རྫ་ཚེ་རིང་བཀྲ་ཤིས།
༡ ༽ བསྒྲགས་གཏམ་སྤེལ་སྐབས་གཟབ་ནན་དགོས།
ནམ་རྒྱུན་དགོན་ཆེན་ཚོ་དང་ཚོགས་པ་ཆེན་པོ་ཚོས་གསལ་བསྒྲགས་རིགས་སྤེལ་སྐབས་ངང་རྒྱུད་རིང་ཙམ་དགོས་པ་ལས། སྤེལ་སྔ་དྲགས་པ་དང་སྤེལ་རྒྱུ་མང་དྲགས་པའི་ཕྱོགས་ལ་གཟབ་དགོས་པ་འདུག སྤྱི་དང་འབྲེལ་བའི་གནས་ཚུལ་རེ་བྱུང་སྐབས། བྱེ་བྲག་གི་སྡེ་ཚན་རེ་མདུན་དུ་ཐོན་ནས་དམིགས་བསལ་གྱིས་ང་མིན་ང་མིན་ཟེར་བསྡད་པ་དེ་ཡང་། ཐད་ནས་བལྟས་ན་དག་ཆེ་ས་ནས་དིག་ལྷང་བུད་པ་འདྲ་ཞིག་འདུག་པས། འདི་རིགས་ཀྱི་ཐད་དང་པོ་ནས་ཕྱོགས་ཡོངས་ལ་བསམ་བློ་འཁོར་དགོས་པ་གལ་ཆེ།
༢༽ ཁ་ཚོན་གཅོད་སྔ་བྱས་ན་ཉེན་ཁ་ཡིན།
ཉེ་ཆར་སེར་སྨད་གྲྭ་ཚང་གིས་སྤྱི་ལོ་༢༠༢༠ཟླ་༨ཚེས་༢༣ འཁོད་པའི་བསྒྲགས་གཏམ་གྱི་ཡི་གེ་ཞིག་མཇལ་ཞིང་། ཡི་གེ་དེ་མ་གཞི་ལོ་བཟང་ཅན་དེ་གསང་ཉུལ་ཡིན་པ་དང་། རྒྱ་གར་གྱི་གསར་ལམ་ཁག་ཅིག་གིས་གསར་འགྱུར་དེ་དང་འབྲེལ་ནས་སེར་སྨད་ཀྱི་མིང་བཏོན་ཡོད་པའི་སྐོར་ལ་བསྒྲགས་གཏམ་ཞིག་རེད།
ཡི་གེ་དེར་དོན་ཚན་གསུམ་ཡོད་པའི་ནང་ནས། དོན་ཚན་གཉིས་པའི་ཕྱག་མཛོད་ཁང་སོགས་འབྲེལ་བ་མེད་ཚུལ་དང་། དོན་ཚན་གསུམ་པར། གལ་ཏེ་སྒྲིག་ཁུངས་སུ་ཡོད་པའི་དགེ་འདུན་པ་སུ་ཞིག་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་ར་འཕྲོད་ཚེ་རྒྱ་གར་འབྲེལ་ཡོད་ལས་ཁུངས་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་སོགས་བཤད་པ་ནི་ལོས་བདེན།
ཡིན་ན་ཡང་། དོན་ཚན་དང་པོར་༼སེར་སྨད་གྲྭ་ཚང་གི་དགེ་འདུན་བགྲེས་གཞོན་སུས་ཀྱང་༽གཞིས་བྱེས་བོད་མིའི་བདེ་དོན་དང་བཙན་བྱོལ་བོད་མའིའི་སྒྲིགས་འཛུགས། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་མཛད་པ་བཅས་ལ་༼དོ་ཕོག་འགྲོ་རྒྱུའི་ལས་གཞི་དངོས་ཤུགས་བརྒྱུད་གསུམ་ནས་དུས་ནམ་ཡང་སྤེལ་མེད་པ་དང་། དེ་འདྲའི་ལས་གཞི་རྩོམ་མཁན་སུ་ལའང་འབྲེལ་བ་མེད༽ཅེས་པའི་འབྲི་སྟངས་འདིར་ངས་གོ་བ་ལེན་ཤེས་མ་སོང་། སུ་ཡང་འབྲེལ་བ་མེད་པ་ཁ་ཚོན་ཆོད་ན་ར་འཕྲོད་ཚེ་རྒྱ་གར་གཞུང་ལ་རྩིས་སྤྲོད་ཀྱི་ཡིན་ཡང་ཟེར་མ་དགོས་པ་འདྲ་ཞིག་རེད། དེ་ཚིག་འཁྲི་ལྟ་བུ་ཞིག་ཡིན་པའི་དབང་དུ་བཏང་ཡང་། གཙོ་ཆེ་བ་དེ་གལ་ཏེ་ཉི་མ་གཅིག་ལ་རྒྱ་གར་གཞུང་ལྟ་བུ་ཞིག་གིས་སྤྱི་སྒེར་སུ་ཞིག་ལ་དོགས་པ་བྱ་འགོ་ཚུགས་ན། གཤམ་འོག་གི་ཁོངས་མི་སུས་ཀྱང་ནག་ཉེས་དང་ནོར་འཁྲུལ་བྱས་མེད་པའི་ཁག་ཐེག་གི་ཡི་གེ་འབྲི་ཐུབ་མཁན་གྱི་ཚོགས་པ་སྒྲིག་འཛུགས་ཤིག་འཇིག་རྟེན་ན་ཧ་ལམ་མི་སྲིད་པ་ཞིག་ཡིན་གྱི་རེད་དྲན། གང་ཟག་སྒེར་རེ་རེའི་བྱ་སྤྱོད་ནི་གྲྭ་ཚང་གི་ལས་ཁུངས་ཀྱིས་དག་འབུད་བྱེད་ཐུབ་པ་ཞིག་གཏན་ནས་ཆགས་ཀྱི་ཡོད་མ་རེད། ཁྱད་པར་དུ་གསང་ཉུལ་ནི་གསང་ཉུལ་རང་ཡིན་པས་ཆེས་མཐོའི་སྒྲིགས་འཛུགས་ཀྱི་དཀྱིལ་འཁོར་ནང་ན་ཡང་ཡོད་སྲིད་པ་ཞིག་ཡིན་ན། གྲྭ་ཚང་ཞིག་གི་གྲྭ་ཁོངས་ཡོངས་རྫོགས་ལ་དེ་འདྲའི་ལས་ཀ་བྱེད་མཁན་མེད་པ་མ་ཟད། དེ་ལྟ་བུའི་ལས་གཞི་རྩོམ་མཁན་དང་འབྲེལ་བ་ཙམ་ཡང་བྱུང་མེད་ཟེར་ན། མགོ་ཚོས་མཁན་ཞིག་ཡིན་ན། བསྒྲགས་གཏམ་དེ་ནི་འགན་ཁུར་ལྡན་པ་དང་རང་སྲུང་གི་ཚོར་ཤེས་འདང་ངེས་ཡོད་པའི་ཡི་གེ་འབྲི་སྟངས་ཤིག་མ་རེད་སྙམ་པའི་ཚོར་སྣང་ཞིག་བསྐྲུན་ངེས། ཕྱིགས་གཞན་ཞིག་ནས་བརྗོད་སྟངས་འདི་ནི་དེ་འདྲ་ཞིག་མཐོང་མི་འདོད་པའི་རེ་འདུན་གྱི་ཚོར་བ་ཤུགས་དྲགས་པས་ཀྱང་ཡིན་སྲིད།
གང་ལྟར་མདོར་ན། དེ་ལྟ་བུའི་ཁ་ཚོན་བཅད་པའི་སྐད་ཆ་ཆེན་པོ་བཤད་སྟངས་དེ་ནི་བསྒྲགས་གཏམ་འབྲི་སྟངས་མ་ཤེས་པ་ཞིག་རེད་ལ། སྟབས་མ་ལེགས་ན་ཚིག་བརྗོད་འདི་རིགས་ཀྱིས་ཆུ་སྣ་རང་ཐོག་ལ་ཁྲིད་ནས་དཀའ་ལས་ཐོལ་འཕྲད་པའི་རྐྱེན་བྱེད་སྲིད་པ་རེད། ཁྲིམས་དང་འབྲེལ་བའི་སྐད་ཆ་དེ་ཚོ་ལ་ལན་འདེབས་སྐབས་དང་པོ་ནས་ཁ་ཚོན་གཅོད་པའི་ལན་འདེབས་པ་ལས་ཉེན་ཁ་ཆེ་བ་ཞིག་མེད། ཚང་མའི་ཚབ་བྱས་ནས་ཁ་ཚོན་གཅོད་པ་ནི་དེ་བས་ཀྱང་ཡོང་མི་སྲིད་པ་དེ་རེད། འདི་ལ་སྤྱི་སྒེར་སུས་ཀྱང་གཟབ་དགོས། དེ་ནི་སྦྲུལ་ལ་རྐང་པ་འབྲི་བ་ལྟར་ལས་ཀ་ཐོལ་བ་ཞིག་རེད།
དེ་བས་གསར་འགོད་པ་དེ་ཚོར། ཁྱེད་ཚོས་བཤད་པ་ལྟར་དངོས་གནས་དེ་འདྲ་ཞིག་ཡོད་ན་ང་ཚོར་ར་སྤྲོད་དགོས། གལ་ཏེ་ར་སྤྲོད་མ་བྱུང་ན་དགོན་པའི་མཚན་སྙན་དང་ཆེ་མཐོང་ལ་དོ་ཕོག་འགྲོ་གཞི་དེ་འདྲ་བྲིས་ན་དགོན་པས་རང་གར་འཇོག་གི་མིན། དེའི་ཐད་གསར་འགོད་པས་ཁྲིམས་ཀྱི་འགན་ཁུར་དགོས་པ་དང་། ཁུངས་སྐྱེལ་མ་ཐུབ་ཚེ་དགོངས་སེལ་དང་གསལ་བཤད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ན་འགྲིག་པ་ཙམ་རེད།
༣༽ བློ་གླིང་གྲྭ་ཚང་གི་རེ་སྐུལ་ལ་བསམ་ཚུལ།
དེ་ནས་དེ་རིང་ཡང་འབྲས་སྤུངས་བློ་གསལ་གླིང་གིས་བོད་ཀྱི་དུས་བབ་གསར་ཁང་ལ་ཁ་སང་གི་དུས་བབ་ཀྱི་གསར་འགྱུར་ཞིག་དང་འབྲེལ་ནས་ཡི་གེ་ཞིག་བཏང་འདུག །
སྤྱིའི་ཆ་ནས་འབྲི་སྟངས་དང་གསལ་བཤད་དགོས་འདུན་བཏོན་པ་དེར་མ་འགྲིག་པ་མེད་ན་ཡང་། དུས་བབ་ཀྱི་གསར་གནས་དེའི་མཇུག་ཏུ་༼བོད་མི་དང་ཕྱི་མི་རེ་གཉིས་ལ་འདྲི་བརྩད་༽བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་པ་ཙམ་ལས། བློ་གསལ་གླིང་གྲྭ་ཚང་ལ་གཞུང་གིས་ཉེས་འཛུགས་བྱ་བཞིན་ཡོད་པ་སོགས་གཏན་ནས་བཀོད་མི་འདུག །མ་ཟད་བྷིར་དང་སེ་ར་སོགས་གཞན་པ་དུ་མ་ཞིག་གི་མིང་ཡང་བཀོད་འདུག་པས་བློ་གསལ་གླིང་གཅིག་པུས་དེ་ཙམ་ཐུགས་ཁྲལ་གནང་དགོས་དོན་ཡང་ཡག་པོ་ཞིག་རྟོགས་མ་ཐུབ། བོད་ཀྱི་གཞིས་ཆགས་དང་དགོན་པ་གཞན་མང་པོ་ཞིག་གི་མི་ཡང་འབྲེལ་ཡོད་ཆགས་ཚར་ན། བློ་གསལ་གླིང་གཅིག་པུ་འབྲེལ་ཡོད་མ་ཆགས་ན་ཡང་། དམིགས་བསལ་དཀར་པོ་དཀར་རྐྱང་བྱས་ནས་ཐོབ་ཡོང་བ་ཞིག་ཀྱང་ཆེར་ཨེ་ཡོད་ན། བློ་གསལ་གླིང་གི་གང་ཟག་བྱེ་བྲག་པ་དེ་འདྲར་དྲི་བརྩད་ཞིབ་འཇུག་གཏན་ནས་བྱས་མེད་པའི་ཁ་ཚོན་ནི་དེ་བས་ཀྱང་ཆོད་ཨེ་ཐུབ་ན་བསམ།
མ་གཞི་བོད་མི་དང་ཕྱི་མི་རེ་གཉིས་ལ་འབྲི་བརྩད་བྱས་པ་ཙམ་གྱིས་གྲྭ་ཚང་དེ་ནག་ཉེས་དང་འབྲེལ་བ་ཞིག་གཏན་ནས་ཆགས་དགོས་ཀྱི་མེད་པས་དམིགས་བསལ་གྲྭ་ཚང་གི་མཚན་མཐོང་ལ་གནོད་གཞི་ཆེན་པོ་རང་ཆགས་ཀྱི་ཡོད་མེད་ཀྱང་མ་ཤེས། དེ་བཞིན་གྲྭ་ཚང་དེའི་འབྲེལ་ཡོད་ལས་ཁུངས་ལ་གཞུང་གིས་དོགས་པ་དང་འདྲི་བརྩད་མ་བྱུང་བ་ཙམ་གྱིས། དེ་ན་ཡོད་པའི་ཕྱི་མི་ཚུན་ཆད་ལའང་དྲི་བརྩད་མི་ཡོང་བའི་ཁག་ཐེག་ཀྱང་ཨེ་ནུས་སྙམ།
༤༽ ཐུན་མོང་གི་ངོ་ཚ་དང་ཐུན་མོང་གི་འགན་འཁྲི།
གང་ལྟར་༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པའི་རྐྱེན་ངན་འདི་འདྲ་ཞིག་གི་བྱ་སྤྱོད་དང་འབྲེལ་བ་ཞིག་རང་རེའི་ནང་ཁུལ་ནས་ཐོན་པ་ཡིན་ན་དེ་ནི་ཐུན་མོང་གི་ངོ་ཚ་ཞིག་ཡིན་པས། འདི་དང་འབྲེལ་བའི་ངོ་ཚ་དང་ཁ་སྐྱེངས། ཁོང་ཁྲོ་དང་བློ་ཕམ་ཚང་མ་ང་ཚོས་མཉམ་ཁུར་བྱ་རྒྱུ་དེ་རེད། དེ་ཡང་དགོན་པ་དང་གྲྭ་ཚང་གི་མཚན་ཕར་སྦྱར་ནས། གཞིས་ཆགས་དང་དགོན་པ་གང་ནས་བྱུང་འདུག །ཁོངས་གང་ལ་གཏོགས་འདུག་བལྟས་ནས་མི་འདུག་པར། གང་ཟག་སྒེར་གྱི་ནོར་འཁྲུལ་ནི་ཁྱབ་ཁོངས་གང་ནས་ཀྱང་ཡོ་སྲིད་པ་ཡིན་པར་ངོས་འཛིན་གྱིས། ཚང་མས་མཉམ་དུ་གང་ཟག་སྒེར་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་ནན་མོ་བྱེད་པ་དང་། དགོན་པ་དང་གྲྭ་ཚང་སོགས་ཀྱིས་ཀྱང་ལུགས་མཐུན་གྱི་གཞོགས་འདེགས་བྱེད་པ་བཅས་ཀྱི་ཐོག་ཏུ་ནུས་པ་སྤུངས་ནས་ཞབས་འདྲེན་པ་དེ་ཚོ་ཐེར་འདོན་དང་ཁྲིམས་ལྟར་ཐག་གཅོད་ཡོང་བར་ནུས་པ་འདོན་དགོས་པ་དེ་ཁོ་ན་ང་ཚོ་ཐུན་མོང་གིས་སྒྲུབ་དགོས་པའི་འགན་འཁྲི་ཉག་གཅིག་དེ་ཡིན་ངེས་སྙམ།
༥༽ ཁུངས་སྐྱེལ་བདེན་རྫུན་གསལ་བཤད་འོས།
འོན་ཀྱང་། བོད་ཀྱི་དུས་བབ་ཚང་ལའང་གནས་ཚུལ་དེ་ཡོང་ཁུངས་གང་ཡིན་ཐད། བློ་གསལ་གླིང་གྲྭ་ཚང་གིས་དགོས་འདུན་བཏོན་པ་ནང་བཞིན། དུས་ཐོག་ཏུ་གསལ་བཤད་དང་ཁུངས་སྐྱེལ་གྱི་འོས་འགན་ནི་ངེས་པར་དུ་ཡོད་པ་ཞིག་རེད་སྙམ། གལ་ཏེ། དུས་བབ་ཚང་གིས་རྒྱལ་གར་གྱི་གསར་ཡོངས་གྲགས་གསར་ཁང་གི་སྐད་ཆ་ལུང་འདྲེན་བྱས་པ་ཙམ་ཞིག་ཡིན་ནི་ཆུ་ཆུང་ས་ནས་ཉ་སྤར་བཟུང་བྱས་པ་ཙམ་ཡིན་པས་དེ་ཡང་དྲང་མོ་རང་ཞིག་མ་རེད་སྙམ། དེ་ལས་ཕྱི་རྒྱལ་གྱི་གསར་འགོད་པ་དེ་ཚོས་ནམ་རྒྱུན་ཐ་ན་༧གོང་ས་མཆོག་གི་གསར་འགོད་པའི་བཀའ་ལན་མང་པོ་ཞིག་ལ་བསམ་བཞིན་སྒེར་གྱི་ཁེ་ཕན་ཆེད་འཁྱོགས་བརྗོད་བྱེད་པའི་གནས་ཚུལ་ཡང་ཡང་འབྱུང་བཞིན་པ་དེ་དག་ལ་བསྒྲགས་གཏམ་མང་ཙམ་སྤེལ་ཐུབ་ན་ལེགས་པར་སྙམ།
བསམ་ཚུལ་ཐད་བྲིས་ཙམ་ཡིན། ནོར་ཡོད་ན་དགོངས་དག་ཞུ།
གཟབ་དགོས། ནོར་འཁྲུལ་མ་ཤོར་བར་གཟབ་དགོས། ཤོར་ནས་ཤོད་སྟངས་ལ་གཟབ་དགོས། ཉེས་པ་ཉེས་ཐོག་ཏུ་འགྲོ་བ་ལ་གཟབ་དགོས། བསྒྲགས་གཏམ་སྤེལ་དགོས་མིན་ལ་གཟབ་དགོས། སྤེལ་དུས་གཡས་གཡོན་འཕྲལ་ཕུག་མང་པོར་བསམས་ཤིང་བལྟས་ནས་སྤེལ་དགོས། བསྒྲགས་གཏམ་གྱི་བརྗོད་བྱ་སྨྲོས་ཅི་དགོས། རྗོད་བྱེད་ཚིག་ལྷག་དང་ཚིག་སྐྱོན་མ་བྱུང་ལ་གཟབ་དགོས་རེད་སྙམ་ལགས།