གངས་ལྷ་མེ་ཏོག
ང་ནི་ལོ་ངོ་མང་པོའི་སྔོན་ནས་ཁ་བརྡ་དྲྭ་ཚིགས་དང་། བོད་ཀྱི་དུས་བབ་སོགས་ཀྱི་ཀློག་པ་པོ་ཞིག་ཡིན། བོད་ཀྱི་དུས་བབ་ཞེས་ཐོས་མ་ཐག་དཔེ་ཚུགས་ལྟ་བུའི་ཡིག་གཟུགས་ཤིག་ཕྲན་གྱི་མིག་ལམ་དུ་འཆར་གྱི་འདུག་ལ། སློབ་གྲྭའི་དཔེ་མཛོད་ཁང་གི་སྒོ་འགྲམ་ལ་ཚགས་པར་ཀློག་སའི་སྒྲོམ་སྟེགས་ཤིག་ཡོད་པ་དེ་ལ་ཉིན་ལྟར་ཨིན་ཡིག་ཚགས་པར་ཡོད་ནའང་། བོད་ཡིག་ཚགས་པར་བོད་ཀྱི་དུས་བབ་ཚགས་པར་ལྟ་བུ་ཉིན་གྲངས་བཅུ་རེའི་མཚམས་ལ་ཐེངས་རེ་ལས་སླེབས་ཀྱི་མེད་སྟབས་ངང་སྒུག་བྱས་པའི་སྣང་ཚུལ་དེ་ཡང་དྲན་གྱི་འདུག འོ་ན། དེ་རིང་ངས་དེ་ལྟར་དྲན་དོན་གང་ཡིན་ནམ།
དེ་སྔོན་ཡིན་ན་བོད་ཀྱི་དུས་བབ་ཚགས་ཤོག་ཀློག་གི་ཡོད་པ་དང་། སྐབས་དེ་དུས་བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ཞེས་འབྲི་རྒྱུ་ཡོད་ནའང་། དེང་སྐབས་དྲ་རྒྱའི་ཐོག་ནས་བལྟ་ཀློག་བྱ་རྒྱུ་ཡོད་པས་སྤྱིའི་འདོན་ཐེངས་ཞེས་པ་ཡོད་མེད་ཤེས་ཀྱི་མེད་ལ་དེ་ཙམ་གལ་ཆེར་མ་མཐོང་བས་འཚོལ་ཞིབ་ཀྱང་བྱས་མེད། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༢ ཉིན་བོད་ཀྱི་དུས་བབ་དྲ་རྒྱའི་ཐོག་ལ་རྩོམ་ཡིག་ཁ་བྱང་ལ་ (བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་མ་འོངས་པའི་སྲིད་སྐྱོང་དུ་འོས་སམ།) ཞེས་པ་ཞིག་སྤེལ་འདུག དུས་རྒྱུན་དང་མི་འདྲ་པའི་རྣམ་པ་གཉིས་རྩོམ་ཡིག་མ་ཀློག་སྔོན་ནས་མངོན་གྱི་འདུག གཅིག་ནི་རྩོམ་ཡིག་འབྲི་མཁན་གྱི་པར་མཉམ་དུ་ཡོད་པ་མ་ཟད། པར་དེ་ཡང་ཕྱེད་པར་མིན་པར་གཟུགས་པོ་ཆ་ཚང་ཡོད་པའི་པར་ཞིག་དང་། ད་དུང་པར་ནང་གི་མི་སྣས་བསམ་གཞིགས་ནན་པོ་བྱས་པའི་རྣམ་འགྱུར་མངོན་པ། གྱོན་གོས་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུ་པའི་གཞོན་ནུ་ཤེས་ཡོན་ཅན་གྱི་གྱོན་གོས་རེད་ཅེས་བརྗོད་ཀྱི་མེད་ཀྱང་། དེ་དང་མི་འདྲ་བ་ཆེར་མེད་པ། མིག་ཤེལ་དཀར་པོ་ལུང་ཐག་ནག་པོ་ཅན་ཞིག་གྱོན་པ་དང་། ལག་གཡོན་ལ་ཆུ་ཚོད་བཏགས་པ། གང་ལྟར་བལྟས་པ་ཙམ་གྱིས་ཞི་འདུལ་བག་ཡོད་ཅན་ནམ། ཕྱི་ཤེས་བྱ་དང་ནང་ཡོན་ཏན་གྱི་ཆ་གཉིས་ཀ་ཚད་ཅུང་མཐོ་པོར་སླེབས་ཡོད་པའི་རྣམ་འགྱུར་མངོན་པའི་པར་གཅིག་རྩོམ་ཡིག་དང་མཉམ་དུ་སྦྱར་པ་དེ་དང་། མི་འདྲ་བའི་རྣམ་པ་གཞན་གཅིག་ནི་བཙན་བྱོལ་ནང་བོད་ཀྱི་སྨན་རྩིས་ཁང་གི་སྨན་པས་སྲིད་དོན་དང་འབྲེལ་བའི་རྩོམ་ཡིག་འབྲི་མཁན་ད་བར་ཕྲན་གྱིས་མཐོང་མ་མྱོང་ཡང་ད་ལན་རྩོམ་ཡིག་མཐོང་བ་ཙམ་མིན་པར། ཚིག་སྦྱོར་དང་ནང་དོན་གཉིས་འཛོམས་ཀྱི་རྩོམ་ཡིག་ཀློག་བསྐལ་བྱུང་བ་དེ་རེད།
ཕྲན་གྱིས་རྩོམ་ཡིག་འབྲི་མི་ཤེས་ནའང་། ད་བར་བོད་ཀྱི་དུས་བབ་དང་། ཁ་བརྡ་བོད་ཡིག་དྲྭ་ཚིགས་སོགས་ཚགས་ཤོག་དང་། དུས་དེབ། དྲྭ་རྒྱ་བལྟ་ཀློག་བྱས་པར་བརྟེན་རྒྱུས་མངའ་ཕྲན་བུ་ཡོང་གི་འདུག་ལ། སྐབས་རེ་གཞན་གྱི་རྩོམ་ཡིག་བཀླགས་ནས་ཤེས་ཡོན་ཚུར་ལེན་ཅི་ཐུབ་བལྟས་པ་ལས་རང་ཉིད་ཀྱིས་མ་བྲིས་པར་བརྟེན་གཞན་གྱི་རྒྱུ་ནོར་བླངས་ནས་བེད་སྤྱད་ནས་ཕར་མ་སྤྲད་པ་ལྟ་བུ་ཚོར་མྱོང་ཡོད་ལ། བོད་ནང་གི་དུས་དེབ་ཅིག་གི་ཐོག་ལ་དཔེ་ཀློག་སྐོར་ལ་བྲིས་པའི་རྩོམ་ཡིག་བཀླགས་མྱོང། རྩོམ་ཡིག་དེའི་ནང་ལ་དགེ་རྒན་ཞིག་གིས་དེབ་མང་པོ་བཀླགས་ནའང་རྩོམ་ཡིག་མ་བྲིས་པར་བརྟེན་ཁོ་རང་གིས་ཤེས་པ་ལས་གཞན་ལ་ཤེས་སུ་མ་བཅུག་པ་རེད་ཅེས་དང་། དེབ་ཀློག་པ་དང་མཉམ་དུ་འབྲི་རྒྱུ་གལ་ཆེ་བ། འབྲི་རྒྱུ་ནི་རང་གཞན་གཉིས་ཀར་ཕན་པའི་བྱ་བ་ཞིག་ཡིན་པ་སོགས་རྩོམ་ཡིག་ལམ་ནས་བྲིས་པ་མཐོང་བས་སེམས་ཤུགས་ཅུང་སྐྱེས་པ་དེ་ཡང་རྩོམ་ཡིག་གི་ནུས་པ་ཅི་ལ་མིན།
ཉོག་བཤད་སྐྱུར་ནས་དེ་རིང་གང་འབྲི་འདོད་པ་ནི། གོང་གི་རྩོམ་ཡིག་དེ་འབྲི་མཁན་སྨན་རྩིས་ཁང་གི་སྨན་རམས་པ་བ་ར་ཕུ་ཕུན་ཚོགས་བསྟན་དར་ལགས་ནི་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པར་ཕྲན་གྱི་འཛིན་གྲོགས་རེད། ཁོང་ནི་སྐབས་དེ་དུས་ནས་བོད་ཀྱི་སྐད་ཡིག་གི་ཤེས་ཚད་ཕུན་སུམ་ཚོགས་པས་མིང་ལ་ཕུན་ཚོགས་ཞེས་པ་བཏགས་པ་དོན་ལ་གནས་འདུག་དྲན་མྱོང་། བོད་ཁྱིམ་སློབ་གྲྭ་ཁག་ལ་དེང་སྐབས་ཡོད་མེད་མི་ཤེས་ནའང་། སྐབས་དེ་དུས་འཛིན་གྲྭ་བརྒྱད་པ་དང་། ལྔ་པ་གཉིས་ལ་བོད་ཁྱིམ་སློབ་གྲྭ་ཁག་གི་སྤྱི་ཡོངས་ཡིག་ཚད་གཏོང་སྲོལ་ཡོད། ང་ཚོའི་ཨང་རྩིས་རྒན་ལགས་ཀྱི་མཚན་ལ་རྒན་སྐལ་བཟང་ལགས་ཞུ་བ་དང་། སློབ་ཕྲུག་ཚང་མས་དགའ་མོས་དང་གུས་བརྩི་ཞུ་ཡུལ་ཞིག་རེད། ངས་གསལ་པོ་དྲན་པ་ཞིག་ལ་ང་ཚོ་འཛིན་གྲྭ་བརྒྱད་པའི་སྤྱི་ཡོངས་ཡིག་ཚད་གྲ་སྒྲིག་བྱེད་བཞིན་སྐབས་སུ་གོང་དུ་བརྗོད་པའི་རྩོམ་ཡིག་འབྲི་མཁན་སྨན་རམས་པ་ཕུན་ཚོགས་བསྟན་དར་ལགས་སྨན་རྩིས་ཁང་དུ་སྨན་སློབ་ཁོངས་སུ་ཡིག་ཚད་བཏང་ནས་ཚུད་པའི་བརྡ་ཐོ་འབྱོར་འདུག་པས་ཁོང་ཨང་རྩིས་སློབ་ཚན་ལ་ལྷོད་ལྷོད་བྱས་ནས་བསྡད་པར། རྒན་སྐལ་བཟང་ལགས་ཀྱིས་སྨན་རྩིས་ཁང་ལ་ཚུད་པ་ཏན་ཏན་མིན་ན་ཨང་རྩིས་སྦྱོང་མ་གཏོགས་ཞེས་དྲན་གསོ་གནང་སོང་། སྐབས་དེ་དུས་ང་ཚོའི་འཛིན་གྲྭའི་སློབ་ཕྲུག་གཅིག་གིས་ཀུ་རེའི་ཚུལ་དུ་ཕུན་ཚོགས་བསྟན་དར་ནི་རྗེས་མ་བླ་སྨན་བ་བྱེད་ཀྱི་རེད་ཅེས་བརྗོད་པར། ཁོང་གིས་ག་པར་ག་པར་ངོ་ཚ་དང་ཅུང་མི་བདེ་བའི་རྣམ་འགྱུར་དང་བཅས་བརྗོད་སོང་། གོང་དུ་ཁོང་ལ་བླ་སྨན་ཆགས་ཀྱི་རེད་ཟེར་མཁན་ཁོང་ཡང་འཛིན་གྲྭ་བཅུ་གཉིས་ཐོན་རྗེས་སྨན་རྩིས་ཁང་གི་སྨན་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་ད་ལྟ་སྨན་དགེ་བྱེད་ཀྱི་ཡོད་པ་ཐོས། མདོ་དོན་ལོ་ངོ་མང་པོའི་རྗེས་སུ་སློབ་གྲོགས་ཁོང་གི་རྩོམ་ཡིག་བོད་ཀྱི་དུས་བབ་དྲྭ་ཐོག་ནས་ཀློག་རྒྱུ་བྱུང་བས་དགའ་སྤྲོ་འཕེལ་ལ། དེ་སྔ་ནས་བཟུང་བོད་ཀྱི་དུས་བབ་ཚགས་ཤོག་དང་དྲྭ་རྒྱ་ཀློག་རྒྱུ་བྱུང་བར་དེ་བས་སྤྲོ་བ་འཕེལ། ད་ལན་ཕྲན་གྱིས་རྩོམ་ཉོག་འབྲི་དོན་ནི་སྨན་རམས་པ་ཕུན་ཚོགས་བསྟན་དར་ལགས་ཀྱི་བོད་ཀྱི་སྐད་ཡིག་ཤེས་ཚད། ད་དུང་སྨན་རྩིས་ཁང་ལ་སློབ་ཞུགས་བྱས་པའི་གནས་སྟངས་ཡིད་ལ་དྲན་པ་ཁག་ཐད་ཀར་ཡིག་ཐོག་ལ་ཕབ་པ་ཙམ་ཡིན། བོད་ཀྱི་དུས་བབ་དང་ཁ་བརྡ་དྲྭ་ཚིགས་སོགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བོད་ཀྱི་སྐད་ཡིག་ཤེས་ཚད་གོང་སྤེལ་དང་། གནས་ཚུལ་ཁྱབ་སྤེལ་སོགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་པ་ནི་ས་རིས་ཐང་གསལ་དཔེ་ལྟར་ཡིན་སྟབས་འགྲེལ་བརྗོད་དགོས་པ་མ་མཐོང་།
སྨན་པ་ཕུན་ཚོགས་བསྟན་དར་ལགས་ཀྱིས་རྩོམ་ཡིག་གི་ཁ་བྱང་ལ་དྲི་བ་ཞིག་བྲིས་པ་དང་། རྩོམ་ཡིག་མ་ཡིག་ནས་དྲི་བའི་ལན་ཁ་གསལ་གོ་བདེ་བྲིས་པ་དེ་ཡང་ཀློག་མཁན་མང་པོས་ཀློག་འདུན་ཆེ་བ་དང་། བཀླགས་རྗེས་ཕན་ཐོགས་ཆེ་བ་བྱུང་ཡོད་ངེས། ཁོང་གི་རྩོམ་ཡིག་ཧྲིལ་པོ་ནི་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བདུན་ཡོད་ཁོངས་ནས་མི་འདྲ་བའི་འོས་མི་གཅིག་པུ་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྩོམ་པ་པོས་གང་མཐོང་བ་དང་མྱོང་བ། དོན་དངོས་དང་སྦྱར་ནས་བྲིས་པ་དེ་རེད། ཕྲན་གྱིས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་སྲིད་སྐྱོང་འོས་མི་གཞན་དང་མི་འདྲ་བ་རེད་ཟེར་དོན་ནི། སྲིད་སྐྱོང་འོས་མི་གཞན་རྣམས་ནི་རང་ཉིད་ཀྱིས་བྱ་ཡི་ཡིན་ཞེས་ཐོན་པ་དང་། སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ནི་བོད་ཕྱི་ནང་གི་མི་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་རེ་བ་ནན་པོ་བྱས་ནས་སྲིད་སྐྱོང་གནང་རོགས་ཞེས་དང་། བཤད་སྟངས་གཞན་ནས་བརྗོད་ན་བོད་མི་མང་གི་ཆབ་སྲིད་ཀྱི་འགོ་ཁྲིད་སྲིད་སྐྱོང་ལ་འོས་པའམ། འོས་པའི་མི། འོས་མི་རེད་འདུག་ཅེས་བོད་ཕྱི་ནང་གཉིས་ནས་དངོས་ཤུགས་བརྒྱུད་གསུམ་ནས་རེ་བ་ནན་ཞུ་གནང་པའི་འོས་མི་ཞིག་རེད། མི་མང་གི་འགོ་ཁྲིད་མི་མང་གིས་མིང་འདོན་གནང་བ་ལ་འོས་མི་ཞེས་པ་པས། རང་ངོས་ནས་འོས་ཀྱི་ཡོད་ཅེས་འོས་མིར་འདོན་པ་དང་། རང་བཙན་ཡོད་པའི་ལུང་པའི་ཆབ་སྲིད་པ་ལྟར་ང་ཡིན་ཞེས་འདོན་མཁན་རྣམས་ལ་མ་གུས་པ་མེད་ནའང་འོས་མི་དངོས་གནས་ཆགས་མིན་དང་ཚད་ལྡན་ཡིན་མིན་སྣ་ཚོགས་ཡོད་ངེས་སྙམ། བཙན་བྱོལ་བོད་མི་མང་གིས་ཐད་ཀར་འདེམས་པའི་བཀའ་བློན་ཁྲི་པ་དང་པོ་དང་། ཚད་མཐོ་པོས་སྐབས་གཉིས་རིང་བཀའ་ཁྲིའི་ཐུགས་འགན་བཞེས་མཁན་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་འོས་ཤོག་སྐོར་ལ་གལ་གནད་ཅན་གྱི་གསུང་བཤད་གནང་བ་ལས་དུམ་བུ་ཞིག་འཇམ་དཔལ་མཁྱེན་བརྩེ་ཞུ་བ་ཞིག་གིས་ཡིག་ཕབ་ཀྱིས་སྤྱི་ཚོགས་དྲ་ལམ་ཁག་ལ་སྤེལ་འདུག་པ་དངོས་གནས་རེད་འདུག་ཨང་དྲན་པ་དང་། སྲིད་སྐྱོང་འོས་མིར་བཞེངས་མཁན་ཚང་མས་དེ་ལྟ་བུ་གནང་ན་བོད་པའི་སྤྱི་ཚོགས་ཞི་བདེ་ལྷིངས་འཇགས་དང་། ཆིག་སྒྲིལ་ནུས་ལྡན་ཞིག་ཡོང་བ་འདུག་ཨང་དྲན། ངས་སྤྱི་ཚོགས་དྲ་ལམ་ནས་མཇལ་བའི་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དུམ་བུ་དེ་རེད། གནད་དོན་བཞི་དང་འབྲེལ་བའི་འོས་ཤོག སློང་ནས་རག་པ་ནི། གཞན་གྱི་སྙིང་རྗེ་དང་ཕྱོགས་རིས་ཀྱིས་རག་པ་ཞིག་ཡིན། ཉོས་ནས་རག་པ་ནི། རྒྱུ་དངོས་ལ་བརྟེན་ནས་ཉོ་ཚོང་བྱས་པ་ཞིག་ཡིན། ཕྲོག་ནས་རག་པ་ནི། གཞན་ལ་འཇིགས་སྐུལ་སོགས་བྱས་ནས་རག་པ་ཞིག་ཡིན། བརྐུས་ནས་རག་པ་ནི། གཡོ་སྒྱུ་ཁྲམ་གསུམ་འཁྲབ་ནས་རག་པ་ཞིག་ཡིན། ཞེས་པ་དེ་རེད། རྩ་བའི་ཁྲི་ཟུར་རིན་པོ་ཆེའི་གསུང་བཤད་དེ་ནི་ཕྲན་གྱིས་དངོས་སུ་ཐོས་མྱོང་ཡོད་ནའང་། ད་ལན་སྤྱི་ཚོགས་དྲ་ལམ་ལ་ཁྱབ་སྤེལ་བྱེད་བཞིན་པ་དེ་ལུང་འདྲེན་ཞུས་པ་ཡིན། གལ་སྲིད་བོད་མི་མང་གིས་རིན་པོ་ཆེའི་གསུང་བཤད་དུམ་བུ་བདེན་པར་མཐོང་གི་ཡོད་ན། ད་ཡོད་སྲིད་སྐྱོང་འོས་མི་བཀའ་ཟུར་འབྲོང་ཆུང་མཆོག་གིས་རིན་པོ་ཆེས་གང་གསུངས་པ་ཉམས་ལེན་གནང་གི་ཡོད་པ་གསལ་པོ་རེད།
སྨན་པ་ཕུན་ཚོགས་བསྟན་དར་ཞེས་ཕྲན་གྱིས་འབྲི་ཡི་ཡིན། སྨན་རམས་པ་ཞེས་པ་ཡིན་པར་ཐེ་ཚོམ་མེད་ནའང་། དེ་སྔ་བོད་ཀྱི་སྨན་རྩིས་ཁང་བཙན་བྱོལ་རྒྱ་གར་ནང་ལ་༧གོང་ས་མཆོག་གིས་བསྐྱར་འཛུགས་ཀྱིས་ལོ་ངོ་ལྔ་བཅུ་འཁོར་པའི་དུས་དྲན་སྐབས་སུ་སྨན་རྩིས་ཁང་ནས་འདོན་སྤེལ་དུས་དེབ་བམ་ཚགས་ཤོག་གང་ཡིན་གསལ་པོ་མི་དྲན་ནའང་། བཅའ་འདྲི་ལེ་ཚན་ཞིག་གི་ནང་༧སྐུའི་བླ་སྨན་པ་ཞིང་གཤེགས་ཡེ་ཤེས་དོན་ལྡན་མཆོག་གིས་སྨན་རམས་པ་ཞེས་པའི་མིང་དེ་ཡོད་དགོས་ན་སྨན་གཞུང་རྩོམ་དགོས་སྐོར་བཀའ་ནན་ཕེབས་པ་ཞིག་མཇལ་མྱོང་། ངས་ཤེས་གསལ་ལྟར་ན་རྒྱ་གར་ནང་ཡོད་པའི་བོད་ཀྱི་སྨན་རྩིས་ཁང་གི་སྨན་རམས་པ་ཆུང་པ་ཞེས་པའི་མིང་འདོགས་སྟངས་ནི་སྨན་པ་ཆགས་ནས་ལོ་བཅུ་སོང་མཚམས་བདུན་ཕྲག་གཅིག་གཉིས་ཟབ་སྦྱོང་སྤྲད་ནས་ཡིག་ཚད་གཅིག་བཏང་ནས་སྨན་རམས་པའི་མིང་གནང་གི་ཡོད་འདུག དེ་བས་སྨན་པ་ཕུན་ཚོགས་བསྟན་དར་ལགས་ཀྱིས་སྨན་གཞུང་བརྩམས་ཡོད་མེད་ཕྲན་གྱིས་མི་ཤེས་ཀྱང་། ཁོང་ལ་སྨན་པ་ཞེས་འབོད་ན་སྨན་རམས་པ་ཡིན་ནའང་སྐྱོན་མེད་པས་སྨན་པ་ཞེས་པའི་སྤྱི་མིང་དེ་འབྲི་ཡི་ཡིན།
ཕྱི་ལོ་ ༡༩༧༩ ལོ་བར་ལོ་ངོ་ཉི་ཤུ་རིང་གཞིས་བྱེས་བོད་མིའི་དབར་ལ་འབྲེལ་བ་བྱ་མ་ཐུབ་པའི་གནས་སྟངས་འོག་ནས་རྒྱ་ནག་གཞུང་གི་འགོ་ཁྲིད་གཙོ་བོ་ཏིང་ཞའོ་ཕིང་གིས་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དང་འབྲེལ་མཐུད་ཀྱིས་རིམ་པས་བོད་ནང་ལ་རྒྱ་གར་ནས་བཙན་བྱོལ་བོད་མིའི་སྐུ་ཚབ་ཚོགས་ཆུང་རིམ་པ་ཁ་ཤས་དངོས་སུ་ཕེབས་ཐུབ་པ་བྱུང་ཡོད་ལ། གཞིས་ནས་བྱེས་སུ་བོད་ཕྲུག་མང་པོ་ཞིག་སློབ་གཉེར་དང་། གཉེན་འཕྲད་སོགས་ལ་ཡོང་ཐུབ་པའི་གནས་སྟངས་བྱུང་ཡོད། དུས་རབས་ཉི་ཤུའི་ལོ་རབས་ ༨༠ འགོ་སྟོད་ནས་བཙན་བྱོལ་ལ་བོད་ཕྲུག་མང་པོ་ཞིག་འབྱོར་ཡོད་པ་རྣམས་ལ་གནའ་དེང་ཤེས་ཡོན་ལེགས་པར་ཐོབ་ནས་ད་ལྟའི་ཆར་ལས་གནས་འདྲ་མིན་ཐོག་ལ་འགན་འཁུར་མི་སྣར་གྱུར་ཡོད་པའི་ཁྲོད་ནས་སྨན་པ་ཕུན་ཚོགས་བསྟན་དར་ལགས་ཀྱང་གཅིག་རེད་ཅེས་བརྗོད་ཆོག ཁོང་རྒྱ་གར་ལ་ཕེབས་ནས་མི་ལོ་ ༢༣ འགྲོ་ཡི་ཡོད་པ་དང་། ད་ལྟ་སྨན་རམས་པའི་མིང་བྱང་འོག་འགྲོ་བ་ནད་པ་ནད་ལས་གྲོལ་པའི་བྱ་གཞག་རླབས་ཆེན་བསྒྲུབ་བཞིན་ཡོད་པ་དེ་ཡང་བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་གསོའི་གྲུབ་འབྲས་དངོས་ར་འཕྲོད་པ་ཞིག་ཅི་ལ་མིན། ཁོང་ཐོག་མར་བོད་ནས་ཕེབས་སྐབས་གཅེས་པའི་ཕ་མ་སྤུན་མཆེད་དང་མ་ཤི་གསོན་བྲལ་གྱིས་རྒྱུས་མེད་གཞན་ཡུལ་ལ་ཡོང་དོན་ཡང་། ༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་དང་། སློབ་སྦྱོང་གི་ལམ་བུར་ཞུགས་ནས་མ་འོངས་པར་སྨན་པའམ་དགེ་རྒན་ཞིག་བྱ་འདུན་ཡོད་ཅེས་ཁོང་གི་རྩོམ་ཡིག་ནང་ལ་གསལ་པ་ལྟར་ད་ལྟ་དམིགས་ཡུལ་དེ་སྒྲུབ་ཐུབ་ཡོད་པ་དེ་ཡང་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གཙོ་བོར་བྱས་ཏེ་གངས་ཅན་བོད་ཀྱི་ཨ་མ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་དབུ་ཁྲིད་པའི་བོད་ཁྱིམ་སློབ་གྲྭ་སོགས་ཕྱོགས་མང་པོ་ཞིག་ནས་རོགས་སྐྱོར་གནང་བར་བརྟེན་ནས་བྱུང་ཡོད། བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་ལ་མཚོན་ན་བཙན་བྱོལ་ནང་ནས་ཐོབ་པའི་ལེགས་སྐྱེས་ཆེ་ཤོས་དང་པོ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་བསྐལ་བཟང་གི་གོ་བསྐལ་བཟང་པོ་དེ་ཡིན་པ་དང་། དེ་ནི་ནམ་ཡང་བརྗེད་ཐབས་མེད་པར་དྲན་གསོ་མི་དགོས་པར་ཡང་ཡང་དྲན་ཐུབ་པའི་ལེའུ་ཞིག་རེད། སྨན་པ་ཕུན་ཚོགས་བསྟན་དར་ལགས་ཀྱིས་མཇལ་ཁའི་སྐབས་སུ་༧རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་ཐོབ་པའི་སྣང་བ་དྲན་པ་ཙམ་དུ་མ་ཟད། སྐུ་འཁྲིས་སུ་ཞབས་ཞུ་གནང་མཁན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་དོ་སྣང་དམིགས་བསལ་ཞིག་བྱུང་འདུག ཁོང་གི་རྩོམ་ཡིག་ནང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་འགྲེལ་བརྗོད་དེ་འདྲ་ཞིག་བྲིས་འདུག ཁོང་ (༧སྐྱབས་མགོན་རིན་པོ་ཆེ་) གི་སྐུ་དྲུང་དུ་བཙུན་པ་དང་། ལས་བྱེད་པ། སྐུ་སྲུང་བ་སོགས་བོད་མི་ཁམས་གཙང་མཐོང་སྣང་དོད་པོ་མང་པོ་འདུག དེ་དག་གི་ཁྲོད་ནས་སྐུ་གཟུགས་ཅུང་ཆུང་ལ། དབུ་སྐྲ་ཐུང་བ། སྤྱན་ཟུར་གཡོན་གྱི་ནང་ཟུར་དུ་སྨེ་བ་ནག་པོ་ཡོད་པའི་སྐྱེས་པ་དར་ཡོལ་ཞིག་གིས་ང་ཚོར་ལན་མང་གཟིགས་ནས་ཞལ་འཛུམ་ཡང་ཡང་གནང་བ་མཐོང་། ཁོང་གི་གཡོ་ཟོལ་མེད་པའི་འཛུམ་མདངས་དང་ཞལ་ངོ་མཇལ་དུས་ཕ་མ་དྲན་བཞིན། “ཁྱེད་ནི་ཅི་འདྲའི་བསོད་ནམས་ཆེ་བ་ལ་ཨང་།” ཞེས་རང་གིས་རང་ལ་ལྐོག་ལབ་ཀྱང་ཐལ། ཕྱིས་སུ་ཁོང་ནི་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ་ཤེས་རྟོགས་བྱུང་། ༸རྒྱལ་བའི་ཕོ་བྲང་ནས་ལོག་རྗེས་ང་ཚོ་ན་ཆུང་བཞི་བཅུ་ཙམ་སུ་ཇ་སློབ་གྲྭར་མ་བསྐྱོད་གོང་ཁོང་༸རྒྱལ་བའི་ཕོ་བྲང་ནས་ལས་ཁུངས་སུ་ཕྱིར་ཕེབས་ཞོར་དུ་ང་ཚོར་ཁྱུག་ཙམ་ཞལ་གཟིགས་ཏེ་འཛུམ་མདངས་དང་བཅས་“ ད་རེས་ཀྱི་ཕྲུ་གུ་འདི་ཚོ་སློབ་གྲྭར་བསྐྱོད་ན་བསམ་པ་ཤ་སྟག་འདུག” ཅེས་དང་། ལོ་ན་ཅུང་ཆེ་ལ་གཟུགས་པོ་རིང་བའི་ཕོ་གཞོན་ཞིག་ལ་དམིགས་སུ་གཟིགས་ཏེ།” ཁྱེད་རང་ལོ་དང་སྐུ་གཟུགས་ཅུང་ཟད་ཆེ་བས་དམིགས་བསལ་སློབ་སྦྱོང་ལ་འབད་བརྩོན་གནང་དགོས།”ཞེས་གསུངས། ཁྱད་མཚར་བ་ཞིག་ལ་ཕོ་གཞོན་དེ་ཡུན་རིང་མ་སོང་བར་སློབ་གྲྭ་ནས་ཐོན་སོང་། དེ་དུས་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བོད་ནས་གསར་དུ་འབྱོར་བར་དམིགས་བསལ་ཐུགས་བརྩེའི་གཟིགས་པ་ཆེ་ལ། ན་གཞོན་གྱི་ཤེས་ཡོན་སློབ་སྦྱོང་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ཚོད་འདུག ཅེས་བྲིས་འདུག བོད་ཀྱི་བཤད་རྒྱུན་ལ། ཡང་ན་བལྟ་ཙམ་བྱས་པས་ཆོག ཡང་ན་ཞག་གསུམ་གཤིབ་པས་ཆོག ཟེར་སྲོལ་ཡོད་པ་ལྟར། སྨན་པ་ཕུན་ཚོགས་བསྟན་དར་ལགས་ཀྱིས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ངོ་མི་ཤེས་ནའང་། མཐོང་ཐེངས་དང་པོར་བག་ཆགས་བཟང་པོ་བཞག་འདུག་ལ། ཡང་མིན་ན་རྩོམ་ཡིག་འབྲི་མཁན་ལ་མངོན་ཤེས་ཡོད་པ་ལྟ་བུ་བྱུང་འདུག་དྲན། དེ་དག་ལས་དོ་སྣང་བྱ་འོས་པ་ནི་མི་ལོ་ ༢༣ སྔོན་ལ་བཙན་བྱོལ་སྤྱི་ཚོགས་ནང་ལ་ཆ་རྒྱུས་དེ་ཙམ་མེད་པའི་བོད་ཕྲུག་གཅིག་གིས་སློབ་སྦྱོང་རིམ་པར་བྱས་ནས་ད་ལྟ་སྨན་རམས་པ་ཆགས་སྐབས་སུ་ཡང་དེ་སྔ་མི་ལོ་ ༢༣ སྔོན་ལ་མཐོང་བའི་མི་སྣ་དེར་གུས་བརྩི་ཇེ་ཆེར་བསྒྱུར་ཡོད་པ་དང་། ༢༠༢༡ ལོའི་སྲིད་སྐྱོང་འོས་མི་བྱ་རྒྱུའི་རེ་འབོད་བྱེད་བཞིན་པ་དེ་ནི་ཅི་ནས་ཀྱང་དོ་སྣང་དང་རིན་ཐང་སྤྲོད་དགོས་པ་ཞིག་ཅི་ལ་མིན། འཛིན་སྐྱོང་མི་སྣ་དང་། ཆབ་སྲིད་མི་སྣ་མི་ཉུང་བ་ཞིག་ཐོག་མར་ཡག་པོར་མཐོང་ནའང་རིམ་པས་ཞེ་མེར་པའི་གནས་སྟངས་སུ་གྱུར་གྱི་ཡོད་ནའང་། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་དེ་ལྟར་མིན་པ་ཁོང་དང་མཉམ་དུ་ལོ་ངོ་ ༣༣ ལྷག་མཉམ་དུ་ལས་ཀ་བྱ་མྱོང་མཁན་ཞིག་གིས་ཉེ་ལམ་དྲྭ་ཐོག་ནས་ཁོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་པ་ཞིག་མཐོང་།
གོང་གི་རྩོམ་ཡིག་འབྲི་མཁན་སྨན་པ་ཕུན་ཚོགས་བསྟན་དར་བཙན་བྱོལ་ལ་སླེབས་ནས་ལོ་ངོ་བདུན་རིང་གཞི་རིམ་སློབ་གྲྭར་བསྡད་རྗེས་སྨན་རྩིས་མཐོ་སློབ་དུ་ཚུད་རྒྱུགས་ལམ་ནས་སྨན་སློབ་ཁུངས་སུ་འཛུལ་ཞུགས་བྱས་འདུག སྨན་རྩིས་ཁང་གི་མཐོ་སློབ་ཆགས་ཡུལ་ནི་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་ཆགས་ཡུལ་གངས་ཅན་སྐྱིད་གཤོངས་དང་ཐག་ཉེར་ཡོད་པ་དང་། ཁོང་མཐོ་སློབ་ལ་ཡོད་སྐབས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ཡང་ཡང་མཇལ་འདུག ཁོང་གི་རྩོམ་ཡིག་ནང་། གངས་ཅན་སྐྱིད་གཤོངས་སུ་མི་ཕར་འགྲོ་ཚུར་འོང་གི་རྒན་རབས་དང་། ལས་བྱེད། སློབ་ཕྲུག་སོགས་ཀྱིས་ཁོང་ལ་གུས་བཀུར་ངང་འཚམས་འདྲི་གནང་བ་ལྟར། ཁོང་གིས་ཀྱང་མཐོ་ཉམས་དང་། བཅོས་ལྷད་རྩ་བ་ནས་མེད་པར་ཚང་མར་མི་གཅིག་པ་དང་། སྤུན་ཟླའི་འདུ་ཤེས་ཀྱིས་མཛའ་སེམས་ཁོལ་པོས་དབུ་སྒུར་སྒུར་ངང་ཕྱག་གཏོང་བ་ལན་མང་མཐོང་། དེས་ང་རང་གཞུང་ཞབས་པར་སྔར་བས་གུས་བཀུར་སྐྱེ་བའི་རྒྱུ་རྐྱེན་དུ་འགྱུར། ཞེས་བྲིས་འདུག རྩོམ་ཡིག་དུམ་ཚན་དེ་བཀླགས་རྗེས་ཕྲན་གྱི་སེམས་ནང་ལ་༧གོང་ས་མཆོག་གིས་གཞུང་ཞབས་ཚོ་ནི་མི་མང་གི་ཞབས་ཞུ་བ་ཡིན་པ་ལས་དཔོན་པོ་མིན་གསུངས་པ་དེ་དྲན་ནས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཀའ་སློབ་དགོངས་དོན་ཉམས་སུ་བླངས་འདུག་བསམ་ནས་རྗེས་སུ་ཡི་རང་སྐྱེས་བྱུང་ལ། རྩོམ་ཡིག་འབྲི་མཁན་ཁོང་གིས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གི་གནང་སྟངས་མཐོང་པ་ཙམ་གྱིས་གཞུང་ཞབས་པ་ཚོར་སྔར་བས་གུས་བཀུར་སྐྱེ་བའི་རྒྱུ་རྐྱེན་ཆགས་འདུག
ཁྲིམས་བརྩི་སྲུང་མེད་པའི་ལུང་པ་མང་པོ་ཞིག་གི་ནང་ལ་དཔོན་རིགས་གོ་གནས་མཐོ་པོར་སླེབས་པ་མང་པོ་ཞིག་ལྟག་སྒོ་བརྒྱུད་ནས་སླེབས་པ་རེད་ཅེས་རིམ་པ་མ་བརྒྱུད་པའམ། ཚུལ་མཐུན་མིན་པར་ལམ་ཁ་བརྒྱུད་ནས་གོ་གནས་ཐོབ་མཁན་ཡོད་པ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ལྟག་སྒོ་ཞེས་པ་མེད་ནའང་། མྱུར་ལམ་ཐོག་ནས་གློ་བུར་དུ་གོ་གནས་མཐོ་པོར་སླེབས་མཁན་རྩ་བ་ནས་མེད་ཅེས་བརྗོད་མི་ཐུབ། ཡིན་ནའང་། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་ཐེག་པ་རིམ་འཛེགས་ཀྱིས་ད་བར་མི་ལོ་ ༤༣ རིང་བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུ་གནང་ནས་ཡོད་སླེབས་པ་ལས་མྱུར་ལམ་ཐོག་ནས་གློ་བུར་དུ་དྲུང་ཆེ་དང་། བཀའ་བློན། དོན་གཅོད་སོགས་ཀྱི་མཚན་གནས་བཞེས་མཁན་ཞིག་མ་ཡིན་པ་སྨན་པ་ཕུན་ཚོགས་བསྟན་དར་ལགས་ཀྱི་རྩོམ་ཡིག་ལས་གསལ་པོ་ཤེས་ཐུབ་ཀྱི་འདུག སྨན་པ་ཕུན་ཚོགས་བསྟན་དར་ལགས་ཀྱི་རྩོམ་ཡིག་ནང་། སྤྱི་ལོ་༡༩༧༧ ལོར་བཙན་བྱོལ་སྒྲིག་འཛུགས་སུ་ཡིག་རྒྱུགས་ལམ་ནས་གཞུང་ཞབས་པར་ཞུགས་ནས་བཟུང་། བོད་མི་རྣམས་དཀའ་ངལ་ཆེ་བའི་སྐབས་སུ་བདེ་སྲུང་ལས་བྱེད་སོགས་ཐེག་པ་རིམ་འཛེགས་ཀྱིས་ལས་བྱེད་དང། དྲུང་ཆེའི་ལས་རོགས་དང་། དྲུང་ཆེའི་ལས་ཚབ། དྲུང་གཞོན། དྲུང་ཆེ། བདེ་སྲུང་ལྷན་ཁང་གི་༸རྒྱལ་བའི་སྐུ་ཕྱྭ་དང་གསང་དོན་ལས་དོན་གྱི་དྲུང་ཡིག་ཆེན་མོ། བདེ་སྲུང་བཀའ་བློན། སྐུ་ཚབ་དོན་གཅོད་མཛད་པ་སོགས་མི་ལོ་བཞི་བཅུ་ཞེ་བཞིའི་རིང་དཀའ་རྙོག་དང་། གླེང་གཞི། ནོར་འཁྲུལ་རྩ་བ་ནས་མེད་པར་གཙོ་ཆེན། ༸རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་ཚགས་ཚུད་ཚད་མཐོ་དང་། བོད་ཕྱི་ནང་གི་འབྲེལ་ཟམ་རྒྱུན་མཐུད། བོད་མིའི་དཀའ་རྙོག་དག་སེལ། ཆབ་སྲིད་བཙོན་པའི་བདེ་སྡུག་གཟིགས་རྟོགས། ཕྱི་བསྐྱོད་བོད་མིའི་མཐོང་མཆན་ངལ་སེལ་འགན་ཁུར་བ་སོགས། མདོར་ན་༸གོང་ས་མཆོག་ཆིབས་བསྒྱུར་མཛད་འཕྲིན་ཆེ་སྐབས་༸རྒྱལ་བའི་སྐུ་ཕྱྭ་སྲུང་སྐྱོབ་ལ་འཐུས་ཤོར་ཏིལ་འབྲུ་ཙམ་ཡང་མེད་པའི་ཐུགས་ཁུར་ཆེ་བཞེས། ཞེས་བྲིས་འདུག ང་ཚོས་དོ་སྣང་ཆེ་ཤོས་དང་། ངོ་མཚར་ཆེ་ཤོས། གུས་བཀུར་ཆེ་ཤོས་བྱེད་ས་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གིས་མི་ལོ་ ༤༣ རིང་ཞབས་ཞུ་སྒྲུབ་པ་ཙམ་མིན་པར་། རྙོག་གླེང་རྩ་བ་ནས་མེད་པར་གཙོ་བོ་༧རྒྱལ་བའི་སྐུ་ཕྱྭའི་ཉེན་སྲུང་དང་། བོད་ཕྱི་ནང་གི་འབྲེལ་ཟམ་འཛུགས་རྒྱུས་མཚོན་ལས་དོན་ཆེ་ཕྲ་ཡོངས་ལ་འཐུས་ཤོར་སྤུ་ཙམ་མེད་པར་ལས་དོན་གཟེངས་སུ་ཐོན་པ་གནང་བ་དེ་རེད། གཞུང་དོན་ཁོ་ནའི་ཆེད་དུ་བོད་ནང་དུ་གསང་ཐབས་ཀྱིས་ཕེབས་པ་ནི་བོད་དང་བོད་མིའི་བདེ་དོན་ཆེད་དུ་བློས་གཏོང་དང་། སྙིང་སྟོབས་ཆེན་པོ་ཡིན་པ་ཅི་ནས་ཀྱང་ངོས་འཛིན་ཐུབ་པ་དགོས། དེ་ལྟ་བུའི་མི་བུ་བབ་ལྷིང་བརྟན་གསུམ་འཛོམས་པ་དང་། གཞུང་དོན་དུས་ཐོག་ལ་བསྒྲུབ་པ་ཙམ་དུ་མ་ཟད་གང་སྒྲུབ་པ་རྣམས་ཀྱང་རུ་ང་ཞིབ་ཚགས་དང་ལྡན་པ། ད་དུང་གྲུབ་འབྲས་སོན་པ་རྣམས་ལམ་སེང་ངས་བྱས་ངས་འཇོན་གྱི་དྲིལ་བསྒྲགས་མེད་པར་། དགོས་སར་མི་ཆད་པ་དང་། མི་དགོས་སར་མི་ལྷག་པར་གནང་མཁྱེན་མཁན་ཞིག་ ༢༠༢༡ སྲིད་སྐྱོང་གི་འོས་མིར་རན་འཚམས་ཡིན་པ་སྨྲོས་ཅི་ལ་དགོས།
གོང་བརྗོད་རྩོམ་ཡིག་འབྲི་མཁན་སྨན་པ་ཕུན་ཚོགས་བསྟན་དར་ལགས་ནི་བོད་ནང་འཁྲུངས་པ་དང་། རང་ལོ་བཅུ་དྲུག་བར་བོད་ནང་ལ་བཞུགས་མྱོང་ཡོད། དེ་རྗེས་བཙན་བྱོལ་རྒྱ་གར་ནང་ལ་ཕེབས་ནས་གཞི་རིམ་དང་མཐོ་རིམ་སློབ་སྦྱོང་ལེགས་པར་ཐོབ་ནས་ད་ལྟ་སྨན་རམས་པའི་གོ་མིང་བཞེས་བཞིན་ཡོད་སྟབས། བོད་ཕྱི་ནང་གཉིས་སམ། གཞིས་བྱེས་བོད་མིའི་གནས་བབ་ལ་རྒྱུས་མངའ་བག་ཆགས་ཡོད་མཁན་ཞིག་དང་། ཐུགས་སྣང་ཅན་ཞིག་ཆགས་ཡིན་པ་གདོན་མི་བཟའ། དེ་བས་ཁོང་གིས་རྩོམ་ཡིག་ནང་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འགྲེལ་བརྗོད་དེ་འདྲ་ཞིག་གནང་བ་དོན་ལ་གནས་ཡོད་འདུག་དྲན། རྩོམ་ཡིག་ནང་། བོད་ཕྱི་ནང་གི་འབྲེལ་བ་ཆད་པ་ལྟ་བུའི་དུས་ཚོད་གཉན་འཕྲང་ཆེ་སྐབས་རང་སྲོག་བློས་བཏང་གིས་བོད་དུ་ཕེབས་ཏེ་བོད་མིའི་བདེ་སྡུག་ལ་ཞིབ་འཇུག་དང་། ཆབ་སྲིད་ཚོགས་སྡེ་ཁག་ལ་གསང་ཐབས་ཀྱིས་འབྲེལ་བ་གནང་ནས་༸སྐྱབས་མགོན་རིན་པོ་ཆེའི་ཐུགས་དགོངས་དང་། འཕྲོད་བཞེས། མཛད་བྱུས། བཙན་བྱོལ་བོད་མིའི་གནས་སྟངས་སོགས་ཕྱི་གསལ་ནང་གསལ་གསུངས་པ་དང་། མཁྱེན་སྤྱོད་གཉིས་ཀས་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཀྱི་མུན་པ་སེལ་པའི་ཟླ་འོད་ཕོ་ཉ་ལྟ་བུ་གནང་། སྐབས་དེར་ང་རང་བྱིས་པ་མ་འབྱར་ཞིག་ཡིན་གྱི་རེད། འོན་ཀྱང་ཁོང་ནི་བོད་མི་རིགས་ཀྱི་བདེ་སྡུག་ཆེད་གཅེས་པའི་ལུས་སྲོག་བློས་བཏང་བའི་དཔའ་རྒོད་གསོན་པོ་ཞིག་ཡིན་པ་ད་གཟོད་གཞི་ནས་རྟོགས། ལྷག་པར་གཞི་ལུས་རྒྱ་ཆེའི་མི་མང་དང་། ཆབ་སྲིད་བཙོན་པ། ཕྱག་རོགས་ལས་བྱེད། ཤེས་ལྡན་མི་སྣ། བསམ་ཡོད་བོད་མི་དུ་མས་ཁོང་གི་མཛད་བྱུས་དང་། མཁྱེན་ཡོན། གཞུང་དྲང་། ཡ་རབས། འཇོན་ཐང་སོགས་ལ་ཡིད་ཆེས་དང་། སྤོབས་པ། གུས་བཀུར་ཆེན་པོས་སྔར་ནས་བསྔགས་བརྗོད་ཡང་ཡང་གནང་བ་དང་། དུས་འདིར་བོད་རིགས་ཕོ་མོ་རྒན་གཞོན་དུ་མས་ཁོང་སྲིད་སྐྱོང་གནང་རྒྱུར། བཅོས་མིན་གྱི་ཐུགས་རེ་དང་། རྒྱབ་སྐྱོར་གནང་མཁན་དབྱར་མཚོ་བཞིན་རྒྱས་པ་འདིས་ཁོང་ལ་གུས་བཀུར་དང་གདེང་འཇོག་ཆེ་བ་སྨོས་ཅི་དགོས། གུས་པ་ཡང་ཅུང་ཟད་བློ་བདེ་བར་འགྱུར། ཅེས་བྲིས་འདུག ཁོང་གི་རྩོམ་ཡིག་ནང་དོན་ལ་ཀློག་མཁན་ཚང་མས་མོས་མཐུན་དང་རྒྱབ་སྐྱོར་བྱ་དགོས་ཞེས་བརྗོད་མི་ཐུབ་ལ། ད་དུང་མོས་མཐུན་ཡོད་མཁན་ཚོས་རྩོམ་ཡིག་གི་ཡིག་བརྗོད་ཆ་ཚང་བར་མོས་མཐུན་ཡོད་དགོས་བརྗོད་ཀྱི་མེད། རྒྱུ་མཚན་ནི་རྣམ་མཁྱེན་རྒྱལ་བའི་གོ་འཕང་མ་ཐོབ་ཕྱིན་སྐྱོན་མེད་པ་ཆགས་མེད་པས་སྐྱོན་ཀུན་བྲལ་གྱི་མི་ཞིག་མེད་པས་མིས་བྲིས་པའི་རྩོམ་ཡིག་ལ་ཡང་སྐྱོན་མེད་པ་ཅི་ལ་སྲིད། ཡིན་ནའང་། སྙིགས་དོར་བཅུད་ལེན་གྱི་གདམས་ངག་སེམས་ལ་བཟུང་ནས་མི་ཚེའི་བྱ་གཞག་ཁག་ལ་འཇུག་ཚེ་མདུན་བསྐྱོད་ཡར་རྒྱས་ཕྱོགས་སུ་གོམས་པ་སྤོ་ཐུབ་རྒྱུ་ཡིན་པ་སྨྲོས་ཅི་དགོས་པས་ཀློག་མཁན་ཚོས་ཁོང་གི་རྩོམ་ཡིག་ཧྲིལ་པོ་ལས་ལེགས་ཆ་ཁག་དང་ལེན་གྱིས་སྲིད་སྐྱོང་འོས་མི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་རྒྱབ་སྐྱོར་གནང་རྒྱུ་གལ་ཆེར་མཐོང་།
ངས་གོང་དུ་བརྗོད་པ་བཞིན་སྨན་པ་ཕུན་ཚོགས་ལགས་ཀྱི་རྩོམ་ཡིག་ནང་དོན་ལ་ཀློག་མཁན་ཚང་མས་རྒྱབ་སྐྱོར་བྱེད་དགོས་དོན་མེད་ལ། ཆ་ཚང་ལ་ངོ་རྒོལ་བྱེད་དགོས་དོན་དེ་བས་མེད། འོན་ཀྱང་ཕྲན་གྱིས་རྩོམ་པ་པོའི་བརྗོད་དོན་ལ་རྒྱབ་སྐྱོར་ཞུ་གི་ཡོད། རྩོམ་ཡིག་ནང་། བདེ་སྲུང་བཀའ་ཟུར་མཆོག་ལོ་ནས་ལོ་བསྟུད་དེ་བཞུགས་ཤིང་། མཇལ་འཕྲད་གནང་མཁན་མི་སྣ་གྲངས་ལས་འདས་པ་དངོས་སུ་གཟིགས་ཡོད། དེ་ཡི་འབྲས་བུ་ནི། ཐུགས་རྒྱ་ཆེ་བས་རང་གི་ནང་མི་ལའང་ཐུགས་ཁུར་གནང་ཁོམ་མེད་པར་སྤྱི་སེམས་འབའ་ཞིག་གིས་སྤྱི་དང་། གཞུང་ཨང་ཀི་དང་པོར་རྩིས་ནས་མི་ལོ་ཞེ་བཞིའི་རིང་༸རྒྱལ་བའི་ཐུགས་བརྩེའི་བཀའ་གསུང་ལས་མ་འགལ་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་མཛད་བཞིན་པ་འདིས། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་དེ་སྲིད་དུ་བོད་ཀྱི་མི་རིགས་ཆེད་འཐབ་རྩོད་གནང་རྒྱུའི་ཆོད་སེམས་རི་བཙུགས་པ་བཞིན་ནམ་ཡང་འགྱུར་བ་མེད་པའི་དམ་བཅའ་བརྟན་པར་ངེས་སོ། ཞེས་པ་དེ་རེད། བདེ་སྲུང་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལས་གནས་ནས་དགོངས་ཞུ་གནང་སྐབས་བདེ་སྲུང་ལས་བྱེད་ཚོས་ངུས་པའི་གནས་ཚུལ་དྲྭ་ལམ་ཁག་ནས་མཐོང་ཐོས་བྱུང་ལ། བདེ་སྲུང་ལས་བྱེད་དང་ལས་ཟུར་ཡོངས་ནས་ཁོང་ལ་ཕེབས་སྐྱེལ་མཛད་སྒོ་འཐུས་ཚང་ཞིག་གོ་སྒྲིག་བྱས་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ལ་སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་གཉིས་གདན་ཞུས་ལྟར་ཕེབས་པ་མ་ཟད་གསུང་བཤད་གནང་བ་དེས་ཀྱང་གོ་དགོས་མཁན་ཞིག་ལ་གོ་བརྡ་གསལ་པོ་འཕྲོད་ཚོད་ཡིན་སྟབས་རྒྱས་བཤད་མི་བྱ། ཡིན་ནའང་། ཕྲན་གྱིས་མཛད་སྒོའི་བརྙན་འཕྲིན་ཆ་ཚང་བ་དྲྭ་ཐོག་ནས་ཉན་པ་བརྒྱུད་ཐོས་པ་ནི། བདེ་སྲུང་བཀའ་ཟུར་མཆོག་གིས། ཁོང་གིས་གཞུང་དོན་ལས་དོན་བསྒྲུབ་པར་དུས་ཚོད་དང་ནུས་པ་ཤུགས་ཆེ་བཏང་ནས་སྐུ་ཟླ་སོགས་ནང་མིར་གཟིགས་རྟོགས་དེ་ཙམ་གནང་མི་ཐུབ་པའི་རྣམ་པ་ཐོན་པར་བརྟེན་ཁོང་གི་བུ་མོས་ཁོང་ལ། པཱ་ལགས་ཀྱིས་ཆང་ས་དང་པོ་གཞུང་གི་ལས་དོན་དང་མཉམ་དུ་རྒྱབ་པ་རེད། ཆང་ས་གཉིས་པ་ཨ་མ་ལགས་དང་རྒྱབ་པ་རེད། ཅེས་ཞུས་འདུག ཡིན་ནའང་། ང་ཚོ་ཚང་མས་ཤེས་ཐུབ་པ་དང་འཛམ་གླིང་ཡོངས་ནས་ངོས་འཛིན་བྱེད་བཞིན་པ་རླབས་ཆེན་མི་སྣའི་རྒྱབ་ལ་དེ་བས་རླབས་ཆེ་བའི་བུད་མེད་ཞིག་ཡོད་ཟེར་པ་ཅི་ལ་མིན་ཨང་སྙམ། ཕྲན་གྱི་ངོ་ཤེས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྙིང་པ་ཞིག་གིས་གསུངས་པ་ལས་ཤེས་རྟོགས་བྱུང་བ་ནི་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་གི་སྐུ་ཟླ་སྙུང་གཞི་བཞེས་ཡོད་ནའང་ཁྱིམ་ལས་བྱེད་མཁན་མི་གཞན་མི་མངགས་པར་སྐུ་ངོས་སྤྱི་དོན་བློས་མི་བཏང་པ་དང་ཁྱིམ་དོན་འཐུས་མི་ཤོར་བར་གནང་བ་དེས་སྐབས་དེའི་ལས་བྱེད་མང་པོས་སྐུ་ངོ་ཁོང་ལ་ཡིད་རང་དང་མཉམ་དུ་བགྲེས་ཉམས་མངོན་གསལ་དོད་པོས་བཞེས་པར་སེམས་ཁྲལ་བྱས་ཡོད་འདུག
སྨན་པ་ཕུན་ཚོགས་ལགས་ཀྱིས་བྲིས་པའི་རྩོམ་ཡིག་ཞིབ་པར་བཀླགས་པ་ཡིན། ཁོང་གི་རྩོམ་ཡིག་ཀློག་སྐབས་ཁོང་ནི་བོད་ཀྱི་དེ་བྱུང་རིག་པར་དོ་སྣང་གཟབ་པ་དང་། དེང་གི་སྲིད་དོན་ལ་ཡང་ཐུགས་སྣང་ཆེ་བ་ཞིག་ཡིན་པ་ཤེས་ཀྱི་འདུག གཙོ་བོ་ཁོ་རང་གི་ཆེད་ལས་གསོ་བ་རིག་པར་རྒྱུས་མངའ་ཉམས་མྱོང་ཆེ་བ་བཤད་ཅི་ལ་དགོས། ཁོང་གི་རྩོམ་ཡིག་ནང་ལ་དོན་ཚན་ ༦ པ་ (དགེ་རྒན་བཟང་པོའི་དགེ་ཕྲུག་དང་ཕ་མ་བཟང་པོའི་བུ་ཕྲུག) ཞེས་པའི་ནང་དེ་ལྟར་བྲིས་གནང་འདུག རྩོམ་ཡིག་ནང་། ༸སྐྱབས་མགོན་ཕྱག་ན་པདྨོའི་ཐུགས་སྲས་གཙོ་བོ་རྟག་ཏུ་ངུ་ཡི་ཚུལ་དུ་བཞུགས་པ། བཅུ་ཕྲག་རིག་པའི་བདག་པོ། ངེས་དོན་མཁས་དབང་ཟམ་གདོང་རིན་པོ་ཆེ་ནི། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་བློན་ཆེན་མགར་སྟོང་བཙན་དང་། རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ཀྱི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ལྟ་བུ་ཁོང་གྱི་ཞལ་སློབ་དང་། གང་ཉིད་བཀའ་བློན་ཁྲི་པ་མཛད་བཞིན་པའི་སྐུ་གམ་དུ་དྲུང་ཆེ་དང་། བཀའ་བློན་ཡང་གནང་མྱོང་བས། བཀའ་ཟུར་མཆོག་སློབ་དཔོན་བཟང་པོའི་ཕུལ་བྱུང་དགེ་ཕྲུག་ཡིན་པས་གཞན་དང་མ་འདྲ་བའི་ཁྱད་ཆོས་ཡོད་ལ། ང་རྒྱལ་དང་ཕྱོགས་ལྷུང་མེད་པར་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་། ཆིག་སྒྲིལ་གྱི་གོང་བུ་སྔར་ལྷག་གིས་དབུ་ཁྲིད་མཛད་ཐུབ་པར་ཐེ་ཚོམ་མེད། ད་དུང་མི་ལོ་ཞེ་བཞིའི་རིང་རྒྱ་གར་རང་དུ་བཞུགས་ནས་ཁོང་གིས་གཞུང་ལ་སྲི་ཞུ་རྣམ་དག་མུ་མཐུད་གནང་བ་ནི། ནང་མིའི་ཚད་མཐོའི་རྒྱབ་སྐྱོར་དང་སེམས་ཤུགས་ཀྱི་ཆ་ཤས་ཤིག་ཀྱང་ལོས་ཡོད། དེ་ཕྱིར་ཕ་མ་བཟང་པོའི་བུ་ཕྲུག་ཅིག་རེད་ཅེས་བརྗོད་ཆོག དེ་ནི་ང་ཚོ་ཚང་མ་ཕ་མ་དང་། བླ་མ། དགེ་རྒན་ལ་མ་བརྟེན་པ་གཅིག་ཀྱང་མེད་པས་དེ་བས་གསལ་བ་ཤེས་ཐུབ། ཅེས་པ་དེ་རེད། རྩོམ་ཡིག་འབྲི་མཁན་གྱིས་གསུངས་པ་ལྟར་བཀའ་ཟུར་ཁོང་ནི་རྣམ་དཔྱོད་ལྡན་པ་དང་། མི་གཤིས་བཟང་པོ་དེ་འདྲ་བྱུང་བ་ནི་ཁོང་གི་ཡབ་ཡུམ་བཀའ་དྲིན་ཅན་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་སོགས་དགེ་རྒན་བཀའ་དྲིན་ཅན་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ནི་བཤད་ཅི་ལ་དགོས། དེ་བས་ང་ཚོས་ཤེས་དགོས་པ་ནི་སྐུ་ངོ་འབྲོང་ཆུང་ཁོ་རང་གི་རྣམ་དཔྱོད་དང་ཀུན་སྤྱོད། རིག་རྩལ། རང་ཚུགས། བཟང་སྤྱོད་གཞན་དང་མི་འདྲ་བ་ཡོད་པ་ལ་བརྟེན་ནས་བྱུང་ཡོད་པ་ངེས་པར་དུ་ཤེས་དགོས།
ད་ལན་བོད་ཀྱི་དུས་བབ་དྲྭ་རྒྱ་བརྒྱུད་ཕྲན་གྱི་འཛིན་གྲོགས་བཟང་པོ་ཞིག་གི་རྩོམ་ཀློག་རྒྱུ་བྱུང་བ་དང་། ཁོང་ནི་སྨན་རམས་པ་ཆགས་པ་ཤེས་པས་རྗེས་སུ་ཡི་རང་ཞུ་བ་དང་འབྲེལ་དུས་རྒྱུན་སྨན་པས་སྲིད་དོན་རྩོམ་ཡིག་སྤེལ་མཁན་ཉུང་བའི་ཁྲོད་ནས་ཁོང་གིས་བོད་དང་བོད་མིའི་བདེན་དོན་ཆེད་རྩོམ་ཡིག་ཁ་གསལ་གོ་བདེ་ཞིག་བྲིས་པ་མ་ཟད། རྩོམ་མཇུག་ལ་མཐའ་སྡོམ་ཞེས་མིང་བཏགས་ནས་རྩོམ་དོན་ཁག་དོན་ཚན་བཅུར་དབྱེ་ནས་གསལ་བཤད་བྱས་པ་དེ་ནི་རླབས་ཆེན་གྱི་དགེ་རྒན་ཚོས་སློབ་ཁྲིད་ཀྱི་མཇུག་ཏུ་ཁྲིད་ཟིན་པའི་བརྗོད་དོན་ཁག་སྡོམ་ཚིག་ལ་བཀོད་པ་ལྟ་བུར་མཐོང་ངོ་། །
ཞིབ་ཚགས་བྲིས་འདུག རྒྱུས་མངའ་ཡོད་མཁན་ཞིག་གིས་རྒྱུས་མངའ་ཡོད་པ་ཞིག་གླེང་སློང་བྱེད་ཚུལ་འདིར་བདེན་དོན་ཧ་ཅང་ཆེ་བས་དགོས་ཕན་ཡང་ཆེ།
ལེགས་ལགས།
སྲིད་སྐྱོང་གི་འོས་བསྡུ་དེ་བཙན་བྱོལ་བོད་མིའི་བཅའ་སྒྲིག་གཉིས་ལ་འགན་ཁུར་ནས་འགྲོ་དགོས་པ་ལས་དྲ་སྟེང་དུ་སྟོད་སྨད་ལ་འགན་ཁུར་ནས་དཔྱད་རྩོམ་རིང་ཙམ་ཐུང་ཙམ་སྤེལ་ཐུབ་པ་ཙམ་གྱི་སྲིད་སྐྱོང་ལ་འོས་ཐོབ་ཀྱི་ཨ་ཡོད་ན?
རྩོམ་ཡིག་བྲིས་ནས་རེ་བ་རྒྱག་པ་ནི། རྩོམ་པ་པོ་ཚོས་སེམས་ངལ་འདོར་ཐབས་ཤིག་རེད། དེ་མང་ཚོགས་དང་འབྲེལ་བ་ཡོད་པ་མ་རེད།
རྩོམ་འདི་མི་སྣ་མང་པོ་ཞིག་ལ་བསྟོད་གཉེར་ཕུལ་བའི་རྩོམ་ཡིན་འདུག སོ་སོའི་དགོས་འདུན་ལ་ཞིབ་རྒྱུ་མིན་ནམ་སྙམ། ཟམ་གདོང་རིན་པོ་ཆེ་འཁྲུངས་རབས་ཆོས་འབྱུང་ནས་རོབ་ཙམ་ཡིན་སྲིད་པས་གཞན་དེ་ལས་མང་བ་ཡོད་གཤའ། རིན་པོ་ཆེའི་སྲས་ཀྱི་གཙོ་བོ་དེ་ཚོགས་གཟུར་སྤེན་པ་ཚེ་རིང་ལགས་ཡིན་ངེས།
སྤྱི་ཡོངས་མང་གཙོའི་འགྲོ་ལུགས་ནང་ངས་བྱེད་ཀྱི་ཡིན་ཅེས་ཐོན་དགོས་གནད་མིན་ནམ། དེ་ན་ཡར་ཐོན་པ་དེ་སྨན་ཆ་ལས་སྨད་ཆ་ག་ནས་ཡིན། འཇོན་དང་མི་འཇོན་གྱི་དཔུས་ཀ་དེ་མི་དམངས་ཀྱི་གཅོད་དགོས་གནད་དང་འོས་འཕེན་རྒྱུ་མཚན་ཡང་དེ་ཡིན་ངེས།
ཉོག་རང་རེད་འདུག