པ་སངས་ཚེ་རིང་།
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་རང་ཉིད་སྲིད་སྐྱོང་དུ་བཞེངས་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་བར་དགའ་བསུ་ཞུ་མཁན་མི་ཉུང་བ་ཞིག་ཡོད། ང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། ང་ལ་མཚོན་ན། སྐུ་ངོ་འབྲོང་ཆུང་ལགས་ལ་ཐེངས་གཉིས་ལས་མཇལ་མྱོང་མེད། དེ་ནི་བདེ་སྲུང་དྲུང་ཆེ་ཡིན་སྐབས་ཐེངས་གཅིག་དང་། བདེ་སྲུང་བཀའ་བློན་ཐེངས་གཉིས་པ་གནང་སྐབས་ཐེངས་གཅིག་མཇལ་བ་ཡིན། གཞན་ཁོང་གི་སྐོར་ལ་ཤེས་རྟོགས་ཡོད་གང་ཡང་མེད།
ད་ལྟ་ཁོང་གླེང་མཁན་ཇེ་མང་དུ་འགྲོ་བཞིན་འདུག ང་ནི་ཁོང་གི་སྐོར་ལ་རྒྱུས་མེད་ཡིན། ངས་ཤེས་པའི་ཁོང་བྱས་རྗེས་ནི། ཁོང་དང་རོགས་པ་འགས་གཞུང་ཞབས་གནད་ཡོད་མང་པོའི་ལོ་རྒྱུས་ཕྱོགས་བསྒྲིགས་གནང་བའི་དེབ་༼བོད་གནས་ལག་དེབ་༽ཅེས་པ་ཞིག་ཡོད་པ་དེ་དང་། ཉིས་སྟོང་བཅུ་གཅིག་ལོར་དཔར་སྐྲུན་བྱས་ནས་ཀྱང་སྤྱི་ཚོགས་ནང་འགྲེམས་སྟབས་མ་བདེ་བ་ཟེར་ནའང་འདྲ། ཁ་གསལ་ལ་མ་གསལ་གྱི་འགྲེལ་བཤད་སོགས་ཀྱི་འོག་ན་ལྷག་ཡོད་པའི་དེབ། ༼བདེན་དོན་རྡོ་རྗེའི་བྲག་རི༽ཞེས་པ་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་ ༤ ཚེས་ ༦ ལ་བཀའ་ཟུར་ཁོང་གིས་བཀའ་བློན་ལས་ཁུར་ནས་རྩ་དགོངས་ཞུས་པའི་སྔ་རྗེས་ཤིག་ལ་གཞི་ནས་འགྲེམས་སྤེལ་གནང་སོང་བ་དེ་གཉིས་རེད། ༼བདེན་དོན་རྡོ་རྗེའི་བྲག་རི༽ཡིས་ཆུ་བཞི་སྒང་དྲུག་གི་སྤྱི་ཁྱབ་རྒྱུན་ལས་ཁང་གིས་འགྲེམས་སྤེལ་བྱས་པ་༼མ་རུང་བའི་བྱ་སྤྱོད་སྤེལ་བར་ལན་འདེབས་ངོ་སྤྲོད་དགག་བཞག་གཏམ་གྱི་ཐོག་མདའ་༽ཟེར་བ་དེ་ཕྱེ་མའི་རྡུལ་དུ་བརླགས་ཡོད། ཡིག་ཚགས་ཧ་ཅང་རྩ་ཆེན་པོ་ཞིག་རེད།
ལས་དོན་འཐུས་ཤོར་བཏང་བ་ལ་བརྟེན་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བཟོ་མཁན་གྱི་བཀའ་ཤག་སྐབས་བཅུ་བཞི་པའི་ཁོངས་ནས་ཁོང་གིས་རྩ་དགོངས་ཞུས་པ་དེར་འགྲེལ་བཤད་སྣ་ཚོགས་ཡོང་གི་ཡོད་པ་དེར་ཡང་དོ་སྣང་ཅུང་བྱུང་། གཞན་ཁོང་གི་སྐོར་ལ་གང་ཡང་མི་ཤེས། གོ་མྱོང་ཡང་མེད།
ད་ལོར་གཞི་ནས་བཀའ་ཟུར་ཁོང་གི་སྐོར་དྲ་ལམ་སོགས་ན་མང་ཙམ་མཇལ་རྒྱུ་འདུག དེ་དང་མཉམ་དུ་འགྲེལ་བཤད་གསལ་ལ་མི་གསལ་བའང་མང་ཙམ་སྤེལ་གྱིན་གདའ། དཔེར་ན། བཀའ་ཟུར་ཁོང་རྩ་བ་ནས་སྲིད་སྐྱོང་ལ་བཞེངས་ཀི་མ་རེད་ཟེར་བ་དང་། ཆབ་སྲིད་པ་ཁག་ཅིག་གིས་སོ་སོ་དང་གཞན་དང་གཞན་བརྒྱུད་པ་སོགས་ཀྱི་ལམ་ནས་བདེན་བདེན་འགྲིག་འགྲིག་མང་པོ་ཞུས་ཏེ་སྲིད་སྐྱོང་ལ་བཞེངས་དགོས་པའི་ཨུ་ཚུགས་བསྐྱོན་གྱི་ཡོད་པ་རེད་ཟེར་བ་སོགས་ཡས་གཏམ་ལ་ཉན་ན་ཡས་གཏམ་བདེན་བདེན་འདྲ་བ། མས་གཏམ་ལ་ཉན་ན་མས་གཏམ་བདེན་བདེན་འདྲ་བ་མང་པོ་རེད།
ཕྱི་ཚེས་ ༩ ཉིན་བཀའ་ཟུར་འབྲོང་ཆུང་ལགས་ ༢༠༢༡ ལོའི་སྲིད་སྐྱོང་དུ་བཞེངས་རྒྱུ་དང་འབྲེལ་བའི་དྲ་རྒྱ་ཞིག་སྒོ་བྱེད་བྱས་སོང་། དེ་དང་ཆབས་ཅིག ཉིན་དེ་ག་རང་ལ་ནོར་ཝེ་རླུང་འཕྲིན་ཁང་གིས་བཅར་འདྲིའི་རྣམ་པ་ནས་སྲིད་སྐྱོང་འོས་མིར་བཞེངས་རྒྱུ་ཡིན་པ་སྐུ་ངོ་ཁོང་ངོ་མར་གསུང་བཅུག་སོང་། དེ་ནི་དགའ་འོས་པ་ཞིག་རེད་ལ། ད་ལྟ་ཕན་ལ་སྤྱི་ཚོགས་ནང་གསལ་ཁ་ཡོད་ལ་མེད་ཀྱི་སྐད་ཆ་མང་པོ་འགྲོ་བཞིན་པ་དག་ལ་གསལ་བཤད་དང་དབྱེ་མཚམས་གསལ་པོ་ཞིག་ཕྱེས་གནང་སོང་།
ཡང་དེ་དང་མཉམ་དུ་ང་ཚོས་བཀའ་ཟུར་ཁོང་ལ་རྒྱབ་སྐྱོར་ཞུ་དུས། ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོར་མཐོང་གི་འདུག གང་ལ་ཟེར་ན། འོས་བསྡུའི་སྒྲིག་གཞིའི་ནང་གསལ། སྲིད་སྐྱོང་གི་འོས་ཆོས་གྲས་༼བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།༽་ཞེས་གསལ་ཡོད་པ་དེ་དང་། ཡང་འོས་བསྡུའི་སྒྲིག་གཞིའི་དོན་ཚན་སོ་དགུ་པར་། ༼ བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅེས་པ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང༌། གཤམ་འོག་ལས་ཁུངས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་གཏན་འཇགས་ལས་བྱེད་དང་། ཆོད་གན། དམིགས་བསལ་ལས་བྱེད་བཅས་ལ་གོ་དགོས་ཤིང༌། ལས་བྱེད་འདི་རིགས་འོས་གཞིར་སླེབས་ཤིང་རང་ངོས་ནས་འོས་གཞིར་ཞུགས་འདོད་ཡོད་ཚེ་ལས་བྱེད་ནས་རྩ་དགོངས་ཞུས་འཁྲོལ་དགོས་པ་ཡིན།༽་ཞེས་གསལ་བ་དང་། སྒྲིག་གཞི་དེའི་དོན་ཚན་ཉེར་བཞི་པར། ༼ ༨ འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་བཅས་ཀྱིས་རང་ཉིད་དམ་སྐྱེ་བོ་སུ་རུང་འོས་གཞིར་ཞུགས་པའི་ཆེད། ཀ སྒྲིག་འཛུགས་དང། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག༽ཅེས་གསལ་ཡོད་པ་འདི་དག་ལ་ངེས་པར་དོ་སྣང་གནང་སྟེ། བཀའ་ཟུར་ཁོང་ལ་གླེང་གཞི་མི་ཡོང་བའི་ཐད་ནས་དམ་དོན་གནང་གལ་ཆེ་བར་མཐོང་། ང་ཚོས་དོ་སྣང་ཆུང་སྐྱོན་གྱི་དབང་དུ་སོང་ཐལ་ཆེས་ནས། ནམ་ཞིག་འོས་བསྡུའི་སྒྲིག་གཞི་དོན་ཚན་ཉེར་ལྔ་པ་སོགས་ཚུར་འགྲེལ་བཤད་བརྒྱབ་ཡོང་བ་ཡིན་ན། དེ་དུས་ང་ཚོས་སྐུ་ངོ་མཆོག་ལ་ཞབས་འདེགས་ཞུས་ཡོད་དང་ཞབས་འདྲེན་ཆགས་གཞི་བཟོས་ཡོད་ལ་ད་ལྟ་ནས་ཐུགས་བསམ་བཞེས་དགོས་འདུག
ད་རེས་གསར་འགོད་པས་བཀའ་འདྲི་གསལ་པོ་ཞུས་པ་ཧ་ཅང་ལེགས་མོད། དོན་གཅོད་ཀྱི་ལས་གནས་སུ་ཡོད་བཞིན་པ་དང་། དོན་གཅོད་ལས་ཁུངས་ནས་གསལ་བཤད་གནང་བཅུག་པ་འདི་རིགས། དོན་གཅོད་ལས་ཐོག་ཡིན་པའི་ཆ་ནས་༼བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།༽་ཞེས་པ་དང་འགལ་འདུག དོན་གཅོད་ལས་ཁུངས་ལས་གསལ་བསྒྲགས་གནང་བ་དེ་༼་་་་་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག༽ཅེས་པ་དང་འགལ་འདུག་ཅེས་གླེང་མཁན་ཡང་ཡོང་གིན་འདུག་སྟབས། ང་ཚོས་བཀའ་ཟུར་ཁོང་ལ་འགན་ཁུར་བྱེད་སྟངས་ཐད་ནས་གཟབ་ནན་བྱེད་དགོས་འདུག་སྙམ། གསར་འགོད་པ་རྣམ་པས་བསམ་བཞིན་དུ་གནོད་སྐྱེལ་གྱི་ཡོད་པའི་བསྙོན་འཛུགས་བྱེད་ཀྱི་མེད་དེ། ང་ཚོ་སྐུ་ངོ་ཁོང་ལ་རྒྱབ་སྐྱོར་ཞུ་མཁན་གྲས་ཀྱི་གནད་ཡོད་མི་སྣ་དང་འབྲེལ་ཡོད་ཚང་མས་སྤྱི་ཚོགས་ནང་གི་སྐད་ཆ་གླེང་གནད་འགག་ཅན་གྱི་རིགས་དེ་ཚོ་ངེས་པར་དུ་སྐུ་ངོ་བཀའ་ཟུར་ཁོང་གི་སྙན་དུ་འཁྱོལ་བ་རེ་གནང་བ་ཡིན་ན། མ་འོངས་པར་ཕྱག་ལས་གནང་བདེ་དང་ཕེབས་བདེ་གཉིས་ཀ་ཆགས་རྒྱུར་ཏན་ཏན་ཕན་གྱི་རེད།
དོན་གཅོད་ཀྱི་ལས་གནས་སུ་ཡོད་བཞིན་པ་དང་། དོན་གཅོད་ལས་ཁུངས་ནས་གསལ་བཤད་གནང་བཅུག་པ་འདི་རིགས། དོན་གཅོད་ལས་ཐོག་ཡིན་པའི་ཆ་ནས་༼བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ།༽་ཞེས་པ་དང་འགལ་འདུག དོན་གཅོད་ལས་ཁུངས་ལས་གསལ་བསྒྲགས་གནང་བ་དེ་༼་་་་་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག༽ཅེས་པ་དང་འགལ་འདུག་ཅེས་གླེང་མཁན་མང་པོ་ཡོད་པར་མ་ཟད། དབུས་འོས་བསྡུ་ལས་ཁང་ནས་ཐག་གཅོད་ནན་མོ་བྱེད་ངེས་སྙམ།
ཕོ་འགའ་རེའི་གནམ་ལ་སྐྱག་གི་འདའ།
ཕོ་འགའ་རེའི་ས་ལ་བརྡབས་ཀྱི་འདའ།
ཧ་ཧ་ཧ
འགའ་ཤས་ཀྱིས་ནི་རྒྱབ་སྐྱོར་དང་ཁྱབ་བསྒྲགས་སུ་བསྙད་ནས་གནོད་སྐྱེལ་མཁན་ཡང་ཡོད་མི་སྲིད་པ་མ་རེད། འོས་བསྡུ་ལས་ཁུངས་ཀྱི་ལམ་སྟོན་དང་། ཁྲིམས་སྒྲིག་དང་མ་འགལ་བ་གནང་རྒྱུ་གལ་ཆེན་པོ་རེད། གཞན་ནི་ཆབ་སྲིད་པ་ཚོའི་འགུལ་སྐྱོད་ནི་ཚོད་མི་ཐིག་པ་ཞིག་རེད།
ད་རེས་འབྲོང་ཆུང་ལ་སྲིད་སྐྱོང་གོ་སྐབས་འོས་སོ།