུགས་མུ་མཐུད་རྒྱུན་འཛིན་དར་སྤེལ་དགོས་པར་ངེས་ཤེས་ཐོབ་ནས། དེ་སྐོར་གླེང་སློང་བྱེད་མཁན་གྱི་སྲིད་སྐྱོང་འོས་མི་ནི་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་ཁོ་ན་རེད་ཅེས་བརྗོད་ཆོག གོང་གསལ་རྒྱུ་མཚན་གཙོ་པོ་བཞི་ལ་བརྟེན་ནས་ངས་སྲིད་སྐྱོང་གི་འོས་མི་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་མཆོག་བཙལ་པ་ཡིན་ལ། འདི་ནི་ཕྱོགས་སུ་ལྷུང་བའི་གཏམ་ཞིག་མིན་པར། ཁྱོད་དང་ང་ཡི་དོན་ཏེ་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩ་ཁོ་ནར་བསམ་གཞིགས་ནན་ཏན་བྱས་པའི་སྙིང་གཏམ་ཞིག་ཀྱང་ཡིན་ནོ། །
ལགས་རེད། བློ་སེང་སྲིད་སྐྱོང་འཁྱུར་བའི་ཉིན་མོ་དེར། འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས། ང་ཡང་ད་ཆ་ཚོགས་ཟུར་དོན་ཟུར་སྤེན་པ་ཚེ་རིང་མཆོག་ལ་སྲིད་སྐྱོང་རྗེས་མར་འོངས་བར་རྒྱབ་སྐྱོར་ཡོད་ཅེས་ཟེར་ན། བཀྲ་ཤིས་བདེ་ལེགས་དང་ཕུན་སུམ་ཚོགས་པ་བྱུང་བ་རེད་དེ། ད་དེ་འདྲ་ཞིག་འོངས་བ་ཁག་པོ་མིན་ནམ། ལགས།
བསམ་ཚུལ་ནི་བསམ་ཚུལ་རང་རེད་ལ་དེ་ལ་ནུས་པ་ཡོད་མེད་ཀྱང་ཤེས་ཐུབ་མ་སོང། ང་ཚོ་ནི་བཙན་བྱོལ་བོད་མི་ཡིན་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་ངོ་སྤྲོད་གནང་ཡོད་ན་རྒྱ་མིའི་ང་ཚོར་རྒྱུན་དུ་བེད་སྤྱོད་བྱ་རྒྱུའི་ཐ་སྙད་ཡུལ་གྱར་ཟེར་བའི་ཐ་སྙད་དེ་བོད་མི་ལྷག་བསམ་ཡོད་མཁན་ཚོའི་ཞལ་ནས་ནམ་ཡང་བེད་སྤྱོད་གཏོང་མི་སྲིད་དོ།
ང་ཚོ་བོད་མིའི་ཁ་རྒྱུན་དུ། མི་ཡོད་ན་རྒྱུ་བཙལ་ཆོག ཅེས་བརྗོད་སྲོལ་ཡོད་པ་འདི། ང་ཚོའི་སྲིད་འབྱོར་གྱི་ནུས་པས་ཕྱི་དགྲ་ལ་ཁ་གཏད་གཅོག་ནུས་བྲལ་དུས་འདིར། མི་རིགས་ཡོད་ན་རྩ་དོན་བརྩད་ཆོག ཅེས་པའི་དཔེ་དོན་དང་སྦྱར་ཏེ། མི་རིགས་ཡུན་གནས་སྲ་བརྟན་གྱི་ཕྱིར་དུ་གང་ནུས་ཅི་ལྕོགས་གནང་དགོས། མི་རིགས་ཀྱི་ངོ་བོ་མ་བརླགས་ཚེ། རང་བཙན་ནམ་རང་སྐྱོང་གི་དོན་དུ་དགྲ་བོའི་སྟོབས་ཤུགས་འཕེལ་འགྲིབ་ལ་ངང་སྒུག་བྱས་ཆོག གལ་སྲིད་མི་རིགས་ཀྱི་ངོ་བོ་རྩ་བརླགས་སུ་ཕྱིན་ཚེ། རང་དབང་རང་བཙན་ཐོབ་ཏུ་ཟིན་ཀྱང་དེ་ཙམ་གྱིས་དོན་སྙིང་ཅི་ཡང་མེད། མི་རིགས་ཀྱི་ངོ་བོའམ་སྲོག་ལྟ་བུ་ནི་རང་གི་སྐད་ཡིག་རིག་གཞུང་ཡིན། དེས་ན་སྐད་ཡིག་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་ནི། རང་རེ་བཙན་བྱོལ་བོད་མི་རྣམས་ཀྱིས་བྱ་འདོད་ན་བྱེད་ཐུབ་པ་ཉག་གཅིག་པུ་དེ་རེད།
བཙན་བྱོལ་བོད་མིས་རང་གི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་ཚད་ལྡན་ཞིག་བྱེད་དགོས་ན། ཟམ་གདོང་རིན་པོ་ཆེ་ཡི་བཀའ་ཤག་གིས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་ཇུས་དེ་ཁ་བཤད་ཙམ་གྱིས་མི་འགྲིགས་པར་ལག་ལེན་དོན་དུ་འཁྱོལ་བ་ཞིག་གནང་དགོས། གནད་ཀ་འདི་ནས་བལྟས་ན། ད་རེས་ཀྱི་རྩོམ་པ་པོ་འདིས་དོན་ཚན་བཞི་པར་བཀོད་པའི་སྲིད་སྐྱོང་གི་འོས་ཆོས་དེ་ནི་ཤིན་ཏུ་གནད་འགག་ཆེ་ཞིང་། དེ་ཚང་མཁན་ནི་འོས་མི་ཚང་མའི་ཁྲོད་དུ་སྐུ་ངོ་སྤེན་ཚེ་མཆོག་ལས་ལྷག་ཅིག་མེད་པའི་རྒྱུ་མཚན་བཀོད་པ་རྣམས་ཀྱང་གནད་དུ་ཕིགས་པ་འབའ་ཞིག་རེད། སྤེན་ཚེ་མཆོག་ནི་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་ཡི་དགོངས་གཞི་སྟེང་ཁ་ཞེ་གཉིས་མེད་ཀྱིས་ཤར་བསྐྱོད་གནང་མཁན་ཞིག་གམ། ལྷག་པར་སྐབས་དེའི་བཀའ་ཤག་གི་ཤེས་ཡོན་སྲིད་ཇུས་སྟེང་རྒྱག་མཆོངས་གཅིག་གནང་མཁན་ཞིག་ཡིན་པ་རྒྱུས་ཡོད་ཀུན་ལ་ས་རིས་ཐང་གསལ་ཡིན། རྒྱུས་མེད་ལ་ཤས་བློ་ཡིད་མི་ཆེས་ན། སྔ་ཕྱི་བར་གསུམ་གྱི་སྐུ་ངོའི་གཏམ་བཤད་ཁག་ལ་ཉན་བསམ་བྱས་ན་ངེས་ཤེས་འདྲོང་བར་འགྱུར། དེ་བཞིན་ཟམ་གདོན་རིན་པོ་ཆེ་མཆོག་ཀྱང་སྐུ་ངོ་སྤེན་ཚེ་ལ་ཐུགས་རེ་ཅི་འདྲ་ཡོད་མེད་ཁོང་གི་བཀའ་བློན་འོས་མི་རུ་བསྐོས་པ་འདི་གཅིག་པུས་ཀྱང་ཤེས་ནུས་སོ། །དེས་ན་སྐུ་ངོ་སྤེན་ཚེ་མཆོག་སྲིད་སྐྱོང་ལ་འདེམས་རྒྱུ་དེ་ཤིན་ཏུ་གལ་གནད་ཆེའོ། །ད་ལྟའི་བཀའ་ཤག་གིས་ཇི་ལྟར་གསུངས་ཀྱང་རུང་། དོན་ལ་བོད་རང་གི་སྐད་ཡིག་རིག་གཞུང་ལ་དོ་སྣང་འདང་ངེས་ཤིག་སྤྲོད་ཐུབ་ཀྱི་མེད། དཔེ་མཚོན་ཆུང་ཆུང་ཞིག་སྨྲས་ན། སྲིད་སྐྱོང་བློ་སེང་མཆོག་གིས་ནུབ་ཕྱོགས་རྒྱབ་ཁབ་ཁག་ཏུ་རིག་གཞུང་སྐོར་ལ་གསུང་བཤད་གནང་དུས། བོད་ཀྱི་སྐད་ཡིག་ནི་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་སྦྱོང་བྱེད་དགོས་ཚུལ་སོགས་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་དུས། གཏམ་དེ་དང་དེ་ལྟ་བུར་ང་ཚོ་བློ་ཕམ་པ་ལ་ཚད་མེད་དོ། །རང་སྐད་ཤེས་རུང་མི་ཤེས་རུང་། བོད་རང་ལ་བོད་ཀྱི་སྐད་ཡིག་ནི་སྐད་ཡིག་དང་པོ་ཡིན་རབས་ཀྱི་ས་མཚམས་རྡོ་རིང་དེ་ནམ་ཞར་ཡང་འཇིག་ཏུ་འཇུག་མི་རུང་། མི་ཡི་ལུས་ལ་མཚོན་ན། གང་འདྲའི་ཉེན་ཁ་ལ་འཕྲད་ཀྱང་མིག་དང་སྙིང་དང་སྲོག་ནི་རྩ་ཆེས་ཤོས་སུ་རྩི་ཞིང་རྩི་དགོས་པའི་ལངས་ཕྱོགས་དེ་ནམ་ཡང་འདོར་མི་རུང་བ་ཞིག་རེད། དེས་ན། ད་ལྟའི་འོས་མི་འདི་ཚོ་ལས། སྐུ་ངོ་སྤེན་ཚེ་མཆོག་ཁོ་ན་ནི་༧གོང་ས་མཆོག་གིས་མཚོན་པའི་རྒན་རབས་བླ་ཆེན་དཔོན་ཆེན་མི་ཆེན་རྣམས་ཀྱི་དགོས་པ་དགོངས་གཞི་རྟོགས་ཤིང་ངོ་འཕྲོད་པ། དེས་རབས་ཀྱི་ཤེས་ཡོན་དང་ཉམས་མྱོང་ཡང་ཕུན་སུམ་ཚོགས་པ། གཟི་བརྗིད་དང་དཔའ་གདེང་། འཇོན་ཐང་སོགས་ནས་བལྟས་ན་ཡང་ཁ་ཚ་དགོས་གཏུགས་ལྟ་བུར་སྲིད་སྐྱོང་དུ་བསྐོ་རྒྱུ་ནི་འཇུ་ས་ལ་འཇུ་དགོས་པའི་འདེམ་ག་མ་ནོར་བ་གཅིག་པུ་དེ་རེད་སྙམ་མོ། །བཀྲ་ཤིས་བདེ་ལེགས་ཤོག ། །།
་་་་་་་་་་་་་་་་་་་་་ དེ་ཚང་མཁན་ནི་འོས་མི་ཚང་མའི་ཁྲོད་དུ་སྐུ་ངོ་སྤེན་ཚེ་མཆོག་ལས་ལྷག་ཅིག་མེད་པའི་རྒྱུ་མཚན་བཀོད་པ་རྣམས་ཀྱང་གནད་དུ་ཕིགས་པ་འབའ་ཞིག་རེད། ་་་་་་་་་་་་་་་་
རྩོམ་ཡིག་དཔེ་མེད་ཅིག་བྲིས་འདུག རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ། རྩོམ་ཡིག་འདི་བཙན་བྱོལ་བོད་མིའི་མཐོ་རིམ་འགོ་ཁྲིད་ཚོས་གཟིགས་དགོས་ངེས་ཤིག་རེད། གོང་ནས་ཞབས་མཆན་པ་དང་པོས་རྩོམ་ཡིག་ལ་ནུས་པ་ཡོད་མེད་ཤེས་མ་སོང་ཟེར། དོན་ངོ་མ་རང་གིས་རྩོམ་དེའི་ནུས་པ་ཁས་བླངས་ཚར་འདུག ་་་་་ ལགས། ་་་་་ མ་རེད་པེ། ཡུལ་གྱར་ཞེས་པ་ཡུལ་བྱོལ་པ་ཞེས་པའི་དོན་དང་གཅིག་རེད། བོད་ཀྱི་ཚིག་མཛོད་དག་ཏུ་ཡོད་ལ། google ནང་ཚོལ་དང་། མིང་དེ་སྤྱོད་མཁན་ཕྱི་སྡོད་བོད་མིའི་ཁྲོད་གྲངས་ཀ་མི་ཟིན་པའི་ཚད་རེད། མདོ་དོན་ད་རེས་སྲིད་སྐྱོང་གི་འོས་མི་ནང་ནས་དྲག་ཤོས་དེ་སྐུ་ངོ་སྤེན་ཚེ་མཆོག་རེད།
རྩོམ་པ་པོ་སྒ་གཡག་རི་འཇིགས་མེད་རྣམ་རྒྱལ་ལྡེ་ལགས་ཀྱིས་བརྩམས་ཆོས་ཐུང་ངུ་འདི་དོན་སྙིང་ལྡན་པ་ཞིག་བྲིས་གནང་འདུག་པར་བསྔགས་བརྗོད་ཡོད། ཁྱེད་ནས་དགོངས་པ་རྒྱ་ཆེ་ཟབ་བཞེས་གནང་འདུག་པ་མ་ཟད། དྲང་པོར་སྨྲས་ན། བོད་མིའི་མངོན་འདོད་བསྒྲུབ་པར་འཕྲལ་ཕུགས་གང་ནས་བལྟས་ཀྱང་། ད་ཡོད་ ༢༠༢༡ ལོའི་སྲིད་སྐྱོང་ཀྱི་འོས་མིའི་ཁོངས་ནས་རྩེ་ཕུད་དེ་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་རང་རེད་འདུག་པས། ཁྱེད་ཀྱི་གསུངས་པའི་དགོངས་འཆར་ལ་ངས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ལར་ནས་ངས་བལྟས་ན། མ་གཞི་ཆ་ཆོལ་ཁ་ཆོས་ལུགས་ཟེར་བ་འདི་ང་ཚོ་བོད་པས། སྔ་མོ་ཕྱིའི་རྒྱལ་ཁབ་དང་མི་རིགས་གཞན་པ་ནས་ལེགས་བྱང་ནང་འདྲེན་གནང་སྐབས་དུག་རྩ་གཡའ་སེལ་ཡག་པོ་མ་གནང་བར་བག་ཆགས་ངན་པ་འགའ་ཡང་ཞར་དང་ཞོར་དུ་བསྣམས་ཕེབས་ཏེ། སྤྱི་ཚོགས་ནང་སིམ་འཛུལ་བྱས་ཚར་ཡོད་པ་དང་། རིམ་པའི་བོད་མི་རིགས་ཀྱི་གོམས་སྲོལ་དང་རིག་གཞུང་གྱི་ཚུལ་དུ་བག་ཆགས་ངན་པ་དེ་དག་སྲ་བརྟན་དུ་འགྱུར་ནས་དུས་ད་ལྟའི་བར་མི་རབས་མང་པོར་ཉམས་ལེན་གནང་ཡོད། དེར་མ་ཚད་ཕྱི་དགྲ་ནང་དགྲ་གཉིས་ཀས་བག་ཆགས་ངན་པ་དེ་དག་ལོག་པར་བེད་སྤྱད་དེ། ང་ཚོའི་ཆིག་སྒྲིལ་གྱི་ནུས་པ་དང་མི་རིགས་ཀྱི་ངོ་བོ་དུམ་བུར་བཏང་དང་གཏོང་བཞིན་པ་ནི་མཐོང་ཆོས་རེད། ད་ཆ་ང་ཚོས་རང་གི་སྔ་མོའི་ལོ་རྒྱུས་ཀྱི་སྐྱོན་ཆ་ལེགས་པར་རྟོགས་པའི་གོ་ནས། དེང་དུས་འཛམ་གླིང་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་། དུས་ཀྱི་འགྱུར་བ་དང་བསྟུན། བོད་ཀྱི་མི་རབས་གསར་པར་མིག་ལྟོས་བཟང་པོ་འཇོག་དགོས་པ་ཟད། རང་རེ་བོད་ཀྱི་ལོ་རྒྱུས་ནང་ཆོལ་ཁ་ཆོས་ལུགས་སོགས་ཀྱི་གནད་དོན་ལ་བསྐྱར་ཞིབ་ནན་མོ་དང་སྤང་བླང་ལེགས་བཅོས་གནང་འོས་གནང་རན་ཁོ་ཐག་ཅིག་རེད་འདུག་བསམས་ཀྱིན་ཡོད། དེས་ན། དེའི་ཁོངས་ནས་དམིགས་སུ་བཀར་ཏེ། ཆོལ་ཁ་ཟེར་བའི་ཚིག་དང་ཐ་སྙད་དེའི་བེད་སྤྱོད་དང་ལག་ལེན་གཉི་ཀ་ཉི་ཤུ་དགུའི་གཏོར་རྒྱག་དུ་བརྫངས་དགོས་མིན་ཚང་མས་དཔྱད་གླེང་དང་དགོངས་པ་གཟབ་ནན་གནང་རན་འདུག་སྙམ།།
་་་་་་་་བོད་ཀྱི་མི་རབས་གསར་པར་མིག་ལྟོས་བཟང་པོ་འཇོག་དགོས་པ་ཟད། ཅེས་པ། ་་་་་་་བོད་ཀྱི་མི་རབས་གསར་པར་མིག་ལྟོས་བཟང་པོ་འཇོག་དགོས་པ་མ་ཟད།་་་་་ལ་བཅོས་རོགས།
ཆོལ་ཁ་ཟེར་བའི་ཐ་སྙད་དེ་སོག་པོའི་བོད་ཀྱི་སྟོབས་ཤུགས་ཉམས་ཆགས་གཏོང་རྒྱུའི་བོད་དུམ་བུར་བཏང་བའི་ཆབ་སྲིད་ཀྱི་ཞ་མོ་སྐབས་དེ་དུས་བོད་མིའི་མགོ་ལ་གྱོན་པའི་ཆབ་སྲིད་ཀྱི་འཐོམ་ཞ་ཞིག་མ་རེད་དམ???
ད་ལན་སྲིད་སྐྱོང་འོས་བསྡུ་ནང་ལ། བློ་སེང་ལགས་ཀྱིས། སྤེན་ཚེ་ལགས་ལ། རྒྱབ་སྐྱོར་གནང་ན། བློ་སེང་གིས་སྲིད་སྐྱོང་ལས་ཡུན་ལ་སྡིག་པ་བསགས་པ་མང་པོ་ཞོག དག་རྒྱུ་ཡིན་སྨྲོས་མ་དགོས་ཀྱང་། དེང་སང་གི་བོད་རིགས་ལ་དེ་འདྲའི་ཡ་རབས་ཀྱི་ཡོན་ཏན་ཡོད་དམ་མེད། ངས་ད་ལྟ་ཤེས་མ་སོང་བས་་་་་་ !!! ???
བོད་ཀྱི་དུས་བབས་ནང་ ༢༠༢༡ སྲིད་སྐྱོང་འོས་མིའི་བསམ་ཚུལ་སྤེལ་མཁན་རིག་ཅིག་གིས་གཡས་སྐོར་གཡོན་སྐོར་གང་རྒྱབ་ནའང་། རྒྱུ་མཚན་འདྲ་མི་འདྲ་ག་རེ་བཤད་ནའང་དོན་བབས་ས་དེ་སྤེན་པ་ཚེ་རིང་ལ་སྲིད་སྐྱོང་ལ་བཀོད་ཐབས་ཞུ་རྒྱུ་དེ་རེད་འདུག དཔེ་ན་རྩོམ་འདིའི་ནང་མདོ་སྨད་དེ་བོད་ཆོལ་གསུམ་ནང་ཡིན་པ་རྒྱ་དམར་གྱི་ཤེས་ཐབས་ཆེད་སྤེན་ཚེ་ལ་འོས་བླུགས་རྒྱུ་གལ་ཆེ་ཡིན་པའི་བསམ་ཚུལ་ཞིག་སྤེལ་འདུག རྒྱ་དམར་པོའི་གནས་དོན་དེ་མི་རབས་མང་པོའི་གོང་ནས་ཤེས་ཀྱི་ཡོད་པར་དོག་པ་མེད། གལ་སྲིད་སྤེན་ཚེ་ཨ་མདོ་ཆོལ་ཁ་ནས་ཡིན་པ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དུ་འཁོད་པས་རྒྱ་དམར་པོར་ནད་གཟུགས་དྲག་པོ་བཏང་བའམ་ལན་ནན་པོའི་ཞིག་གཏོང་གི་ཡོད་ཚེ། མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས་ནས་སྤྱི་ཚོགས་རྙིང་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་གདན་བཞུགས། རྒྱའི་བོད་ནང་བཙན་འཛུལ་རྗེས་སྐྱབས་བཅོལ་དུ་ཕེབས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་སྔར་ལས་ཆེར་ལྷག་པ་ཞིག་སླར་གསོ་གནང་ནས་འཛམ་གླིང་མི་དམངས་དང་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་ངང་རྒྱ་དམར་ལ་བདེན་མཐའ་རྩོད་ནས་མི་ལོ་དྲུག་ཅུ་འདས་པའི་བོད་མིའི་འདི་ཕྱི་གཉིས་ཀྱི་དབུ་འཁྲིད་༸གོང་ས་མཆོག་གིས་ངོ་བོ་བཞེས་པ་ལས་ལྷག་པ་ཞིག་སྤེན་ཚེས་བྱེད་ཐུབ་ཀྱི་རེད་མ་ཟེར་ཙམ་མ་རེད་པས། དམངས་གཙོ་རེད་ཀྱང་དེ་འདྲ་རང་ཨེ་ཡིན།
བོད་ཆོལ་ཁ་གསུམ་བཞེས་པའི་མཐའ་བསྙད་དེ་བོད་རང་བཙན་ཡིན་སྐབས་དེ་ཙམ་བེད་སྤྱོད་ཞུ་མ་ཞུ་མི་ཤེས་ཀྱང་སྐྱབས་བཅོལ་དུ་བོད་མི་ཚང་མས་ཤེས་ཀྱི་ཡོད། དེ་ཡང་ངས་དུས་ཀྱི་འཛིན་གྲྭ་དང་པོའི་བོད་ཡིག་སློབ་དེབ་ནང་། ཤར་གྱི་ཕྱོགས་སུ་མདོ་ཁམས་ཡོད། དེ་ན་ཁམས་པ་དཔའ་བོས་གང། བྱང་ཤར་ཕྱོགས་སུ་ཨ་མདོ་ཡོད། བརྩོན་འགྲུས་ཅན་གྱི་ཨ་མདོ་བ། དབུས་ལ་དབུས་གཙང་ཆོས་ཀྱི་ཞིང་། ནས་མཐར།་ མི་རིགས་དེ་གསུམ་བོད་རིགས་ཡིན། ཤ་རུས་གཅིག་པ་ཤ་སྟག་ཡིན་ཅེས་སོགས་ཡོད། འདིས་ཆོལ་ཁ་གསུམ་དེས་བོད་རྒྱལ་ཁབ་ཡིན་པ་ཚོན་རེད། ཧུའོ་ཅིན་ཐའོ་དང་རྒྱ་དམར་ལ་བོད་ཟེར་པ་དེ་ག་འདྲ་ཞིག་ལ་གོ་དགོས་པའི་གོ་རྟོགས་ཤིག་དང་དྲན་བསྐུལ་ཞིག་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་ནས་སྤེལ་གནང་རེད་བསམ།
བསྡོམས་རྒྱབ་ན་རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་ལགས་རྣམ་གཉིས་ལས་ལྷག་པའི་ཆེ་བསྟོད་ཞུ་རྒྱུའི་དཔལ་ཡོན་ཞིག་སྤེན་ཚེ་ལགས་སུ་ཡོད་ན་གསུང་ནས་མི་མང་ནས་འོས་ཐོབ་ཐབས་ཞུ་དགོས། དེ་མིན་ཕར་སྐོར་ཚུར་སྐོར་ལམ་ནས་འོས་ཐོབ་རྒྱུ་ཆེར་དཀའ། ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་གཟིགས་མཐུ་ལས་མི་མང་ཤེས་རྟོགས་ལྡན་པས་མགོ་སྐོར་ཐུབ་རྒྱུ་དཀའ་གནས་ཡིན།
རྒྱ་རི་སྒྲོལ་མ་ལགས་དང་འབྲོང་ཆུང་ལགས་རྣམ་གཉིས་ལ་བོད་མིའི་མཐུན་སྒྲིལ་ཡོད། གནས་ཡུལ་རྒྱ་གར་གཞུང་དང་མི་མང་གི་མོས་གུས་དང་ཡིད་ཆེ་ཡོད། ཨ་རི་གཙོས་པའི་རྒྱལ་ཁབ་གྱིས་ཡིད་ཆེས་འཕེལ་བའི་རྒྱབ་སྐྱོར་ངང་ཤུགས་ཀྱི་ཐོབ་རྒྱུ་བཅས་པ་སྤྱི་ཡོངས་ཁྱད་ཆོས་དང་སྒེར་སོ་སོའི་བོད་དོན་དུ་དམིགས་པའི་ཁྱད་ཆོས་ཀྱང་ཡོད། ང་ལ་ནི་གལ་གནད་ཆེ་ཤོས་དེ་རང་རེའི་དབུ་འཁྲིད་མཆོག་གི་ཐུགས་དགོངས་དེ་ཡིན། སངས་རྒྱས་ཐུགས་ལ་ཉེ་རིང་མེད་ཀྱང་ཁོང་གཉིས་དམ་ཚིག་གཙང་བས་ཐུགས་ཕན་གསོན་ཆེ་བ་ང་རང་གི་བསམ་དཔྱད་ཡིན།།
༢༠༢༡ རྒྱ་རི་སྒྲོལ་ལ་ལགས། ༢༠༢༡ འབྲོང་ཆུང་ལགས། གང་རུང་ལ་དམིགས་ཤོག
སྲིད་སྐྱོང་གི་འོས་བསྡུ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་ཁུར་ནས་འགྲོ་དགོས་པ་ལས་ཆོལ་ཁའི་མིང་སྲིད་སྐྱོང་གི་འོས་བསྡུའི་ནང་ནམ་ཡང་མ་གླེང་ན་ཡག་གི།