སྨན་པ་བསྟན་འཛིན་གྲགས་པ།
རང་གཞན་མི་རིགས་ཐམས་ཅད་ནད་ཡམས་འདི་ལས་མྱུར་དུ་གྲོལ་ནས་ལུས་བདེ་བག་ཕེབས་ཡོང་ཕྱིར། རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་དང་། འབྲེལ་ཆགས་རྒྱལ་ཁབ་དང་། ཆེད་ལས་ཚན་རིག་པ་དང་། སྨན་པ་རྣམས་ཀྱི་ལམ་སྟོན་ཇི་ཕེབས་བརྩི་སྲུང་ཐོག་ནད་ཡམས་འདི་རྒྱུན་མ་ཆད་ཀྱི་བར་དུ་འདུ་འཛི་དང་སྤྲོ་སྐྱིད་གཏོང་བ་སོགས་སྐབས་ཤིག་རིང་སྤངས་ནས་རང་རང་སོ་སོའི་ཤག་གམ་ཁྱིམ་དུ་ལུས་བདེ་བག་ཕེབས་ངང་གནས་ནས་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་ན་འབད་ན་འདི་བདེ་ཕྱི་བདེ་ཡོང་ངེས། གཞན་ཡང་ཏོག་དབྱིབས་གཉན་རིམས་ཀྱི་ནད་ལ་ཕན་པའི་སྨན་འཕྲུལ་ཐང་ངམ་ནོར་བུ་བདུན་ཐང་གང་རུང་དང་། རྟ་བཟི་དམར་པོའམ་སྤང་རྩི་བཅུ་གཉིས་གང་རུང་དང་། གུར་ཁྱུང་དང་གཙོ་བོ་ཉེར་ལྔ་རྣམས་ཆུ་མ་ཡོང་གོང་ནས་རགས་ཞེས་པ་ལྟར་ནམ་དགོས་ཆ་མི་འཚལ་བས་ཉར་ཚགས་གནང་དགོས། གང་ཡིན་ཞེ་ན། རང་རེའི་མི་འབོར་ཆུང་བ་དང། དམ་པའི་ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་ན་ལུས་འདི་གཅེས་སྤྲས་བྱ་དགོས། ཆང་རག་ནི་ཉེས་པ་ཀུན་གྱི་རྩ་བར་གསུངས་པས་སྤོངས་ལ། ཡི་དམ་ལྷ་ཡི་སྲུང་འཁོར་དང་། རིམས་སྲུང་རིལ་བུ་སྐེ་ལ་བཏགས་ནས་དྲི་སྣོམ་པ་དང་། ལོ་གྱོན་མའི་གཟུངས་སྔགས་བཟླ་བ། བྱམས་སྙིང་རྗེ་དང་སྟོང་ཉིད་སྒོམ་པ་སོགས་རྫས་སྔགས་ཏིང་ངེ་འཛིན་གསུམ་གྱི་ནུས་པ་གཅིག་ཏུ་འདྲིལ་ན་ཕན་ཐོགས་འབྱུང་ངེས་པ་ཡིན། གཞན་ཡང་། ལྟོ་སྟོང་དང་སེམས་ཞུམ་པའི་དུས་སུ་ནད་ཀྱི་དྲི་དང་རླངས་པ་སོགས་ལས་སྲུང་ཕྱིར། ཁ་ཟས་འགྲངས་པ་དང་ངོམས་པར་ཟོས་ནས་སྲུང་བས་རང་གི་ལུས་དང་སེམས་ལ་དཔའ་དང་གདེངས་བསྐྱེད་པར་བྱའོ། ཕྱི་ལོ་༢༠༢༠ཟླ་༡༠ཚེས་༡༧ཉིན་ནིའུ་ཡོག་གནས་སྡོད་ལྷོ་བྲག་ལྷ་ཁང་བ་སྨན་པ་བསྟན་འཛིན་གྲགས་པས་འགའ་ཞིག་ལ་ཕན་རེའི་བསམ་པས་ཕུལ། །སརྦ་མངྒ་ལཾ།
ཟུར་མཆན། གུས་པས་༢༠༢༠ཟླ་༤ཚེས་༢ཉིན་ཁ་བརྡར་སྤེལ་བ་”མྱུར་དུ་ནད་ཡམས་འདི་ལས་ཐར་གྱུར་ཅིག” །ཅེས་པ་འབྲིང་པོ་དང་། ༢༠༢༠ཟླ་༨ཚེས་༡༧ཉིན་སྤེལ་བ་”ཏོག་དབྱིབས་གཉན་རིམས་སྐོར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་བཞུགས་སོ།” ཞེས་པ་རྒྱས་པ་གཉིས་ལ་ཡང་ཁོམ་ན་ཐུགས་ཞིབ་གནང་འོས།
དུས་མ་ཡིན་པའི་འཆི་བ་འཇོམས་བྱེད་ཚེ་དཔག་མེད་ལ་གསོལ་བ་འདེབས། །
ཏོག་དབྱིབས་ནད་ཡམས་འཇོམས་བྱེད་སྨན་བླའི་རྒྱལ་པོའི་གཟུངས་སྔགས་གང་མང་དྲོངས། །
ཆང་རག་སྤྱོད་སའི་འདུ་འཛིའི་མངས་འཛོམས་སྤྲོ་སྐྱིད་གཏོང་སར་མ་འགྲོ་བར། །
རང་ཤག་བསྡད་ནས་སྟོང་ཉིད་སྙིང་རྗེའི་ལམ་སོགས་བསྒོམས་ནས་འཕྲོད་བསྟེན་གྱིས། །
དུས་མིན་འཆི་བ་འཇོམས་ལ་ཚེ་དབང་བརྒྱ་ཚར་ཟབ་།
དུས་མིན་འཆི་བ་འཇོམས་ལ་ཚེ་གཟུངས་གང་མང་ཟབ་།
ཏོག་དབྱིབས་ནད་ཡམས་འཇོམས་ལ་བོད་སྨན་ཁོ་ནར་ཟབ་།
སྨན་གྱིས་ནུས་པ་གཏེར་ལ་སྨན་གཟུངས་གང་མང་ཟབ་།
དུས་མིན་ནད་ཡམས་འཇོམས་ལ་ལྷ་མོ་ལོ་རྒྱུན་གཟུངས་ལ་ཟབ་།
རྐྱེན་ངན་བར་ཆད་སེལ་ལ་སྒྲོལ་གཟུངས་ཏ་རེ་མ་ཟབ་།
དུས་མི་འཆི་ལ་འཇིགས་གྱུར་ན། །
ཚེ་དཔག་མེད་ལ་གསོལ་བ་འདེབས། །
ལུས་ནད་སེམས་ནད་འཇིགས་གྱུར་ན། །
སྨན་གྱི་ལྷ་ལ་གསོལ་བ་འདེབས། །
ནད་ཡམས་འགོ་ནད་འཇིགས་གྱུར་ན། །
ལོ་གྱོན་མ་ལ་གསོལ་བ་འདེབས། །
ལུས་སེམས་ཀུན་ཏུ་བདེ་འདོད་ན། །
སྒྲོལ་མ་ཡུམ་ལ་གསོལ་བ་འདེབས། །
སེམས་ཅན་སྒྱུ་ལུས་འཇིག་པའི་ནད་འབྱུང་ཚེ། མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན། ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས། ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ། ཨོ་རྒྱན་པད་མ་འབྱུང་གནས་ལ་གསོལ་བ་འདེབས། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།