སྐྱོ་བྲག་དགའ་དབང་།
ཐང་ལྷའི་བསང་ཡིག་ལས། ཀྱཻ། གཡས་ཀྱི་སྒོ་དཔོན་པ། །རྩམ་ཆེན་ལྷ་སྒོ་ནི། །དཀར་པོ་བསེ་ཁྲབ་གསོལ། །གང་བ་བཟང་པོར་གྲགས། །ཞེས་བོད་ཀྱི་རྒྱལ་བློན་རྣམས་ཀྱི་མགུར་ལྷར་བྱེད་པ་གཉན་ཐང་ལྷའི་གཡས་ཀྱི་སྒོ་དཔོན་ཡིན་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་བ་བཟང་པོའི་བསྟི་གནས། རྩམ་གྱི་ལྷ་སྒོ་མདུང་རྩེ། ཞེས་གངས་རི་རྩེ་རྒྱལ་གནམ་འདེགས་ཀྱི་ཀ་བ་འདྲ་བ་དེའི་རི་སྙིང་འབའ་རོམ་གྱི་གནས་ཡིན་པས་ན་བྱང་འབའ་རོམ་དུའང་གྲགས་པ་ནི། བོད་ཡུལ་དབུ་རུ་བྱང་ཕྱོགས་ཀྱི་ས་ཡི་ཆ། བྱང་གི་གཉན་ཆེན་ཐང་ལྷའི་རི་རྒྱུད་དུ་ཆགས་ཤིང།
ཡུལ་གྱི་བཀོད་པ་ནི། འབའ་རོམ་པའི་མགུར་འབུམ་ལས། ཡུལ་ཆེན་ཏི་སིའི་གངས་རྒྱུད། ཆུ་ཆེན་འགའ་འགའི་མགོ་བོ། སྡེ་ཆེན་པ་ཚབ་གྱི་ས་ཁུལ། ཐང་ཆེན་ཕྱུག་མོའི་གོང་བ། རུ་ཆེན་བཞིའི་རྒྱུན་ལམ། བྱང་ཆེན་རི་ཁྲོད་རྣམ་དག །མཚོ་ཆེན་ཕྱུག་མོའི་ཤར་ཕྱོགས། རིན་ཆེན་གངས་ཀྱི་ལྕགས་ར། བདེ་ཆེན་འོད་འབར་འབབ་རོམ། ལོ་ཆེན་སྒྲའི་སྒྱུར་ས། སྟོན་ཆེན་བཤད་གྲྭ་འཛུགས་ས། སྒོམ་ཆེན་སེང་ཁྱུའི་སྒྲུབ་གནས། མཐུ་ཆེན་ནུས་པ་འབར་ས། ཙམ་ཆེན་ལྷ་སྒོའི་མཚན་ཉིད་ནི། འཛམ་གླིང་རིའི་རྒྱལ་པོ་ཡིན་པས་ཁྱད་པར་དུ་མཐོ་ལ་བརྗིད་ཆེ་བ། བྱ་རྒོད་ཀྱི་རྒྱལ་མཚན་འབར་བ། དགུང་གི་ཀ་བ་དང་འདྲ་བས་དབྱིབས་ལེགས་པ། རྩེ་ལ་ལྷོ་སྤྲིན་སྨུག་པོ་འཐིབས་ནས། མགུལ་པར་གཡུའི་ན་བུན་གཏིབས་པས་ཤེས་པ་དགའ་བ། སངས་རྒྱས་ཀྱི་ཞལ་སློབ་གནོད་སྦྱིན་གྱི་དེེད་དཔོན་གང་བ་བཟང་པོའི་ཕོ་བྲང་ཡིན་པས། ཆོས་ཉམས་སུ་ལེན་ནས་སྒྲུབ་པ་བྱེད་པའི་གྲོགས་བྱེད་ཅིང་། བཀྲ་ཤིས་པའི་གྲུབ་གནས་ཆེན་པོ་ཡིན་པས། གཞན་དུ་ལོ་གཅིག་སྒྲུབ་པ་བྱས་པ་བས། འདིར་ཟླ་བ་གཅིག་སྒྲུབ་པ་བྱས་པ་བོགས་ཆེ་བ། ས་བྱིན་གྱིས་བརླབས་ཤིང་གཡང་ཆགས་པས་དགང་སླ་བ། ལུང་པའི་མཚན་ཉིད་ནི། རྩི་ཤིང་ནགས་ཚལ་ཕུན་སུམ་ཚོགས་པས་བག་དྲོ་བ། ཤིང་གི་རིགས་ལ་ཤུག་པ་ལ་སོགས་པའི་ཚལ་ཆེན་པོ་རྒྱས་པ། ལོ་འབྲས་ཕུན་སུམ་ཚོགས་ཤིང་མེ་ཏོག་མཛེས་པའི་རྒྱན་དང་ལྡན་པ། བྱ་ཀ་ལན་དྷ་ཀ་དང་ཁུ་བྱུག་སྙན་པའི་སྒྲ་སྒྲོག་པ། མཚོ་དང་རྫིང་བུ་ལ་སོགས་པ་སྔོ་བ། བྱ་ངང་པ་དང་ངུར་པ་ཁྲུང་ཁྲུང་དགའ་བས་རོལ་པས་སྙན་པ། ན་སྤང་བེ་དུར་རྒྱའི་མཎྜལ་ལྟ་བུ་ལ་སྣ་ཚོགས་མཛེས་པའི་མེ་ཏོག་འཁྲུངས་པ། གསའ་ཆེན་བྲག་ལ་འགྱིང་ཞིང་། རྒོད་ཆེན་མགོ་ན་ལྡིང་བའི་དགོན་ཆེན་གོང་མ་ན། ཞེས་གསལ་བའོ། །
གནས་འདིར་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཆེན་པོས་ཆོས་ཀྱི་འཁོར་ལོ་ཡང་བསྐོར་མྱོང་བ་སྟེ། མར་པའི་རྣམ་ཐར་དུ། བྱང་དུ་ཕེབས་ནས་མར་པ་མགོ་ཡགས་ཀྱི་ཡུལ་རྩམ་གྱི་ལྷ་སྒོ་མདུང་རྩེ་བྱ་བར་གདན་ཕབ་ནས་ཆོས་མང་དུ་གསུང་། ཞེས་བྲིས་གདའ།
ཆོས་རྗེ་སྒམ་པོ་པས་ཉེ་གནས་འབའ་རོམ་པ་དར་མ་དབང་ཕྱུག་ལ། ད་ཁྱོད་བྱང་འབའ་རོམ་བྱ་བའི་རི་ཁྲོད་རྣམ་པར་དག་པ། གངས་ཏི་ཚེ་ནས་གངས་རྒྱུད་མ་ཆད་པ། རྗེ་བཙུན་མར་པ་ལྷོ་བྲག་པ་ཡབ་སྲས་ལ་སོགས་པ་གྲུབ་ཐོབ་དཔག་ཏུ་མེད་པ་བཞུགས་པའི་གྲུབ་གནས་ཡིན་པས། དེར་སོང་ལ་བསྒྲུབ་པ་གྱིས། ཞེས་སྒྲུབ་གནས་སུ་ལུང་བསྟན་པ་བཞིན་འབའ་རོམ་པ་ཆེན་པོ་ཡང་བྱོན་ནས་རྫ་རིན་ཆེན་སྤུངས་པར་བཞུགས་ཏེ། སྒྲུབ་པ་སྙིང་པོར་མཛད་པས་མཆོག་གི་གོ་འཕང་མངོན་དུ་གྱུར། དགེ་འདུན་འདུས་པའི་སྡེ་ངུར་སྨྲིག་འཛིན་པའི་ཁ་དོག་གིས་གངས་རིའི་མདོག་ཀྱང་དམར་པོར་བསྒྱུར་བའི་མཛད་ཕྲིན་བྱུང་། སྙིང་པོའི་དོན་ཉམས་སུ་ལེན་པའི་ཆོས་བརྒྱུད་ངོ་མཚར་ཅན་འཕེལ་བ་ལའང་འབའ་རོམ་བཀའ་བརྒྱུད་དུ་གྲགས་པ་བྱུང་བ་ལ་དགོངས་ནས། རྗེ་ཏི་ཤྲི་རས་པས། གནས་ལུང་བསྟན་རྩམས་ཆེན་ལྷ་སྒོ་ན། །འཁོར་ལུང་བསྟན་ལས་འཕྲོ་སད་པ་ལ། །ཆོས་ལུང་བསྟན་ཕྱག་རྒྱ་ཆེན་པོ་བསྟན། །རྗེ་འབའ་རོམ་ཆེན་པོ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ཡིན་ནོ། །
གདན་ས་འདི་ཉིད་ཀྱང་ལོ་རྒྱུས་ཀྱི་བཞུར་རྒྱུན་ནང་འཕེལ་འགྲིབ་ཅི་རིགས་བྱུང་བ་ལས། དིང་གི་དུས་ན་གྲུབ་པའི་སྐྱེས་བུ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་སླར་གསོ་གནང་བས་དགེ་འདུན་གྱི་སྡེ་འཕེལ་བཞིན་བཞུགས་པ་ལགས་སོ། །
་་་་་་་་་་་་་་་་་་ གཞན་དུ་ལོ་གཅིག་སྒྲུབ་པ་བྱས་པ་བས། འདིར་ཟླ་བ་གཅིག་སྒྲུབ་པ་བྱས་པ་བོགས་ཆེ་བ། ་་་་་་་་་་་་་་་་
གནས་ཆེན་དང་གནས་ཆུང་། གྲུབ་གནས་དང་གྲུབ་གནས་མ་ཡིན་པ། རྩ་ཆེན་དང་རྩ་ཆུང་གི་ཁྱད་པར་གང་གིས་བྱེད་ཐུབ་བམ། ལགས།
གནས་མཆོག་རྡོ་རྗེ་གདན་དང་། གནས་ཆེན་གངས་རིན་པོ་ཆེ་ཏེ་སེ་གཉིས་ལ་རྩ་ཆེ་ཆུང་ཡོད་དམ། མེད། ལགས།