སྨན་པ་བྱང་ནག་པ་བནྡེ་ཚེ་རིང་གིས་སྦྱར།
ཉམས་མྱོང་མཛོད་ཀྱི་སྨན་པ་ལ།། སྒོ་གསུམ་གུས་པའི་མན་ངག་ཞུ།། སྤྱིར་ན་སྐྱིད་པའི་བོད་ཡུལ་འདི།། ས་མཐོ་རི་གཙང་ཡིན་ན་ཡང་།། གྲང་ལྷགས་འཁྱགས་གྲང་དུས་མིན་ལྡིང་།། ལྷག་པར་དགུན་གྱི་དུས་ཚིགས་ལ།། ས་ཁད་མཐོ་བའི་རོང་འབྲོག་ཡུལ།། གྲང་ལྷགས་ལྡིང་ཚེ་ཨ་ལ་ལ།། རུས་པའི་རྐང་ཡང་འདར་གསིག་གསིག། དེ་དུས་མི་རྣམས་དྲོད་སྲུང་ཆེད།། ཆང་དཀར་འཐུང་ནས་སྐྱིད་ཆོས་བྱེད།། འཐུང་ཚོད་མེད་པས་ར་རོར་གྱུར།། དེ་དུས་ཡན་ལག་ཉིང་ལག་ལ།། གྲང་ལྷགས་ཐེབས་པས་ཕྱིད་པ་ཡོད།། སྐྲངས་ཞིང་མདོག་ཀྱང་ཆུ་སྐྲངས་འདྲ།།འདི་འདྲའི་ཚུལ་ལ་ཚིག་མཛོད་ན།། འཁྱགས་སྦོས་ཟེར་བའི་ཐ་སྙད་སྤྱོད།། འདི་ལ་དཔེ་མཚོན་ནད་པ་ནི།། ན་ནིང་དགུན་གྱི་དུས་དཀྱིལ་ལ།། ཆུ་ཁོལ་སྡེ་བའི་ཆང་རྐྱལ་ཞིག། ཆང་གིས་བཟི་སྟེ་ཕྱི་ནས་ལུས།། རྐང་པའི་པུས་མོ་མན་ཆད་ལ།། གྲང་ལྷགས་ཐེབས་པས་ཕྱིད་པོར་གྱུར།། སྐྲངས་ཞིང་ཤ་ཡང་བེམ་བེམ་གྱུར།། ཉིན་མ་གཉིས་གསུམ་ནང་ཚུན་ལ།། མདོག་ཀྱང་སྨུག་ནག་ཅིག་ཏུ་གྱུར།། འདི་འདྲའི་ནད་པ་ཕྱིད་པོ་ཞིག། སྔོན་ཆད་མཐོང་མྱོང་མེད་པས་ན།། གསོ་བའི་ཐབས་ཀྱང་རི་བོང་རྭ།། དེའི་ཕྱིར་དངོས་སམ་སྐད་འཕྲིན་ནས།། སྨན་རྒན་ངག་ལ་བརྩད་གཅོད་བྱས།། པར་ཡང་རྒྱབ་ནས་བཀའ་འདྲི་བྱས།། ལ་ལས་འབམ་ནག་རེད་འདུག་ཟེར།། འབམ་བཅོས་བྱས་ན་ཡག་རབ་ཟེར།། ལ་ལས་པུས་མོའི་ལྷུ་ཚིགས་ནས།། མྱུར་དུ་གཏུབ་དགོས་ནད་དེ་རིགས།། ཡར་ལ་འགྲོ་བས་ཉེན་ཁ་ཆེ།། རྒྱ་སྨན་ཁང་ལ་ད་སོང་ཟེར།། འཆི་མེད་སོའུ༼青霉素༽སོགས་གཉན་འཇོམས་སྨན །། རྩལ་སྤྲུགས་གྱུར་ཀྱང་ཕན་བསྐྱེད་ནི།། རྐང་གཅིག་མེད་པ་འོ་ཧོ་ཧོ།། དེ་ལས་མེ་ཐུར་ཅུང་ཙམ་ཞིག། ཕན་སོང་སྙམ་པའི་ཚོར་སྣང་ཙམ།། ཞིབ་ཏུ་བལྟས་ན་ཤིན་ཏུ་བརྡུགས།། ཐབས་ཟད་འུ་ཐུག་སྣབས་ལུག་དུས།། ཕལ་བའི་ནགས་ན་གསེར་བྱ་དང་།། བྱང་ཆུབ་སེམས་དཔའ་སྦས་ཚུལ་ལྟར།། ཁྱིམ་བརྒྱུད་སྨན་པ་ཡིན་ན་ཡང་།། སྨན་ལས་མེད་པའི་མི་བུ་གང་།། དེ་འདྲའི་ནད་པ་མཐོང་མྱོང་ཡོད།། ཕན་ཐོགས་ཡོད་པ་བརྒྱ་ཆའི་བརྒྱ།། རྐང་པ་མ་གཅོད་གོ་པ་ཡོད།། ཨ་ཕའི་ཕྱག་ལེན་ཡིན་ནོ་ཟེར།། འདི་ནི་རྣ་བའི་བུ་རམ་སྟེ།། གསེར་སྲང་སྟོང་གིས་ཁུག་ལེ་མིན།། ལག་ཏུ་བསྟར་ལ་བྱ་མ་རྟ།། འདི་ལ་ཁོང་དང་ཕྱི་ནས་བྱུགས།། སྨན་སྦྱོར་རྣམ་པ་གཉིས་ཡིན་ཏེ།། གླང་པོ་ཆེ་ཡི་ཀོ་བ་དང་།། སྟག་དང་གསའ་ཡི་རུས་པ་གསུམ།། གདུས་ནས་ཁུ་བ་བསྟེན་རྒྱུ་དང་།། སྔོ་སྨན་སྟག་ཤ་དར་བར་སྦྱར།། སྐྲངས་ཡོད་ཀུན་ལ་སྙོམས་པར་བྱུགས།། མཚན་མོར་བྱུག་སྨན་བྱུགས་ཏེ་བཞག། རྨ་དཀྲིས་གང་ཡང་དགོས་པ་མེད།། ཉིན་མོར་བཀྲུས་ནས་བརྗེ་གསོར་བྱ།། ཉིན་མ་རེ་ལ་པུས་མོ་ནས།། སོར་མོ་གཉིས་ནས་གསུམ་གྱི་ཚད།། སྐྲངས་ཞི་སྐྲངས་པ་མར་མར་འགྲོ།། ཕལ་ཆེར་ཉིན་གྲངས་བརྒྱད་དགུའི་ནང།། སྐྲངས་གཞིལ་ཤ་ཡི་མདོག་ཀྱང་བཟང་།། གསོ་བཅོས་བྱེད་པའི་མགོ་མཇུག་ནང་།། སྐྲངས་དང་རྨ་ཁ་ཡོད་པ་ལ།། རྨ་དཀྲིས་མི་རྒྱག་ཤ་རྗེན་བཞག། རྨ་དཀྲིས་རྒྱབ་ན་རྩ་ཕྲན་དག། ཤི་བའི་ཉེན་ཁ་ཤིན་ཏུ་ཆེ།། རྩ་ཕྲན་ཤི་ན་བཅོས་ཐབས་མེད།། གོང་གི་དཔེ་མཚོན་ནད་པ་འདིས།། གསོ་བཅོས་མ་བྱས་གོང་རོལ་ནས།།རྐང་པའི་སོར་མོའི་རྨ་རེད་ལ།། རྨ་དཀྲིས་རྒྱབ་པས་དེའི་གནས་སུ།། མདོག་ནག་ཤ་ཡང་ཤི་རོ་འདྲ།། དེ་ལས་གཞན་པའི་ཤ་རྣམས་ནི།། མྱུར་དུ་སོས་པས་ཕན་བསྐྱེད་བྱུང་།། འདི་ཡང་ལག་ལེན་ཁྲོད་ནས་རྙེད།། གཞན་ཡང་གོང་གི་ཕྱི་བཀོལ་སྨན།། བརྡབ་དང་བསྣུར་དང་རུས་ཆགས་སོགས།། ཕྱི་རྐྱེན་གློ་བུར་ཅན་གྱིས་ནི།། སྐྲངས་ཟུག་ཡོད་སར་བྱུགས་པ་ན།། སྐྲངས་གཞིལ་ཟུག་ཀྱང་ཞི་བར་འགྱུར།། ཨ་ནེ་འབྲུག་མོའི་རུས་ཆག་ལ།། དེབ་འཆིང་རྒྱབ་རྗེས་སྐྲངས་ཆེ་བས།། སྨན་པ་ཚེ་རིང་རྡོ་རྗེ་ཡིས།། སྐྲངས་སར་བྱུགས་པས་ཕན་བསྐྱེད་བཟང་།། དཀའ་ཐུབ་རྡོ་རྗེ་ཕག་མོ་དང་།། རྡོ་རྗེ་རྒྱལ་དང་ཆོས་འཕེལ་ཚོས།། སྔོ་སྨན་སྟག་ཤ་ངོ་མཚར་ཆེ།། འཆི་མེད་སོའུ༼青霉素༽ཡང་ཅང་མ་རེད།། ང་ཚོའི་ཕ་གའི་གྲམ་པ་ན།། སྔོ་སྨན་སྟག་ཤ་ཞིང་དང་འདྲ།། སྒྱེ་མོ་འགའ་ཙམ་ཉར་དགོས་ཟེར།། སྔར་ལས་དམིགས་ཀྱིས་མཐོང་ཆེན་བྱེད།། དེ་ལྟར་གོང་གི་ཉམས་མྱོང་འདི།། བརྗེད་ཀྱིས་དོགས་ནས་སྐད་རིས་ཕབས།།དགོས་མཁོ་ཅན་ལ་འཕྲད་ནས་ཀྱང་།། ཕྱིད་པའི་ནད་ལ་ཕན་པར་སྨོན།།