ནགས་ཤོད་ཅོང་བརྡ།
གཅིག༽
གསར་འབྱོར་བ་ཞིག་ལ་མཚོན་ན་ངེས་ཆ་དང་ལྡན་པ་ཞིག་ལ། བལ་ཡུལ་སྣེ་ལེན་ཁང་ནས་ཆོལ་ཁོངས་གང་རུང་ཞིག་གི་ནང་ལ་བདའ་ཡོང་བ་ལས། དེའི་གོང་དུ་སོ་སོ་ཆོལ་ཁ་གང་ནས་ཡིན་ཕལ་ཆེ་བས་མི་ཤེས། ང་ཡང་དེ་བཞིན་སྐབས་དེ་འདྲ་ཞིག་ནས་ཆོལ་ཁོངས་ཤིག་ལ་བཅུག་བྱུང་བ་ལས། ངས་རང་ཉིད་ཆོལ་ཁ་གང་ནས་ཡིན་ཤེས་མེད། ལྷག་ཏུ་ཆོལ་ཁ་ཞེས་པ་ཕྱོགས་ཁག་ཅིག་ལ་གོ་དགོས་པ་རྩ་བ་ནས་ཤེས་མེད། གང་ལྟར་ཡང་ཉེ་བའི་ལོ་ཤེས་ཀྱི་ནང་དུ་ཆོལ་ཁ་ཞེས་པ་ཕྱོགས་ཁག་ཅིག་ལ་གཏོགས་ཤིང་། ཕྱི་ལ་མ་བརྩད་ནང་དུ་བརྩད་པ་དང་། རྩ་དོན་མ་བརྩད་སྒེར་དོན་བརྩད། འགན་ཁྲི་མ་བརྩད་གོ་ས་བརྩད་དྲགས་པས། ད་ནི་མི་བསམ་ཡོད་ཚོས་”བླ་མ་དཀོན་མཆོག་མཁྱེན་སྲིད་སྤྱི་གཉིས་ཀ་ཆོལ་ནད་མ་འགོས་པ་ཞིག་གང་དྲག་”ཅེས་མ་ཎི་བཞིན་བཟློ་བ་དང་། ཆོལ་ནད་ཅུང་ཟད་ན་མྱོང་བའི་ཉམས་མྱོང་ཅན་མང་པོས་ཀྱང་”ད་ནི་ཆོལ་ནད་མེད་པའི་སྤྱི་མི་ཞིག་བླ་མ་དཀོན་མཆོག་མཁྱེན་”ཞེས་རྟ་ཁ་གཡང་ས་ནས་དཀྱུ་བཞིན་པ། སྤྱི་སེམས་ཅན་གྱི་ན་གཞོན་མང་པོས་”ཆོལ་ནད་མེད་པའི་བཀའ་སྤྱི་ཞིག་མ་བྱུང་ན་ང་ཚོ་ལ་རེ་བ་མི་འདུག་”ཅེས་སྨྲེ་ངག་འདོན་བ་དང་། ལྷག་བསམ་ཅན་གྱི་རྒན་རབས་མང་པོ་ཆོལ་ཁ་ཞེས་པར་ཞེན་པ་གཏིང་ནས་ལོག་ཟིན་པའི་སྐབས་འདིར་ངས་བསམ་བློ་བཞི་གསུམ་ཅུ་གཉིས་གཏོང་སྟེ། ཆོལ་ཁ་གང་ནས་ཡིན་མི་ཤེས་པའི་མི་གཉིས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན།
དེ་ནི་སྲིད་སྐྱོང་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུས་དང་སྤྱི་འཐུས་འོས་མི་ཤེལ་དགེ་འདུན་ཚེ་རིང་གཉིས་ཡིན། འདིར་གོ་བདེ་བའི་ཆེད་དུ་བྱུང་བ་དངོས་དང་སྦྱར་ཏེ་ཅུང་ཟད་སྤྲོས་ན། ངས་བཀྲ་ཤིས་དབང་འདུས་ལགས་སྲིད་སྐྱོང་དུ་འོས་ཚུལ་རྩོམ་ཐུང་ཞིག་ངོ་དེབ་རྒྱུད་དེ་སྤེལ་བ་དང་། ཅུང་མ་འགོར་བར་བུ་མོ་ཞིག་གིས་གཟུགས་མཐོང་ཁ་པར་འབྱོར་བྱུང་།མོས་བཤད་རྒྱུར་”ཁྱོད་ཀྱིས་བཀྲ་ཤིས་དབང་འདུས་ཟེར་བའི་དབུས་པ་དེ་ལ་རྒྱབ་སྐྱོར་བྱ་དོན་ཅི་ཡིན། ང་ཚོ་ལ་སྐལ་རྡོར་མི་འདུག་གམ་”ཟེར། ཡང་མི་ཞིག་གིས་སྐད་འཕྲིད་རྒྱུད་ནས་”བཀྲ་ཤིས་དབང་འདུས་ཟེར་བ་དེ་ཆོལ་ཁ་གང་ནས་རེད་”ཅེས་དྲིས་བྱུང་། དེའི་ཉིན་ཤས་ཀྱི་རྗེས་སུ་བུ་མོ་དེས་བསྐྱར་དུ་ཁ་པར་གཏོང་ཡོང་སྟེ། “ངས་ཆོལ་ཁ་གསུམ་གྱི་མི་ལ་སྐད་ཆ་དྲིས་པ་ཡིན་ཁོ་ཆོལ་ཁ་གང་ནས་ཡིན་ཤེས་མཁན་མི་འདུག་”ཟེར། ཡང་གྲོགས་པོ་ཞིག་གིས་སྐད་འཕྲིན་རྒྱུད་དེ་”ཁྱོད་ཀྱིས་རྒྱབ་སྐྱོར་བྱེད་སའི་བཀྲ་ཤིས་དབང་འདུས་ཟེར་བའི་ཨ་མདོ་དེ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་མཁན་རེད་དང་མ་རེད་ང་ལ་གཅིག་བཤོད་རོགས། སྤེན་པ་ཚེ་རིང་གི་ཕྱོགས་གཏོགས་མིན་ན་ངས་ཀྱང་རྒྱབ་སྐྱོར་བྱ་རྒྱུ་ཡིན། མི་དེས་གཏམ་བཤད་ཡག་པོ་བྱེད་ཀྱིན་འདུག་”ཟེར།
གོང་གི་དེ་དང་ཆ་འདྲ་བ་ཞིག་ལ་ཨོ་གླིང་ན་ཡོད་པའི་ངོ་ཤེས་ཤིག་གིས་ཁ་པར་གཏོང་ཡོང་ཞིང་། “ཁོ་རེ་འདྲེ་གླེན་པ་(ཁོང་གི་མིང་གཞན་ཞིག) ཟེར་བའི་ཁྱོད་ཀྱི་ཕ་ཡུལ་གཅིག་པ་དེ་ལྷོ་ཤར་ཨེ་ཤི་ཡའི་སྤྱི་འཐུས་ལངས་འདུག་གདའ་”ཟེར། ཡང་ང་དང་ཧ་ཅང་བཟང་ས་ཡིན་པའི་གྲོགས་པོ་ཞིག་གིས་ཁ་པར་གཏོང་ཡོང་ཞིང་”འདྲེ་གླེན་པ་ཟེར་བའི་རྩོམ་པ་པོ་དེ་ཆོལ་ཁ་གང་ནས་རེད་”ཟེར། ཡང་རྒས་པོ་ཞིག་གིས་སྐད་འཕྲིན་རྒྱུད་དེ་”ཤེལ་དགེ་ཟེར་བའི་ལྷ་ས་བ་དེ་ཁྱོད་ཀྱིས་ངོ་ཡག་པོ་ཤེས་ཀྱིན་ཡོད་དམ་”ཟེར། (ཡིན་ནའང་ངས་ཁོང་རྣམས་གཉིས་ལ་རྒྱབ་སྐྱོར་བྱ་དོན་སྐད་ཆ་འདི་ཚོར་གཅིག་པུར་རྟེན་ནས་ཡོང་བ་མི་པར། ངས་སྔར་ནས་ཁོང་རྣམས་གཉིས་ཀྱི་སྤྱི་སེམས་དང་ལ་རྒྱ། ལྷག་བསམ་དང་སྙིང་སྟོབས། འགན་འཁྲིའི་འདུ་ཤེས་དང་རྒྱལ་ཞེན་ཟབ་མོ་སོགས་ཤེས་ཀྱིན་ཡོད་པས་ཡིན།) སྐད་ཆ་འདི་ཚོར་ཉན་ཡོང་ན། ངའི་འོས་མི་གཉིས་པོ་འདི་ཆོལ་ནད་ཚབས་ཆེ་བའི་བཙན་བྱོལ་གྱི་སྤྱི་ཚོགས་ནས་ཆོལ་ནད་གཏན་ནས་འགོས་མ་མྱོང་བའི་མི་གཉིས་ཡིན་པ་བློ་དང་ལྡན་པ་རྣམས་ཀྱིས་ལོས་ཤེས།
བཙན་བྱོལ་གྱི་སྤྱི་ཚོགས་སུ་ཆོལ་ཁ་གང་ནས་ཡིན་མི་ཤེས་བའི་མི་མང་པོ་མེད། ང་ཚོས་མཛུབ་མོའི་སྒང་ལ་གཅིག་བརྩིས་ན་ཨ་མྱེ་རྨ་ཆེ་བཀྲ་ཤིས་ཚེ་རིང་ཆོལ་ཁ་གང་ནས་ཡིན་ནམ། སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ཆོལ་ཁ་གང་ནས་ཡིན་ནམ། འཐབ་རྩོད་པ་རྒན་འཇམ་དབྱངས་ནོར་བུ་ཆོལ་ཁ་གང་ནས་ཡིན་ནམ། ཁོ་ཚོའི་འགྲམ་དུ་ཡོད་པའི་མི་རེ་གཉིས་ཀྱིས་མ་གཏོགས་ཁོ་ཚོ་ཆོལ་ཁ་གང་ནས་ཡིན་མི་ཤེས། དེའི་རྒྱུ་མཚན་ནི་ཁོ་ཚོའི་སེམས་ཀྱི་བུ་ཆུང་ཆོལ་ཁ་ཞེས་པའི་རྭ་སྐོར་ཞིག་གི་ནང་དུ་ཚུད་མེད་པས་རེད། ཁོ་ཚོའི་ཡེ་ཤེས་ཀྱི་མེ་སྟག་ལ་ལུང་ཆུང་ཆུང་དེ་ཚོ་ལས་རྒལ་ཟིན་པས་རེད།
སྤྱིར་ཆོལ་ནད་ཞེས་པ་འདི་ཐག་ཉེ་རིང་དང་གཙང་གྲ་ཡོད་མེད། ཁ་ཁེབ་གོན་མིན་གྱི་ཁྱད་པར་མེད། སྐད་འཕྲིན་དང་ངོ་དེབ་སོགས་དྲྭ་བ་ནས་དྲྭ་བ་རྒྱུད་དེ་འགོ་སྲིད་པ་དང་། ནང་མི་དང་གྲོགས་པོ། བཟའ་ཟླ་དང་བུ་ཕྲུག། ཕ་མ་དང་ཉེ་འབྲེལ། གོ་ས་དང་དད་པ། སློབ་གསོ་དང་འཚོ་སྟབས་སོགས་སྣ་ཚོགས་ནས་འགོ་ངེས་ན། འདམ་ནས་སྐྱེས་ཀྱང་འདམ་གྱི་དྲི་ཙམ་མ་འགོས་པའི་ངའི་འོས་མི་གཉིས་པོ་འདི་ལ་ནད་དུག་དེ་མི་འགོ་བའི་རྒྱལ་ཞེན་གྱི་སྲུང་ཤུབས་དང་། སྤྱི་སེམས་ཀྱི་ཁ་ཁེབ། བློ་དཀར་གཞུང་དྲང་གི་འགོག་སྨན་ཅི་ཞིག་ཡོད་དམ། ང་ཚོས་ཁོང་གཉིས་ལ་སློབ་སྦྱོང་ཅུང་ཟད་བྱ་ཐུབ་ན་ཅི་མ་རུང་།
གཉིས།༽
ང་ཚོ་མཐོ་དམའ་བར་གསུམ་དང་། རྒན་མ་གཞོན་གསུམ། སྐྱ་མ་སེར་གསུམ་གྱིས་འདས་པའི་ཉམས་མྱོང་གཞི་ལ་བཞག་ནས། ད་ནི་ང་ཚོར་བཀའ་སྤྱི་གཉིས་ཀ་ན་གཞོན་ཞིག་དགོས་ཀྱི་འདུག་ཅེས་ས་བསྒྲགས་གནམ་བསྒྲགས་བྱ་བཞིན་པ་དང་གཅིག།
ལྷག་པར་དུ་རྒན་རབས་ཤི་གསོན་མང་པོས་རེ་བའི་མིག་ཟུང་ཧྲིག་ཧྲིག་ཏུ་བལྟ་བཞིན་ཁོ་ཚོས་སྒྲུག་མ་ཐུབ་པའི་བྱ་བ་རླབས་ཆེན་དེ། མི་རིགས་ཀྱི་ལར་ཞེན་འགང་ཆེན་དེ། རང་དབང་གི་འཐབ་རྩོད་རྩ་ཆེན་དེ་ན་གཞོན་རྣམས་ཀྱི་ལག་ཏུ་འཇོག་དགོས་ཀྱི་འདུག་གསུངས་དང་གསུང་མུས་ཡིན་པ་དང་གཉིས།
མི་རབས་རྒན་པ་འཐབ་རྩོད་ལ་སེམས་ཤུགས་ཅན། དེའི་ཉམས་མྱོང་ཅན། དེའི་སྙིང་སྟོབས་ཅན། དེའི་བློ་ཁོག་ཅན་རྣམས་རེ་རེ་བཞིན་དུས་ཚོད་ཀྱི་ཐག་སྒྲའི་བར་ནས་ཕྱི་མའི་འཕྲང་ལམ་དུ་བཞུད་དང་བཞུད་བཞིན་པ་མ་ཟད། ད་ནི་རེ་ཟུང་ལས་ལྷག་མེད་པའི་སྐབས་འདིར། རྒན་རབས་རྣམས་ཀྱིས་དགྲ་རྒོལ་གཉེན་སྐྱོང་གི་ལྡེ་མིག་དེ་ཉིད། མི་རབས་གསར་པའི་ལག་ཏུ་འཇོག་དགོས་པའི་དུས་ལ་ཏག་ཏག་སླེབས་ཡོད་སྐོར་བློ་རིག་པ་ཅན་གྱི་སློབ་མ་མང་པོས་ཞུ་བཞིན་པ་དང་། ཐབས་ཤེས་རབ་ཅན་གྱི་རྒན་པ་མང་པོས་གྲོས་བཞིན་པ། སེམས་ལ་རྒྱ་ཅན་གྱི་སྟག་ཤར་མང་པོས་བཤད་བཞིན་པ། མཛངས་རྒྱུ་དག་ཅན་གྱི་སྨན་ཤར་མང་པོས་ལབ་བཞིན་པ་མ་ཟད། ཁྲི་ཐོག་གི་མི་ཆེན་དཔོན་ཆེན་མང་པོས་ཀྱང་ཤི་བོའི་རྣམ་ཤེས་སྲུང་མཁན་དང་གསོན་པོའི་མགོ་རྣ་འཚོ་མཁན་གྱི་ན་གཞོན་མང་པོ་སྐྱེད་སྲིང་བྱ་དགོས་སྐོར་གསུང་བཞིན་འདུག་པ་དང་གསུམ། ལྷག་པར་དུ་ཤེས་ཡོན་ཅན་གྱི་མཁས་པ་མང་པོས་འཐབ་རྩོད་ཀྱི་བདག་པོ་ན་གཞོན་རྣམས་ཡིན་འོས་པ་དང་ཡིན་དགོས་པ། དེ་ལྟར་བྱུང་ན་ཤི་བོའི་བརླ་བདེ་བ་དང་གསོན་པོའི་སེམས་བདེ་བ་འདུག་གསུངས་དང་གསུང་མུས་ཡིན་པ་དང་བཞི། ཕུགས་བསམ་དང་ཁོག་རྒྱ་ཅན་གྱི་སྤྱི་མི་མང་པོས་ན་གཞོན་གྱིས་འགོ་འཁྲིད་མང་པོ་བྱུང་ན། དགྲ་བོའི་སྙིང་ལ་ལྕགས་ཀྱི་ཁྲོ་བོ་བརྡབ་པ་ལྟར་བཟོད་རླག་བྲལ་བའི་ན་ཟུག་སྟེར་གྱི་རེད། ཅེས་གསུང་བཞིན་པ་སོགས་གང་ལ་བལྟས་ཀྱང་། ང་ཚོས་གོ་སྐབས་དམ་བཟུང་ངང་ན་གཞོན་གཉིས་པོ་འདིར་འོས་བླུགས་དགོས་པའི་དུས་ལ་ཏག་ཏག་ཁེལ་ཡོད། ང་ཚོས་ད་ལྟ་བར་ན་གཞོན་དང་ན་གཞོན་ཞེས་མིད་པ་འགག་འགག་སྐད་བརྒྱབ་པ་རེད། ད་ནི་ན་གཞོན་ཁྲ་གླག་སྤྱོང་གསུམ་འདྲ་བ་གཉིས་ང་ཚོའི་མདུན་དུ་དོན་ཡོང་དུས། ང་ཚོས་སྒེར་འཁོན་ཞིག་གི་ཆེད་དུ་ཁ་ལག་རྒྱབ་འགལ་གྱི་ལས་ཀ་བྱས་མ་བྱས་མི་འདུག་བསམ་ཡོད། དེ་ལས་ནམ་མཁའ་གཡག་དྭགས་དང་ས་གཞི་རྡུལ་དྭགས་བྱ་ཞིང་། ན་གཞོན་འདི་ཚོར་འོས་བླུགས་དང་བོད་མི་རིགས་ཀྱི་ཀ་ལེ་ས་ལ་ཐུག་མེད་པའི་རྟགས་ཤིག་ཡིན།
ཡང་མི་དམངས་ཀྱི་ཁ་ཕྱོགས་འདི་འདྲ་ཞིག་ལ་འཁོར་ཡོད་པ་ཆབ་སྲིད་པ་ཚོས་སྔར་ནས་ཤེས་ཏེ། ང་ན་གཞོན་ཡིན། ཁོ་ན་གཞོན་ཡིན་ཞེས་བསྒྲགས་བཞིན་འདུག་མོད། ངས་སྲིད་སྐྱོང་འོས་མི་རྣམས་དང་། ཨོ་གླིང་དང་ལྷོ་ཤར་ཨེ་ཤ་ཡའི་ཕྱོགས་ཀྱི་སྤྱི་འཐུས་འོས་མི་རྣམས་ཀྱི་མགོའི་རྭ་ཚིགས་དང་སོའི་གྲངས་ཀ་ལ་ཅུང་ཟད་བརྟག་པ་ཡིན། ཁོ་ཚོའི་རུས་སྒྲུམ་གྱི་གུག་དང་། ཁ་ངོའི་མདངས། སྐྲ་ལོའི་མདོག། པགས་པའི་ལྷུག། རྒྱུད་པའི་གྲིམ་ལྷོད་དང་། གོམས་པའི་སྟང་སྟབས་སོགས་གང་ལ་བལྟས་ཀྱང་ན་གཞོན་ཡིན་མིན་ལོང་བས་བལྟས་ཀྱང་མཐོང་ཐུབ་པའི་ཚོད་དུ་འདུག་ན། ན་ཚོད་དར་ལ་བབས། རིག་པའི་སྟོགས་རྒྱས། ལྷག་བསམ་གྱི་མདང་དཀར། སྙིང་སྟོབས་ཀྱི་རྫོང་སྟུག་པའི་དོན་དངོས་ཀྱི་ན་གཞོན་གཉིས་པོ་འདི་ལ་འོས་མ་བླུག་ན་སུ་ཞིག་ལ་བླུག་འོས་སམ།
མཆན་བུ། (ང་ད་ལྟའི་གནས་ཡུལ་ཨོ་གླིང་ཡིན་པས་ཨོ་གླིང་གི་སྤྱི་འཐུས་མ་གཏོགས་འོས་བླུག་རྒྱུའི་གོ་སྐབས་མེད་པས་ས་ཕྱོགས་གཞན་པའི་སྤྱི་འཐུས་རྣམས་གླེང་གཞི་རུ་བཟུང་མེད།)
་་་་་་་་་་་་་་་་ ཆོལ་ཁ་གང་ནས་ཡིན་མི་ཤེས་པའི་མི་གཉིས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན།
དེ་ནི་སྲིད་སྐྱོང་འོས་མི་སྐུ་ངོ་བཀྲ་ཤིས་དབང་འདུས་དང་སྤྱི་འཐུས་འོས་མི་ཤེལ་དགེ་འདུན་ཚེ་རིང་གཉིས་ཡིན། ་་་་་་་་་་་་་་་་་
ངས་ཀྱང་ཁྱོད་ལུང་ཚན་གང་ནས་ཡིན་གཏན་ཁེལ་བ་ཞིག་མི་ཤེས་ཀྱང་། ཁྱོད་དང་ཁྱོད་ལྟ་བུའི་བསམ་བློ་བ་མང་ཙམ་ཡོད་ན་ཅི་མ་རུང་།
ཡ་ཡ་བདེན་པ་རེད། ང་ཡང་ཆོལ་ཁ་གང་ནས་ཡིན་མིན་ལ་ནམ་ཡང་བལྟ་གི་མེད།
བོད་གངས་ཅན་པ་ཡིན་ཕྱིན་ཆད་ལ་གུས་བརྕི་ཞུ་གི་ཡོད།
འདི་ནི་མགོན་པོའི་བཀའ་་དང་ནམ་ཡང་མི་བརྒལ།
ཕོ་མོ་ལ་དབྱེ་བ་མེད། རིགས་རུས་ལ་དབྱེ་བ་མེད། ཆོས་ལུགས་ལ་དབྱེ་བ་མེད།
དབྱེ་མེད་གསུམ་ལ་ཕྱག་འཚལ་ལོ།