ཆབ་མདོ་ངག་ཕུན།
སྔོན་གླེང་ཐུང་ངུ་ཞིག
དེང་སྐབས་རྒྱ་ནག་སྲིད་གཞུང་གིས་སྟངས་འཛིན་འོག་ནས་བོད་ནང་གི་དགོན་སྡེ་ཆེ་ཁག་ནང་དུ་གྲྭ་པ་འཛུལ་ཞུགས་ལ་ཚད་བཀག་བཟོས་ཡོད་པའི་དབང་གིས་དགོན་སྡེ་ཆེ་ཁག་ཏུ་གྲྭ་པ་གསར་འཛུལ་ཞུགས་གནང་རྒྱུར་དཀའ་ངལ་ཞེ་དྲག་འཕྲད་ཀྱི་ཡོད་པ་རེད། དེར་བརྟེན་ནས་དགོན་ལག་ཁག་གི་གྲྭ་གཞོན་མང་པོ་ཞིག་དགོན་སྡེ་ཆེ་ཁག་ནང་དུ་བསླབ་པ་སློབ་གཉེར་གནང་འདོད་ཀྱིས་སྐོམ་པ་ཆུ་འདོད་ལྟར་ཡོད་རུང་གོ་སྐབས་མེད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ནང་གི་དགོན་སྡེ་ཆེ་ཁག་ནང་དུ་གྲྭ་པ་ལོ་ཚད་ཡར་ཙམ་ཕེབས་ཟིན་པ་བགྲེས་སོང་རྣམས་ཀྱིས་ས་མིག་རྩ་ཆེན་དེ་དག་བཀག་བསྡད་པ་མ་ཡིན་པའི་ཐོག་ནས་གྲྭ་གཞོན་སློབ་གཉེར་གནང་འདོད་ཡོད་མཁན་དེ་དག་གོ་སྐབས་གནང་ཐུབ་པ་ཡིན་ན་དགེ་ཕན་ཆེ་སྐོར་ཚུལ་སྐོར་གྱི་བསམ་ཚུལ་ཞིག་རེད། དེ་དག་བདེན་པ་ཞིག་མཐོང་བས་འབྲེལ་ཡོད་ཚང་མས་དེ་དག་ལ་དགོངས་པ་བཞེས་དགོས་པའི་གནས་སྟངས་ཤིག་རེད་སྙམ། བྱེས་ཀྱི་ནི་དགོན་སྡེ་ཆེ་འབྲིང་ཆུང་གསུམ་ལ་ཆག་བཞག་པ་ཡིན་ན་བསླབ་པ་སློབ་གཉེར་གྱི་ཆེད་དུ་འཛུལ་ཞུགས་གནང་མཁན་ཉུང་བའི་དཀའ་ངལ་མ་གཏོགས་བཀག་འགོག་གནང་མཁན་སུ་ཞིག་མེད་པ་རེད། རང་དབང་གིས་འཛུལ་ཞུགས་གནང་ཆོག་གི་ཡོད་པ་རེད། གཞིས་ཀྱི་དགོན་སྡེ་ཁག་ཏུ་གྲྭ་ཞུགས་ཀྱི་ཚད་བཀག་ཡོད་དུས་དཀའ་ངལ་འཕྲད་དང་འཕྲད་བཞིན་ཡོད་པ་རེད། རྒྱུ་མཚན་དེ་དག་དབང་གིས་བསམ་ཚུལ་འདི་ནི་གཞིས་ལུས་སྤུན་ཟླ་ཤེས་ཡོན་པ་ཞིག་གིས་གསུང་བཞིན་འདུག་པ་དང་། གཞིས་བཞུགས་སྤུན་ཟླ་རྣམ་པའི་དགོངས་པ་བཞེས་སྟངས་དེ་དག་ང་ཚོ་བྱེས་པ་ཚོའི་བསམ་བློ་གཏོང་ཕྱོགས་ཀྱི་ཐད་ལ་ཕན་ཐོགས་འདྲ་ཡོང་ན་བསམ་ནས་འདི་ཉིད་མཁྱེན་རྟོགས་ཆེད་དུ་ཕབ་བྲིས་བྱས་པ་ཡིན། རྩོམ་འདི་དག་ནང་དུ་ཚིག་རེ་བཟུང་ལས་མང་ཆེ་བ་རང་སོར་བཞག་ཡོད་པས་དེ་ལུགས་ཀློག་པ་པོ་རྣམས་ཀྱིས་དགོངས་བཞེས་ཡོད་པ་མཛོད།
གཞིས་ཀྱི་དགོན་སྡེ་ཆེ་ཁག་ཏུ་གྲྭ་པ་ཚད་བཀག་ལས་འཕྲོས་པའི་གཏམ།
༄༅། །དེ་རིང་ངས་གནད་དོན་གལ་ཆེ་སྐོར་ལ་ཞུ་སྙིང་འདོད་བྱུང་ཟེར་བ་ཡིན་ན། ངས་སེམས་ནང་དུ་རྣམ་པ་ཀུན་ཏུ་དྲན་བསྡད་པ་གཅིག་རྣམ་པ་ལྷན་རྒྱས་ཚོར་བཤད་སྙིང་འདོད་བྱུང་། དེར་བརྟེན་ད་ནི་ས་དགེ་དཀར་རྙིང་གི་དགོན་པ་ཆེ་ཁག་དེ་དག་ལ་རྒྱ་ཆེ་མང་ཚོགས་ཀྱིས་རེ་སྟོན་ཆེན་པོ་ཞིག་བཞགས་ནས་སྐྱབས་ཡུལ་དུ་འཛིན་ནས་ཁབ་དང་སྐུད་པ་ཚུན་ཆད་འབུལ་བ་གང་ཡོང་གིས་སོ་ཡོད་སོ་སྟོན་དང་སོ་མེད་རྐན་སྟོན་གྱིས་རྣམ་པ་ཞིག་བྱེད་ནས་འབུལ་བ་འབུལ་གྱི་ཡོད་པ་རེད། ཁོང་དེ་བཞིན་ཁོང་རྣམ་པས་སྐྱབས་འཇུག་ནི་བསྟན་པ་གནས་པ་དང་། བསྟན་པ་རྒྱས་པ། རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཇིག་རྟེན་ཐོག་ཏུ་དར་ཞིང་རྒྱས་པ་དང་། ཡུན་རིང་གནས་པའི་དེ་འདྲའི་ཐོག་ཏུ་སྐྱབས་འཇུག་དུས་དང་རྣམ་པ་ཀུན་ཏུ་ཞུ་ཡི་ཡོད་པ་རེད།
དེ་དག་ནི་ཁ་ཙམ་གྱིས་སྐྱབས་འཇུག་མ་ཡིན་པ། ང་རང་གིས་ངོས་ནས་བལྟས་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་པོ་ཞིག་གནས་དགོས་ཀྱི་ཡོད་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་དེ་མི་རབས་རྗེས་མ་ན་གཞོན་རྣམས་ལ་རྩིས་སྤྲད་དགོས་པ་སོང་། དགོན་པ་ཆེ་ཁག་ནང་དུ་ཆ་རྐྱེན་ཕུན་སུམ་འཛོམས་པོ་ཡོད་པ་དང་། དེ་བཞིན་གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པར་ཐོས་བསམ་དང་། སློབ་གཉེར་བྱེད་སའི་གོ་སྐབས་ཡག་པོ་ཡོད་པའི་གནས་སྐབས་དེར། ཚང་མས་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བ། བསྟན་པ་ཡུན་རིང་དུ་གནས་པ་ལ་ཐུགས་སྨོན་དང་། སྐྱབས་འཇུག་གནང་བ་དང་། ཐུགས་བསམ་བཞེས་ཀྱིས་ཡོད་པ་ཡིན་ན། ང་རང་ངོས་ནས་བསམ་འཆར་ག་འདྲ་ཞིག་འདུག་ཟེར་བ་ཡིན་ན། དགོན་སྡེ་ཆེ་ཁག་དེ་དག་ནང་དུ་ཞ་མོ་ཅན་མང་པོ་ཞིག་ཡོད་པ་རེད། (ཞ་མོ་ཅན་ཟེར་ན་ཕྱག་དཔེ་གཟིགས་མི་ཐུབ་མཁན་ལ་གསུང་བ་ཡིན་པ་འདྲ།)
གང་ལྟར་ཕྱག་དཔེ་གཟིགས་ཉན་མི་འདོད་པ་ལོ་ཚད་ཀྱང་མཐོན་པོ་ཕེབས་ཟིན་ནས་གང་འཚམ་ཞིག་ནས་དགེ་བཤེས་བཏང་བ་ཡིན་ཟེར་ནས་འདི་འདྲའི་དགོན་པའི་ས་མིག་བཀག་ནས་བཞུགས་བསྡད་མཁན་མང་པོ་ཞིག་ཡོད་པ་རེད། ད་དེ་ཚོ་ལ་གང་འདྲ་ཞིག་དགོས་ཀྱི་རེད་ཟེར་བ་ཡིན་ན་དེང་སྐབས་རྒྱལ་ཁབ་ཀྱི་རྒན་གསོ་ཁང་དུ་བཞུགས་ས་ཡོད་པ་རེད། དེར་བཞག་སོང་ན་དེ་གར་བཞུགས། དེའི་ཚབ་དེར་གྲྭ་པ་གསར་པ་ཡར་བཅུག་ནས་སློབ་གཉེར་བྱེད་བཅུག །དགོན་སྡེ་ཆེ་ཁག་དེ་དག་གི་ས་མིག་བཀག་བསྡད་པ་མ་ཡིན་པ། སོ་སོ་ཡིན་ནའང་དགོན་པ་ནང་དུ་ཚོགས་སྒྲིག་ལམ་སྲུང་མི་དགོས་པ་བཞུགས་སོགས་དགེ་མཚན་ལྡན་པ་ཞིག་ཏུ་མཐོང་།
གལ་སྲིད་རྒས་གསོ་ཁང་དུ་བཞུགས་འདོད་མེད་པ་ཡིན་ན་སོ་སོའི་གཞིས་དགོན་ནང་ངུ་ཕེབས། ཞོགས་པ་བཞེངས་ནས་དགོང་མོ་ས་མ་རུབ་བར་དུ་གྲོང་ཆོག་རང་བསམ་བློ་བཏང་སྟེ་བཞུགས་ཆོག་གི་ཡོད་པ་རེད་ལ། གྲོང་ཆོག་རང་གི་བྱ་བ་བྱེད་དགོས་ཀྱི་ཡོད་ན་དགོན་ལག་ཁག་ཏུ་ཕེབས་ནས་བཞུགས་ཆོག་གི་ཡོད་པ་རེད། དགོན་ལག་ཁག་གི་གྲྭ་པ་གཞོན་གྲས་དེ་དག་དགོན་སྡེ་ཆེ་ཁག་ནང་དུ་ཕེབས་ནས་བསླབ་པ་སློབ་གཉེར་གནང་བཅུག་ན་དགེ་མཚན་ཆེ་ལ། དེ་བཞིན་དགོན་སྡེ་ཆེ་ཁག་གིས་གྲྭ་པ་རྒན་པ་རྣམ་པ་སོ་སོ་དགོན་ལག་ཏུ་ཕེབས་ནས་གྲ་པ་གསར་པ་དེ་དག་ལ་བསྟན་པ་ངོ་ཤེས་པ་དང་། མཆོག་གསུམ་ངོ་སྤྲོད་གནང་རྒྱུ་དེ་ཡང་ཧ་ཅང་གི་གལ་ཆེའི་ཞིག་རེད་མ་གཏོགས་དགོན་པ་ཆེན་པོ་གཅིག་ནང་དུ་བཞུགས་ནས་མིང་ཆེན་པོ་ཞིག་བཞེས་ནས་བཞུགས་བསྡད་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་དེའི་གནོད་ཀྱི་ཡོད་པ་རེད་ལ། སེམས་ཅན་གྱི་བདེ་སྐྱིད་ལའང་དེའི་གནོད་ཀྱི་ཡོད་པ་རེད།
སངས་རྒྱས་ཀྱི་བསྟན་པ་རྒྱས་མི་རྒྱས་ཟེར་བ་དེ་ནི་དགེ་འདུན་གྱི་སྡེ་ལ་རག་ལུས་ཡོད་པ་ཡིན་ཙམ་དགེ་འདུན་གྱི་སྡེ་ཞེས་པ་དེ་ནི་གྲྭ་པ་གསར་པ་དེ་དག་ལ་ཐུག་གི་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་གོང་ཞུས་ལྟར་བགྲེས་སོང་རྣམ་པ་ཚོས་ཕྱག་དཔེ་གཟིགས་ཐུབ་ཀྱི་མེད་པ་ཡིན་ན། དགོན་ལག་ཁག་ཏུ་ཕེབས་ནས་གསང་བདེ་འཇིག་གསུམ་འདྲ་གཟིགས། དེ་འདྲའི་གཟིགས་མ་ཐུབ་པ་ཡིན་ནའང་དེ་དག་ཞབས་འཕྱི་འདྲ་ཞུས་ནས་གྲོང་ཆོག་ལ་ཕེབས་ནས་བསྟན་པ་དང་དགོན་པ་ལ་དེའི་ཕན་གྱི་ཡོད་རེད་མ་གཏོགས་གཙུག་ལག་ཁང་དུ་ཁྱིམ་གྱི་འདུ་ཤེས་དེ་བློས་མ་བཏང་བ་བྱས་ནས་འཁོར་བ་འཁོར་བྱེད་ཀྱི་རྒྱུ་ཁོ་ན་བསམས་ནས་དགོན་པ་ནང་བསྡད་ཅིང་། ཁྱིམ་པ་དང་ཧ་ཅང་གི་ཁྱད་མེད་འདྲ་བ་ཞིག་གནང་ནས་བཞུགས་བསྡད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་ལ་དེའི་གནོད་ཀྱི་ཡོད་པ་རེད།
ལྷག་པར་གྲྭ་པ་གསར་པ་དེ་ཚོ་དགོན་པ་ནང་ཞུགས་ས་མེད་པའི་ས་མིག་བཀག་བསྡད་པ་དེས་ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་མ་བསྐྲུན་པར་བྱེད་པའི་འགོག་རྐྱེན་བཟོ་བསྡད་པ་གཅིག་འོང་གི་ཡོད་པ་ཡིན་ཙམ་དེ་འདྲའི་ཐོག་ཏུ་ཚང་མས་ཐུགས་བསམ་ཡག་པོ་བཞེས་དགོས་པ་གལ་ཆེའི་གནས་སྟངས་ཤིག་རེད། ལྷག་དོན་དགེ་བཤེས་བཏང་ཚར་བའི་གང་ཟག་དེ་དགོན་པ་ནང་དུ་ས་མིག་བཀག་ནས་བཞུགས་པ་དེ་ཧ་ཅང་ཡག་པོ་ཞིག་མེད་པ་རེད་བསམ་གྱི་ཡོད། དགོན་པ་ནང་དུ་དགེ་བཤེས་བཏང་། འདོན་སློབ་གཉེར་གནང་ནས་རིག་པའི་གནས་ལྔ་དང་། གཞུང་ཆེན་བཀའ་པོད་ལྔ་ལ་སྦྱང་བ་མཐིལ་ཕྱིན་གནང་བའི་གང་ཟག་ཡིན་ན། ད་ཉམས་ལེན་གནང་བའི་གནས་སྐབས་འཁེལ་གྱི་ཡོད་པ་རེད། ཉམས་ལེན་གནང་ཐུབ་ཀྱི་མེད་ན། དགོན་སྡེ་ཆུང་བ་དེ་ཚོར་ཕེབས་ནས་གང་ལ་གང་འཚམ་གྱི་རང་ཉིད་ཀྱི་དབང་དང་བཀའ་ཆོས་འདྲ་གནང་རྒྱུ་རེད་མ་གཏོགས་དགོན་སྡེ་ཆེན་པོ་ནང་བཞུགས་ནས་མིང་ཆེན་པོ་ཞིག་འཁུར་ནས་གྲྭ་པ་གསར་པ་དེ་ཚོ་འོང་ས་མེད་པའི་སྒོ་བཀག་ནས་བཞུགས་བསྡད་པ་ཡིན་ན། སོ་སོར་ཚེ་འདིར་བཟའ་རྒྱུ་དང་འཐུང་རྒྱུ། བཏགས་རྒྱུ། རྒྱན་རྒྱུ་ལ་སོགས་ཡག་པོ་ཞིག་འོང་གི་ཡོད་རྒྱུ་རེད་དེ། ཡིན་ནའང་སངས་རྒྱས་ཀྱི་བསྟན་པ་ལ་དེས་གནོད་ཀྱི་ཡོད་པ་རེད་དྲན་བསྡད་ཀྱི་ཡོད། སངས་རྒྱས་ཀྱི་བསྟན་དགྲ་ཞེས་པ་དེ་ནི་གྲི་དང་མདུང་སོགས་འཁྱེར་ནས་འོང་མཁན་ཞིག་མ་རེད། དེ་འདྲའི་ཞིག་གིས་བསྟན་པའི་སྒོ་དེ་བཀག་བསྡད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་དགྲར་འགྲོ་བའི་ཚོད་ཡིན་ས་རེད།
བླ་མ་ཡིན་ན་འདྲ། སྤྲུལ་སྐུ་ཡིན་ན་འདྲ། དགེ་བཤེས་ཡིན་ན་འདྲ། མཛོད་དགེ་ཡིན་ན་འདྲ། གྲྭ་པ་རྒན་པ་ཡིན་ནའང་འདྲ། རྣམ་པ་ཚོས་ཐོས་བསམ་སློབ་གཉེར་རྒྱ་ཆེན་པོ་གནང་ཐུབ་ཀྱི་མེད། གྲོང་ཆོག་ཕེབས་རྒྱུ་ཞིག་དང་། མི་ལ་ངོ་སོ་འཁྱེར་རྒྱུའི་དོན་དག་ཚེ་འདིར་འཁོར་བ་འཁོར་བྱེད་ཀྱི་རྒྱུ་མང་པོ་ཞིག་བསམ་བློ་བཏང་ནས་གཙུག་ལག་ཁང་དུ་ཁྱིམ་པའི་འདུ་ཤེས་དེ་མ་འདོར་བ་བྱས་ནས་བཞུགས་བསྡད་ན། སངས་རྒྱས་ཀྱི་བསྟན་པའི་རྒྱུད་ལའང་དེས་གནོད་ཀྱི་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་གནས་དགོས་པ་ཡིན་ན་ཐུགས་སྨོན་སྐྱབས་འཇུག་ཟེར་ནས་དགེ་བསྐོས་དང་། ཆབ་རིལ་གྱིས་འབོད་བསྡད་པ་མ་ཡིན་པ། ཕྱག་ལས་དངོས་སུ་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག་བསམ་གྱི་ཡོད།
དེ་དག་ནི་ང་རང་གིས་སེམས་ནང་དུ་བསམ་ཚུལ་ཞིག་འདུག་པ་དེ་དག་རྣམ་པ་ཚོར་ཞུ་བཞིན་ཡོད། མི་མང་པོ་ཞིག་ལ་ཕོག་ཐུག་འགྲོ་རྒྱུ་རེད་དེ་ཕུག་ཐུག་སོང་ནའང་ང་ལ་ཆུང་རུ་འགྲོ་རྒྱུ། ཆེ་རུ་འགྲོ་རྒྱུ་གང་ཡང་ཡོད་མ་རེད། སྟེང་ན་གཤོག་དྲུག་རྒྱས་འགྲོ་རྒྱུ་ཞིག་དང་། བརྡབ་ན་སྒོང་ང་ཆག་འགྲོ་རྒྱུ་གང་ཡང་མེད་པ་རེད།
གལ་གནད་ཆེ་ཤོས་ནི་སངས་རྒྱས་ཀྱི་བསྟན་པ་རྒྱས་དགོས་པ་དང་། ཡུན་རིང་གནས་དགོས་ཀྱི་ཡོད་ན། བསྒྱུར་བཅོས་ངེས་པར་གཏོང་དགོས་པ་ཞིག་རེད། ད་ནི་དགོན་པའི་འབྲེལ་ཡོད་ཚོས་དགོངས་པ་བཞེས་དགོས་པའི་དུས་སྐབས་ཤིག་ཤར་འདུག་དྲན་བསྡད་ཀྱི་ཡོད། ངས་བསམ་ཚུལ་བཤད་པ་དེ་དག་ལ་འགའ་ཤས་བློ་ལ་འབབ་པོ་ཡོད་རྒྱུ་མ་རེད། བོད་ཀྱི་གཏམ་དཔེ་ལས་ཤ་ཚའི་གཏམ་ལ་སྙན་པོ་མེད་ཟེར་བ་ལྟར་རེད་ལ། བློ་གཟུ་བོར་ཞིབ་འཇུག་ཅིག་གནང་བ་ཡིན་ན་སྐད་ཆ་དེ་དག་བདེན་གཏམ་ཞིག་དང་། དགའ་མིན་དགའ་སྡུག་གི་སྐད་ཆ་ཞིག་གཏན་ནས་རེད་མི་འདུག་སྙམ་པའི་བསམ་བློ་འཁོར་གྱི་རེད་སྙམ། སངས་རྒྱས་བསྟན་པ་ལ་འགན་འཁུར་བའི་ཐོག་ནས་བཤད་ཀྱི་ཡོད། གལ་སྲིད་ཕན་ཐོགས་པའི་ཚིག་རེ་བཟུང་མཆིས་ཚེ་མཆོད་པའི་གནས་དང་། ཕན་ཐོགས་མི་ཐོགས་པའི་སྐད་ཆ་ཞིག་ཏུ་ཚོར་གྱི་འདུག་ན་བདག་པོ་མ་བརྒྱབ་ནའང་འགྲིགས་ཀྱི་རེད་སྙམ།
ལྷག་དོན་ཕ་རོལ་གྱི་མི་དང་མི་མ་ཡིན་ལ་གནོད་པ་འགྲོ་རྒྱུ་ཡོད་རྒྱུ་རེད། དེ་ལ་ཐབས་ཤེས་མེད་པ་སོང་ཙམ་ཉོན་མོངས་དུག་གསུམ་འཁོར་བ་འཁོར་བྱེད་ཀྱི་རྒྱུ་ཡིན་པ་དེ་སངས་རྒྱས་བཅོམ་འདས་ལྡན་གྱིས་གསུང་མཛད་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངས་བཤད་པས་སྐད་ཆ་འདི་དག་མི་འགའ་ཤས་ཀྱི་བློ་ལ་འཐད་པོ་འོང་མདོག་ཁག་པོ་མ་རེད་ལ། ཡང་འགའ་ཤས་ཀྱིས་བློ་ལ་འཐད་པོ་ཡོང་སྲིད་པ་ཞིག་ཀྱང་རེད། ཡིན་ནའང་བློ་མ་འཐད་པ་དེ་དག་ལ་བྱ་རྒྱུ་གང་ཡང་ཡོད་མ་རེད། ངས་སངས་རྒྱས་བསྟན་པའི་དོན་དུ་བཤད་ཀྱི་ཡོད་མ་གཏོགས་སོ་སོ་ཁ་ཕོར་པའི་དོན་དུ་བཤད་ཀྱི་མེད།
གལ་སྲིད་ངས་བཤད་པའི་སྐད་ཆ་དེ་དག་གོ་བ་དང་། འགའ་ཤས་ང་ལ་ཁོང་ཁྲོ་ཡང་ལངས་སྲིད་ཀྱི་རེད། ཁོང་ཁྲོ་ལངས་ནའང་བྱ་རྒྱུ་གང་ཡང་ཡོད་མ་རེད། ཁྱོད་རང་གི་ང་བསོད་རྒྱུ་རེད། བསད་ན་འཆི་རྒྱུ་རེད། འཆི་ན་འཆི་མི་ཆོག་ཟེར་ས་ཞིག་ཡོད་པ་མ་རེད། མི་རྒས་པོ་སྐྲག་དགོས་པ་དང་། འཇིག་དགོས་པ་གང་ཡང་མེད་པ་རེད། འཇིག་རྟེན་གྱི་ཁམས་འདིར་སྐྱེ་ཚར་བའི་རྗེས་སུ་སྔ་ཕྱི་མ་གཏོགས་འཆི་རྒྱུ་རེད་ལ། མི་འཆི་བསྡད་ས་ཞིག་ཡོད་པ་མ་རེད་དོ།།