སྐྱོ་བྲག་དགའ་དབང་།
ཞག་ཤས་སྔོན་གྱི་སྔ་དྲོ་ཞིག་ལ། རོགས་པ་ཞིག་གིས། ཁྱིའི་ཁ་བར་ནས་ཁྲ་ཞིག་བླངས་བྱུང་ལ། ཉིན་དེ་ཀའི་ཕྱི་དྲོར། ཡང་རོགས་པ་གཞན་ཞིག་གིས། ཕྲུག་གུའི་ལག་བར་ནས་བྱིས་ཕྲུག་ཅིག་ཁུར་ནས་བསླེབས་བྱུང་། འཇིག་རྟེན་ན་གཅེས་པ་རང་སྲོག་ཡིན་སྟབས། ཁོང་རྣམ་པས། བདག་སྐྱོང་གང་ལེགས་གནང་སོང་ལ། ང་ཚོས། ངན་སོང་ལས་ཐར་བྱེད་ཡིན་པའི་རེ་བས། བྱིའུ་ཁྲའི་རྣ་བར་གཟུངས་སྔགས་དང་ཆོ་ག་གང་ཡོང་ཅི་ཡོང་བསྒྲགས་པ་ཡིན། སྟབས་མ་ལེགས་པ་ཞིག་ན། ཁ་རྩང་སྔ་དྲོ་བྱིའུ་དང་ཕྱི་དྲོ་ཁྲ་བྱས་ནས་གཉི་ག་གྲོངས་སོང་།
ཁོ་རང་གཉིས་ཤི་རྐྱེན། སྒར་ཆེན་སྨོན་ལམ་ཆེན་མོ་ལས། བྱོལ་སོང་གི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་བའི་ལས་གང་གིས་བྱས་པ་ཐམས་ཅད་ཟད་ནས་དེར་མི་སྐྱེ་བར་གྱུར་ཅིག །གལ་ཏེ་སྐྱེས་པར་གྱུར་ནའང་དེ་མ་ཐག་ཏུ་ཚེ་འཕོས་ནས། བདེ་འགྲོ་མཐོ་རིས་ཀྱི་མཆོག་ཏུ་སྐྱེ་བར་གྱུར་ཅིག །ཅེས་པའི་སྨོན་པ་ལྟར་བྱུང་བ་ཡིན་དང་། དུད་འགྲོ་གསོ་སྐྱོང་གི་ཉམས་མྱོང་མེད་ནས་བཟའ་བཏུང་ཚུལ་མཐུན་སྤྲད་མ་ཤེས་པས་ཤི་བ་ཡིན་ནི་མི་ཤེས།
གང་ལྟར་ང་ཚོ་བོད་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་པའི་ངོས་ནས། དེ་རིང་བསྔོ་སྨོན་དང་། ལྟུང་བཤགས་བྱང་ཆོག་བཏོན་པ་ཡིན། ཁོ་རང་གཉིས་ལ་རོགས་མགོན་གཞན་ནི་སུ་ཡང་མེད་པ་གསལ་པོ་རེད་ལ། ང་ཚོས་འཇོན་པ་ནི་འདི་ཀ་ཙམ་རེད། ཡིན་ནའང་། སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ཕྱིར། དགེ་སེམས་ཀྱི་ལས་ཀ་ཕྲན་ཚེགས་འདི་ཚོ་ཡང་། ཁོ་རང་གཉིས་བདེ་བ་ནས་བདེ་བར་འགྲོ་བའི་བཟང་འབྲེལ་ཞོག་བྱེད་དུ་འགྱུར་བའི་རེ་བ་ནི་བྱ་ཆོག་པ་ཞིག་ཡིན་པར་སེམས་སོ། །