ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་བ།
༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༨ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དབུས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ ནང་གསེས་ ༤ དགོངས་དོན། སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་ཚད་གཏན་འབེབས་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་དུས་ཚོད་དང་ལས་རིམ་གཏན་འབེབས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ཟུང་དྲུང་བསྟན་འཛིན་ནོར་བུ་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསར་འགོད་གསལ་བསྒྲགས་གནང་དོན། དེ་རིང་དབུས་འོས་བསྡུ་ལས་ཁང་ནས་གལ་ཆེ་གནད་དོན་ཁག་གཅིག་གི་ཐོག་གསར་འགོད་གསལ་བསྒྲགས་ཞུ་རྒྱུ་ཡིན། གནད་དོན་དང་པོ་ནི། དབུས་འོས་བསྡུ་ལས་ཁང་ནས་ཤེས་གསལ་ལྟར་ན། ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧།༠༥ ཐོག་ཚུལ་ཁྲིམས་བསྟན་པ་ཞེས་པས་ངོ་དེབ་བརྒྱུད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཤོག་དང་སྦུག་ཐམ་རྫུན་བཟོས་དང་བརྐུས་པའི་གནད་དོན་ཐབས་སྡུག་དང་འཚབ་ཆེན་བྱུང་ཡོད། དབུས་འོས་བསྡུ་ལས་ཁུངས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ཅེས་ཞུ་རྒྱུ་ཡིན།
ང་ཚོས་ངོ་རྒོལ་ཡོད་ཅེས་ཞུ་པ་ཙམ་གྱི་གནད་དོན་འགྲིག་ཐབས་མེད་སྟབས། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་དཔལ་ལྡན་དགའ་ལྡན་ཕོ་བྲང་དུ་ཆེད་བཅར་ཞུས་པ་དང་། དེ་བཞིན་དེ་ཉིན་གྱི་ཕྱི་དྲོར་དཔལ་ལྡན་བཀའ་ཤག་ལ་སྙན་གསང་ཞུས་ནས་གནད་དོན་འདི་བོད་མི་ཞིག་ཡིན་པ་དང་། ལྷག་པར་འཛམ་གླིང་ཁྱོན་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་མཐོང་ཇི་ཙམ་ཡོད་པ་ང་ཚོ་ཚང་མས་ཤེས་གསལ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཤོག་དང་སྦུག་ཐམ་རྫུན་བཟོས་དང་བརྐུས་པའི་གནད་དོན་ལས་ལས་ཀ་ཚབས་ཆེ་བ་ང་ཚོས་མཐོང་གི་མི་འདུག དེར་བརྟེན་བྱེད་གཏེ་སུ་ཡིན་ནའང་རྩད་གཅོད་མཐིལ་ཕྱིན་པ་གནང་དགོས་ཀྱི་འདུག ཅེས་སྙན་གསང་ཞུ་རྒྱུ་བྱུང་། དབུས་འོས་བསྡུ་ལས་ཁུངས་ནས་ཀྱང་བྱ་ར་བྱེད་མུས་ཡིན། བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ད་བར་ཕལ་ཆེར་བྱུང་མ་མྱོང་བའི་གནད་དོན་ཐབས་སྐྱོ་བོ་ཞིག་བྱུང་བ་དེ་ལ་བློ་ཕམ་དང་ངོ་རྒོལ་ཡོད་ཅེས་ཞུ་རྒྱུ་ཡིན།
གནད་དོན་གཉིས་པ་ནི། དེ་སྔོན་སྙན་གསང་ཞུས་པ་ནང་བཞིན་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་འོས་བསྡུ་ཆེན་མོའི་ཆེད་འོས་འཕེན་པའི་མིང་གཞུང་དེབ་འགོད་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡ ནས་ཕྱི་ཟླ་ ༡༠ ཚེས་ ༡༥ བར་གནང་རྒྱུ་གཏན་འཁེལ་ཡོད་པ་ལྟར། ས་གནས་འོས་བསྡུའི་འགན་འཛིན་རྣམ་པ་དང་། ས་གནས་འོས་བསྡུའི་ཚོགས་མི། དེ་བཞིན་དེབ་འགོད་འགན་འཛིན་རྣམ་པ་བཅས་ནས་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ཡོད་ནའང་དེབ་འགོད་ཚ་ཚ་འུར་འུར་ངང་གནང་བཞིན་པའི་གནས་སྟངས་ཆགས་ཡོད། ཟླ་འདིའི་ཕྱི་ཚེས་ ༢༤ བར་ས་གནས་ཁག་སུམ་ཅུ་ཙམ་ནས་འོས་འཕེན་པའི་མིང་གཞུང་དེབ་འགོད་ཟིན་པ་མི་གྲངས་ ༣༦༣༦༧ བྱུང་འདུག ད་དུང་ཡིན་ནའང་ཕྱི་ཟླ་ ༡༠ ཚེས་ ༡༥ བར་འོས་འཕེན་པའི་མིང་གཞུང་དེབ་འགོད་ཆོག་པ་ཡིན། ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༣༠ བར་མིང་གཞུང་སྣོན་འཕྲི་སོགས་ཀྱི་སླད་དུས་ཚོད་ཕུལ་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་རྣམ་པའི་འོས་བསྡུ་ཆེན་མོ་འདི་ཧ་ཅང་གནད་འགག་ཆེན་པོ་དང་གལ་ཆེན་པོ་ཡིན་པར་བརྟེན་དེའི་ནང་མཉམ་ཞུགས་སླད་མིང་གཞུང་དེབ་འགོད་ནི་མེད་དུ་མི་རུང་བ་ཆགས་ཡོད། ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་ཏེ་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན།