གཉན་ཆེན།
རྒྱ་སྟག་དམར་པོ་ནགས་ནས་མཆོང་འདྲའི་གངས་རིའི་དཔའ་རྒོད་ངོ་མ་ཞིག །
དེ་རིང་གཤེགས་ཞེས་ཐན་སྐད་ནག་པོའི་གསར་འགྱུར་རྩུབ་མོ་རྣ་བར་ལྷུང་། །
ལོ་ངོ་བཞི་བཅུ་མ་ཟིན་ཙམ་ཞིག་ཉི་མ་མ་མཐོང་མུན་དོང་ནང་། །
མ་འཆི་སྔོན་ལ་དམྱལ་བ་མངོན་སུམ་མིག་གིས་མཐོང་བའི་དབུས་པ་ཁྱོད། །
གཤིན་རྗེ་འདྲ་བའི་དགྲ་བོའི་མདུན་ནས་སྡར་མའི་རང་ཚུགས་མ་འཆོར་བར། །
ལྕགས་དང་དབྱུག་པའི་བརྡུང་རྡེག་ཁྲོད་ན་བ་སྤུ་ཙམ་ཡང་གཡོ་བ་མེད། །
འཇམ་རྩུབ་སྟོང་གི་བཙོན་ལས་དག་ལ་མགོ་བོ་ནམ་ཡང་བསྒུར་མྱོང་མེད། །
ཁྱོད་ནི་དགྲ་བོའི་མིག་གི་ནང་ན་རྣོ་བའི་འཚེར་མ་རྩུབ་པོ་ཞིག །
ཁྱོད་ནི་གཉེན་གྱི་ཕུ་ནུའི་ནང་ན་གུས་བཀུར་འཐོབ་པའི་བཙོན་པ་ཞིག །
ཁྱོད་ནི་གངས་རིའི་དཔའ་རྒོད་དག་གི་ཡང་རྩེ་དཔའ་རྟགས་སྟོན་མཁན་ཡིན། །
ཁྱོད་ཀྱིས་མི་ཚེ་ཕྱེད་ཁ་ཞིག་ལ་བཙོན་ལས་སྣ་དགུ་མྱངས་པའི་ཐར། །
ཁྱོད་ནི་འཛམ་གླིང་ལོ་རྒྱུས་སྟེང་གི་སྲིད་དོན་བཙོན་པ་རིང་ཤོས་ཞིག །
ཁྱོད་ཀྱི་དམ་བཅའ་རྡོ་རྗེ་མདུད་པ་དམར་བོའི་གཞུང་གིས་གཏོར་ཐུབ་མེད། །
ཁྱོད་ཀྱི་སྐུ་ཚེ་རིང་བོའི་མཛད་པ་མཐའ་ལ་འཁྱོལ་བའི་ནུབ་རི་ཡིན། །
ཁྱོད་ཀྱི་ཕུགས་བསམ་གསེར་གྱི་གཤོག་པ་སྐྱ་རངས་དུས་ལ་ཤར་ངེས་ཡིན། །
ཁྱོད་ཀྱི་གསང་རྣམ་བོད་ཕྲུག་དག་གིས་ད་དུང་ཡིན་ཡང་ཚོར་གྱི་མེད། །
ཁྱོད་ཀྱི་ཕུང་བོ་རྡོ་རིང་ཞིག་གི་ཚབ་ཏུ་གངས་རིའི་སེམས་ན་ཡོད། །
ཁྱོད་ཀྱི་རྣམ་ཤེས་བདེ་བ་ཅན་ལ་ཕེབས་པའི་སྨོན་ལམ་སྙིང་ནས་འདེབས། །
ཁྱོད་ཀྱི་སྙིང་སྟོབས་སྟག་གི་རི་མོ་ང་ཚོའི་སེམས་ན་ལྷང་ངེར་གསལ། །
བདེ་བོར་ཕེབས་ཤིག་སྟག་སྣའི་བུ་རྒོད་ཁྱོད་ལ་ལན་བརྒྱར་གུས་པས་འདུད། །
ཁྱི་ཡི་རྔ་མས་ངོ་སོ་འཚོལ་བའི་ཁྱི་ཕྲུག་དག་དང་འདྲ་ལེ་མེད། །
ལྷ་སའི་གསང་ཡབ་བཙོན་ཁང་ནས་བཀྲེས་ལྟོགས་སྡུག་བསྔལ་མནར་བའི་དུས། །
པན་ཆེན་བླ་མར་དགག་པ་རྒྱོབས་ཞེས་ཏང་ཕྲུག་དག་གིས་བཙན་བསྐུལ་བཏང་། །
ཅི་ཙམ་བཙན་གྱིས་རྡོག་བརྫིས་བཏང་རུང་རང་ཚུགས་རི་བོ་འགུལ་མྱོང་མེད། །
ཆུ་འཁོལ་རྩམ་སྐྱའི་ལྟོ་བ་མི་འགྲངས་སྐུ་ལུས་མི་ལ་རས་པའི་གཟུགས། །
ལྟ་བ་ལང་ཕྱོགས་མི་དྲང་ཟེར་བཞིན་སྡིགས་དམོད་བརྙེས་བྱས་རྒྱུན་ཆད་མེད། །
བཙོན་མའི་འཚོ་བ་ངན་ངོན་སྟེང་ལ་ངལ་རྩོལ་ལས་ཀར་བཙན་གྱིས་དེད། །
འདི་ལྟར་མི་ལོ་སོ་བདུན་རིང་ལ་ཉེས་མེད་བཙན་གནོན་བཟོད་བསྲན་ཚུགས། །
གནའ་བོའི་སྐུ་དྲག་རུས་རྐང་ཅན་གྱི་སྐུ་སྲས་ཁྱོད་འདྲ་བོད་ལ་དཀོན། །
གདོང་ལ་མེ་མདའི་སོ་ཁ་བཙུགས་རུང་དགྲ་བོའི་ཕྱོགས་ལ་ལངས་མྱོང་། །
དམྱལ་བ་ལྟ་བུའི་མུན་དོང་ནང་ནས་ངུ་འབོད་ངོ་རྒོལ་ཡང་ཡང་བརྩམས། །
བཙོན་ཁང་ནང་ནས་ཐེངས་གཉིས་གློད་རུང་འཇིགས་པ་མེད་པར་སྐད་འབོད་བརྒྱབ། །
རིན་ཐང་ཅན་གྱི་མི་ལུས་དེ་ཡང་མི་རིགས་ཤིག་གི་ཆེད་དུ་བཏང་། །
རང་གི་ལས་དོན་ཕར་ལ་གཡུགས་ཏེ་གངས་རིའི་ལ་རྒྱ་སྙིང་ལ་བཅངས། །
དོན་གྱིས་ལ་རྒྱའི་དཔའ་རྟགས་ཡོད་ན་ཁྱོད་ལ་མི་འཐེན་སུ་ལ་འཐེན། །
ས་ཡ་དྲུག་ལ་ངོ་ཞིག་ཡོད་ན་མ་ཎི་ཚིག་གཅིག་འགྲངས་ངེས་ཡིན། །
སྐུ་ཚེ་མཇུག་ལ་སྐྱབས་བཅོལ་ལུང་བར་བག་ཕེབས་འཚོ་བས་ཚིམ་ཡོད་དམ། །
སྐུ་རྐྱང་མི་ཚེ་རིང་བོ་དེ་ལ་དཀའ་སྡུག་སྟོང་ལ་གདོང་ལན་མཛད། །
ལྷ་སྐུ་ནང་བཞིན་གྲག་འགུལ་མེད་པར་ཡ་གའི་ལྷ་བཞིན་མ་བཞུགས་པར། །
མར་གའི་དམྱལ་བའི་སྡུག་བསྔལ་མཐའ་དག་མྱངས་ནས་ཕྱི་མར་བདེ་བར་གཤེགས། །
༢༠༢༠/༡༠/༢༠ ཉིན།
གཉན་ཆེན་གྱིས་བྲེལ་སྟབས་བར་ནས་བྲིས། །
གཉན་ཆེན་ལགས་ནས་སྙན་རྩོམ་དཔེ་ཡག་པོ་བྲིས་གནང་བར་་་བཀྲིས་བདེ་ལེགས་ཡོད།
བོད་གངས་ཅན་དཔའ་བོ་དཔའ་མོ་རྣམས་། རྒྱ་ཆོས་མེད་དགྲ་བོས་བཙན་གནོན་གྱིས།
སྡུག་དམྱལ་བ་མི་ཡུལ་མྱངས་ན་ཡང། རྒྱ་དམར་པོར་མགོ་བོ་མ་སྒུར་བར།
སྐུ་མ་འདས་བར་གྱི་འཐབ་རྩོད་ལ། ངས་ཁྱེད་ཚོར་བརྗེད་མེད་གླུ་ཡིས་བསྟོད།
བོད་གངས་ཅན་ཡུལ་དུ་སླར་འཁྲུངས་བའི། སྐྱབས་མཆོག་གསུམ་གསོལ་འདེབས་རྒྱུན་དུ་ཞུ།