༸ གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ལ་ཕུལ།
བསྟན་འཛིན་ཤེས་རབ།
དམངས་སེམས་དྭངས་མའི་ཞེ་ཕུགས་ཁྱེད་ལ་གཏོད། །
ཆེ་རྒུའི་གཙུག་གི་གདེངས་ཀས་ཁྱེད་ལ་དུད། །
འཇིག་རྟེན་རིལ་བོས་ཁྱེད་ཀྱི་རྐང་རྗེས་སྙེག །
འགྲོ་བའི་འདྲེན་པ་བསྟན་འཛིན་རྒྱ་མཚོའི་སྡེ། །
ཁྱེད་ཉིད་འཁྲུངས་པས་གོ་ལར་གསོན་ཤུགས་རྒྱས། །
ཁྱེད་ཉིད་ཡོད་པས་གོ་ལའི་ཞེ་རྩ་དྲོ། །
ཁྱེད་ཀྱི་བྱམས་བརྩེས་གོ་ལའི་ཚེ་སྲོག་བརྐྱངས། །
སྲིད་པའི་མགོན་པོ་བསྟན་འཛིན་རྒྱ་མཚོའི་སྡེ། །
ཆོས་ལུགས་གྲུབ་མཐའི་འགལ་བའི་དམུ་ཐག་བཅད། །
སྲོལ་དང་ཆོ་གའི་ཁྲག་རྩ་སྙོམས་པོར་བསྒྲིགས། །
ཤར་ལྷོ་ནུབ་བྱང་སེམས་རྩ་གཅིག་ཏུ་སྦྲེལ། །
མི་ཡི་ཁྱུ་མཆོག་བསྟན་འཛིན་རྒྱ་མཚོའི་སྡེ། །
དབུགས་ཐོགས་སེམས་ཅན་ཚོགས་ལ་འཚོ་ལམ་བསྩལ། །
ས་གཞི་རིལ་བོའི་ལུས་ལ་རྒྱབ་གནོན་བྱས། །
ཕྲ་རགས་འབྱུང་བའི་ཁམས་ལ་སྙོམས་སྒྲིག་མཛད། །
འཇིག་རྟེན་མགོན་པོ་བསྟན་འཛིན་རྒྱ་མཚོའི་སྡེ། །
ཁྱེད་ཀྱི་འཁྲུངས་སྐར་གོ་ལའི་འཛུམ་མདངས་ཡིན། །
ཁྱེད་ཀྱི་སྐུ་ཚེ་གོ་ལའི་ཚེ་སྲོག་ཡིན། །
ཁྱེད་ཀྱི་བཞད་སྒྲ་གོ་ལའི་རྨི་ལམ་ཡིན། །
མདོར་ན་ཁྱེད་ཉིད་གོ་ལའི་ཡོད་ཚད་ཡིན། །
ངོ་མ་རྩོམ་ཡག་པོ་འདུག ཡང་དང་ཡང་དུ་རྩོམ་དེ་འདྲ་མཇལ་ཐུབ་པའི་སྨོན་ལམ་འདེབས།