ཨ་འདུས་སྐལ་བཟང་རྒྱ་མཚོས།
རྣམ་འདྲེན་བཞི་བ་བདག་ཅག་གི་སྟོན་པ་ཤཱཀྱསེངྒེའི་རྣམ་ཐར་ལས་བྱུང་བའི་གལ་ཆེའི་གནས་དང་གང་ཟག་ཁྱད་པར་བ་འགའི་མཛད་པ་སྙན་ངག་གི་ལམ་ནས་བརྗོད་པའི་གཏམ་བློ་གསལ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་ཞེས་བཞུགས་སོ།།
དང་པོ། བཀྲ་ཤིས་ལུམྦི་ནཱིའི་རབ་བྱེད།
སེར་སྐྱའི་གྲོང་ནས་ལེ་བར་བརྒྱ་ཙམ་ན། །
བཅོམ་ལྡན་པདྨོ་བཞད་པའི་གནས་ཀྱི་མཆོག །
ལུམྦི་ནཱི་ཞེས་བྱ་བའི་སྐྱེད་ཚལ་དེའི། །
སྙན་པའི་གདུགས་དཀར་སྲིད་ཞིའི་ཁྱོན་ན་མཛེས།།
གནས་དེར་སྣ་ཚོགས་མེ་ཏོག་རབ་བཀྲ་ཞིང་། །
ཨ་མྲ་ལ་སོགས་ལྗོན་པའི་ཚལ་བརྟས་པས། །
སྒྱུ་འཕྲུལ་ལྷ་མོའི་ཞབས་ཟུང་གེ་སར་རྡུལ། །
དལ་གྱིས་འཐོར་བས་ལྷ་རྣམས་དགའ་བར་བྱས། །
དྭངས་གཙང་རྫིང་བུ་པདྨའི་ཚོགས་ཀྱིས་གཏམས། །
སྒྱུ་འཕྲུལ་ལྷ་མོ་དགེ་བའི་ལས་ཀྱིས་བྲེལ། །
རྒྱལ་སྲས་གཞོན་ནུ་བལྟམས་པའི་སྐལ་བཟང་གིས། །
ཞིང་འདི་རྫོགས་ལྡན་དུས་ལ་ཉེ་བར་གྱུར། །
གཉིས་པ། ཡུམ་སྒྱུ་འཕྲུལ་མའི་རབ་བྱེད།
ཡོན་ཏན་མཚན་བཟང་གྲངས་ཀྱིས་ལེགས་འཁྱུད་པས། །
རྒྱལ་བོ་ཟས་གཙང་མ་ཡི་ཁབ་ཏུ་བསུས། །
ལྷ་ཡི་ཡུལ་ནས་རྒྱལ་བའི་ཡུམ་དུ་གཟིགས། །
མི་ཡི་ལྷ་མོ་སྒྱུ་འཕྲུལ་མ་དེ་བསྔགས། །
ཞལ་རས་མཛེས་པ་ཉ་གང་ཟླ་བའི་དགྲ། །
སྐྱེ་གཟུགས་ལེགས་པ་ཚིགས་དྲུག་སྨྱུག་མའི་སྤུན། །
ཐུགས་རྗེ་མྱུར་བ་རྗེ་བཙུན་སྒྲོལ་མ་སྟེ། །
རྒྱལ་བ་སྐྱེད་པའི་ཡུམ་ཁྱོད་དེང་འདིར་དྲན། །
ཟླ་བ་བཅུ་ལ་རྒྱལ་སྲས་བརྩེ་བས་བསྐྱངས། །
འཁྲུངས་ནས་ཞགས་བདུན་རྗེས་སུ་མྱ་ངན་འདས། །
དེ་ལྟ་ནའང་ཁྱོད་ཀྱི་མཛད་པའི་རྗེས། །
ནམ་མཁའ་ལས་ཀྱང་ཆེའོ་རྒྱལ་ཡུམ་ཀྱེ། །
གསུམ་པ། ཡབ་ཟས་གཙང་མའི་རབ་བྱེད།
ཤཱཀྱའི་ཁྲོད་ན་སྟོབས་ལྡན་མང་ནའང་། །
རྒྱལ་པོ་སྲས་གཙང་མ་ལ་སུ་ཡིས་འགྲན། །
ནགས་ཀྱི་ཁྲོད་ན་རྐང་འཐུང་གྲངས་མེད་ཀྱང་། །
ས་བརྟོལ་ལྗོན་པའི་དོ་ཟླར་འོས་པ་མེད། །
དཔའ་མཛངས་གྲལ་གྲིས་དགྲ་ཟླའི་སྤོབས་པ་བཅད། །
ལུགས་གཉིས་བཀའ་ཁྲིམས་བཙན་པོས་སྐྱེ་རྒུ་སྐྱོང་། །
རྐང་འཐུང་ཁྲོད་ན་སེངྒེ་འགྱིངས་པ་བཞིན། །
སེར་སྐྱའི་གྲོང་ན་ཟས་གཙང་ལྷག་ཏུ་མཛེས། །
རིགས་ཀྱི་ང་རྒྱལ་གངས་རིའི་སྤོ་ལས་མཐོ། །
སྲིད་ཀྱི་ཞེན་པ་དམྱལ་བའི་འོབས་ལས་ཟབ། །
འོན་ཀྱང་རྒྱལ་སྲས་གཞོན་ནུའི་རྣམ་ཐར་གྱིས། །
མི་རྟག་འཁོར་བའི་ཆོས་ཉིད་རྗེན་པར་གཟིགས། །
བཞི་པ། གཞོན་ནུ་དོན་གྲུབ་ཀྱི་རབ་བྱེད།
དགའ་ལྡན་གནས་ནས་གཟིགས་པ་རྣམ་ལྔར་གཟིགས། །
གླང་ཆེན་དཀར་པོའི་ཟོལ་གྱིས་ལྷུམས་སུ་ཞུགས། །
ཚངས་དང་བརྒྱ་བྱིན་ལ་སོགས་ལྷ་རྣམས་ཀྱིས། །
ཁྱོད་ཞབས་པདྨོའི་རྡུལ་ཡང་མཆོད་པར་རྩོམ། །
ཀླུ་ཡི་རྒྱལ་པོས་དད་པས་སྐུ་ཁྲུས་གསོལ། །
བརྒྱ་བྱིན་སོགས་ཀྱིས་ལྷ་ཡི་ན་བཟའ་ཕུལ། །
མཁའ་འགྲོ་མ་རྣམས་དགྱེས་པའི་གླུ་དབྱངས་ལེན། །
སྐྱེ་རྒུའི་ཁྱུ་མཆོག་གྱུར་ཁྱོད་ཕྱག་གི་ཡུལ། །
སྐུ་ན་གཞོན་ཡང་ཐུགས་ཀྱི་རྩ་བ་བརྟན། །
ལེགས་ཉེས་དཔྱོད་པའི་ཡལ་འདབ་ལྷུག་པར་གྲོལ། །
བྱམས་བརྩེའི་འབྲས་བཟང་ཁུར་གྱིས་དུད་པ་ཡི། །
རྒྱལ་སྲས་གསེར་གྱི་ལྗོན་པ་འཁྲུངས་པར་གྱུར། །
བལྟམས་མ་ཐག་ནས་ཕྱོགས་བཞིའིི་ཁྱོན་ཡངས་སུ། །
གོམས་པ་བདུན་རེ་སྤོས་ཤིང་ཞལ་ནས་ཀྱང་། །
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་པའི། །
འཇིགས་མེད་བརྩེ་བའི་གད་རྒྱངས་སྒྲོགས་པར་མཛད། །
ལྔ་པ། བྱང་ཆུབ་ཤིང་གི་རབ་བྱེད།
རྩ་བ་བརྟན་པས་རླུང་གིས་སྒུལ་བར་དཀའ། །
སྐྱེ་སྟོབས་མྱུར་བས་ཡལ་འདབ་ཕྱོགས་སུ་བསྲིངས། །
ལོ་འདབ་རེ་རེས་བསིལ་འཇམ་དྲི་བཞོན་འདྲེན། །
བྱང་ཆུབ་ཤིང་ལ་སྐྱེ་བོ་སུ་མི་དགའ། །
དྲང་སྲོང་གཞོན་ནུས་ཏིང་འཛིན་སྒོམ་པ་ན། །
ཁྱོད་ནི་ལྷ་ཡིས་སྤྲུལ་བའི་ཁང་བཟང་འདྲ། །
ཉི་འོད་འགེབས་ཤིང་ཆར་ཆུར་རྒོལ་བ་དེས། །
རྒྱལ་སྲས་མཆོག་གི་སེམས་བསྐྱེད་བརྟན་པར་བྱས། །
མཚམས་སྤྲིན་མདངས་དང་འཆར་ཀའི་ཉི་ཟེར་སོགས། །
གཡུ་ཡི་འདབ་མ་རེ་རེའི་མཛེས་སྡུག་ལ། །
ཁྱེད་ཀྱི་བརྩེ་བ་འཁྱུད་པའི་རྟེན་འབྲེལ་གྱིས། །
ཏིང་འཛིན་ནགས་ཀླུང་སྔར་བས་མཛེས་པར་བྱས། །
དྲུག་པ། གཅུང་དགའ་བོའི་རབ་བྱེད།
འདོད་པའི་ཆུ་བོ་གྱེན་དུ་མ་ལྡོག་ཅིང་། །
ལང་ཚོའི་མེ་ཏོག་སད་ཀྱིས་མ་ཁྱེར་གོང་། །
སྐྱེ་རྒུའི་བདག་མོའི་བདག་མོ་སྙིང་གི་ཐིག་ལེ་ཁྱོད། །
རབ་ཏུ་བྱུང་བའི་ལམ་བུར་ཞུགས་དེ་མཚར། །
དེ་ལྟ་ནའང་སྲས་མོ་ཇ་ན་པའི། །
ཡིད་འོང་སྐྱེ་གཟུགས་མེ་ཏོག་འཁྲི་ཤིང་ལ། །
ཡིད་ཀྱི་བུང་བ་བཏགས་པའི་གཏམ་རྒྱུད་ཀྱིས། །
དགེ་འདུན་ཚོགས་ཀྱང་རེ་ཞིག་ཧད་པར་གྱུར། །
ཐབས་ལ་མཁས་པའི་ཤཱཀྱ་སེངྒེ་ཡིས། །
སྣ་ཚོགས་ལས་ཀྱི་རྟེན་འབྱུང་ངོ་སྤྲོད་དེ། །
སྒྱུ་མའི་ཆོས་ཀྱི་ངང་ཚུལ་ལེགས་བསྟན་པས། །
ཤེས་རབ་ཟབ་མོའི་མིག་ཟུང་ཁྱེད་ལ་ཐོབ། །
བདུན་པ། ས་འཚོ་མའི་རབ་བྱེད།
ཞལ་རས་ཟླ་བ་རྒྱས་པའི་དཀྱིལ་འཁོར་དེར། །
དགྱེས་འཛུམ་བསིལ་བའི་རླུང་བུ་གཡོ་བ་ཅན། །
སོ་ཕྲེང་མུ་ཏིག་བརྒྱུས་འདྲའི་མཛངས་མ་དེར། །
ས་འཚོ་མ་ཞེས་འགྲོ་རྣམས་བརྩེ་བས་འབོད། །
སྔོན་ཚེ་བདེ་གཤེགས་བྱེ་བའི་ཞབས་དྲུང་དུ། །
སྨོན་ལམ་མེ་ཏོག་ཕུལ་བའི་ལེགས་བྱས་ཀྱིས། །
རྒྱལ་སྲས་ཟླ་བའི་གཉེན་གྱུར་ཀུན་ད་ཁྱོད། །
སེར་སྐྱའི་སྐྱེད་ཚལ་མཛེས་པའི་རྒྱན་གཅིག་ཉིད། །
ལུས་ཀྱི་སྟངས་སྟབས་མཆོད་པའི་ལྷ་མོ་སྟེ། །
གསུང་གི་འགྱུར་ཁུགས་ཚངས་སྲས་མགྲིན་པའི་ཟླ། །
མ་འདྲིས་བྱམས་སེམས་རྒྱལ་ཡུམ་སྒྲོལ་མ་དངོས། །
གྲགས་འཛིན་མ་དེའི་གྲགས་དཀར་ཟླ་འོད་འདྲ། །
བརྒྱད་པ། རྒྱལ་སྲིད་བསྐྱངས་པའི་རབ་བྱེད།
མཛེས་མའི་ཕུལ་གྱུར་ས་འཚོ་ཁབ་ཏུ་བསུས། །
རིགས་ཀྱི་སྨྱུ་གུ་དགྲ་གཅན་འཛིན་ཀྱང་བསྐྲུན། །
བྱམས་བརྩེའི་འཚོ་བ་འོད་ཀྱིས་འཁྱུད་ནའང་། །
འཁོར་བའི་རང་མཚངས་སུས་ཀྱང་འགོགས་མ་ནུས། །
ལྷས་བྱིན་ཁྲོ་བའི་ཆུ་གཏེར་གམ་ན་འཁྱིལ། །
དཔལ་འོད་ཕྲག་དོག་མེ་ལྕེ་རྒྱུན་དུ་འབར། །
ཆགས་སྡང་དུག་ཆུ་འཕྱུར་བའི་གཉེན་ཉེ་ཚོར། །
སྙིང་རྗེའི་མེ་ཏོག་གཏོར་བ་ཉུང་ཉུང་མིན། །
སྒྱུ་སྩལ་དྲུག་ཅུའི་རྣམ་གཞག་ཐུགས་ལ་བྱང་། །
སྟོབས་ཀྱིས་གླང་ཆེན་འདུལ་བའི་སྩལ་ཀྱང་བསླབས། །
ཕྱོགས་བཞིའི་དགྲ་པོ་འགུགས་པའི་བརྩེ་བ་ཅན། །
ཁྱོད་ཀྱི་རྒྱལ་སྲིད་སྲིད་ཞིའི་གཉེན་དུ་གྱུར། །
དགུ་པ། དགྲ་གཅན་འཛིན་གྱི་རབ་བྱེད།
རབ་དཀར་ཟླ་བའི་བཞིན་རས་གཙང་མའི་ངོགས། །
བརྩེ་མེད་གཟའ་ཡིས་ཟིན་པའི་མཚན་མོ་དེར། །
སྙིང་རྗེའི་ལྷ་མོར་གྱུར་པའི་ཡུམ་ཆེན་དེས། །
ཁྱེད་སྐུ་བདེ་བར་བཙས་སོ་དགྲ་གཅན་འཛིན། །
མཐའ་མེད་འགྲོ་ལ་ལེགས་པའི་ལམ་སྟོན་ཕྱིར། །
བརྩེ་བའི་ཡབ་ཆེན་ནགས་སུ་གཤེགས་ནའང་། །
སེར་སྐྱའི་གྲོང་ནས་ཡབ་སྲས་མཇལ་བའི་ཚེ། །
བསོད་ནམས་བྱེ་བས་མཛེས་སོ་དགྲ་གཅན་འཛིན། །
ཕ་ནོར་མཐའ་དག་རང་ལ་འཐོབ་པའི་སླད། །
རབ་ཏུ་བྱུང་སྟེ་བསླབ་པའི་རིམ་པ་ཀུན། །
ངང་པའི་ཆུ་ལས་འོ་མ་ལེན་པ་ལྟར། །
ཏིང་འཛིན་རོ་ཡིས་མྱོས་སོ་དགྲ་གཅན་འཛིན། །
བཅུ་པ། ལྷས་བྱིན་གྱི་རབ་བྱེད།
ཤཱཀྱའི་རིགས་ཀྱི་ལར་ཞེན་མི་དམན་ཡང་། །
ཅི་བྱས་རང་གི་མིང་ལ་སྲེད་པ་ཡི། །
ཕུ་བོ་ལྷས་བྱིན་ཞེས་བྱའི་མིག་སེར་ཅན། །
ཨུ་དམ་ཝ་རིའི་གམ་གྱི་ཚེར་མར་གྱུར། །
ཞེ་སྡང་སྤྲུལ་གྱི་འཇིགས་པས་རབ་ནོན་ཞིང་། །
འདོད་ཆགས་ཆུ་བོའི་རླབས་ཀྱིས་དབང་མེད་ཁྱེར། །
གཏི་མུག་མུན་པའི་འོབས་སུ་རྟག་ལྷུང་བའི། །
ལྷས་བྱིན་ཁྲོས་པའི་གདོང་ལ་སུ་མི་འཇིགས། །
མིག་ནས་ཕྲག་དོག་བསྐལ་བའི་མེ་དཔུང་འབར། །
ནམ་ཡང་ཆང་དང་བུད་མེད་འབྲལ་མི་སྤོབས། །
མེ་དོག་མདའ་ཅན་སྙིང་ལ་ཞུགས་པ་ཡི། །
ལྷས་བྱིན་སྨྱོན་པའི་བརྟུལ་ཞུགས་ཀྱེ་མ་ཧུད། །
ཐོག་མར་རྒྱལ་སྲིད་བརྩད་དེ་ནང་དམེ་བྱས། །
བར་དུ་དགེ་འདུན་དབྱེན་གྱིས་དམ་ཉམས་གྱུར། །
མཐའ་མར་དམྱལ་མེའི་བུད་ཤིང་གྱུར་པ་ཡི། །
ངང་ཚུལ་འདི་ཀོར་སུ་ཞིག་ཡིད་མི་ཕྱུང་། །
བཅུ་གཅིག་པ། སྐྱེ་རྒུའི་བདག་མོའི་རབ་བྱེད།
རྒྱལ་བུ་དོན་གྲུབ་རང་གི་བུ་བས་གཅེས། །
རྒྱལ་པོ་ཟས་གཙང་ནམ་མཁའི་ལྷ་བཞིན་བཀུར། །
སེར་སྐྱའི་གྲོང་ཁྱེར་རང་གི་ཁྱིམ་ལྟར་བསྐྱངས། །
སྐྱེ་རྒུའི་བདག་མོའི་སྙན་པ་དོན་དང་ལྡན། །
གཡོ་སྒྱུའི་མེ་ལོང་གཟུར་གནས་ཐོ་བས་གཅོག །
ང་རྒྱལ་ཚེར་མ་སྟོབས་ཀྱིས་དུམ་བུར་གཏོང་། །
ཉམ་ཆུང་འབངས་ཀྱི་བདེ་སྡུག་མི་འབོར་བའི། །
མཛངས་མ་ཁྱོད་ནི་སྒྲོལ་མ་དཔལ་མོ་འདྲ། །
ཨ་ཅེ་སྒྱུ་འཕྲུལ་ལྷ་མོའི་ཁ་ཆེམས་ཀྱིས། །
ཚེ་སྟོད་སྲིད་ལ་དབང་བའི་རྒྱལ་མོ་ཁྱེད། །
ངེས་འབྱུང་རླུང་གིས་ཡང་ཡང་སྒུལ་བ་ན། །
བཙུན་མའི་ཚལ་གྱི་ལྗོན་པ་ཐོག་མར་གྱུར། །
བཅུ་གཉིས་པ། རབ་ཏུ་བྱུང་བའི་རབ་བྱེད།
ཟླ་འོད་མག་མག་མོག་གྱུར་པའི་མཚན་ལྗོངས་དེར། །
དཔའ་མཛངས་གཉིས་ལྡན་འདུན་པའི་གྲོགས་དང་བཅས། །
ཅང་ཤེས་སྔོགས་ལྡན་ཆིབས་ཏེ་ནགས་འདབས་སུ། །
གཤེགས་པས་ལྷ་མིན་ཚོགས་ཀྱང་དགའ་བར་བྱས། །
མེ་ལྕེའི་འོབས་ལས་ཉེན་པའི་རྒྱལ་སྲིད་དང་། །
རོ་མྱག་འདམ་ལས་འཇིགས་པའི་ཕོ་བྲང་སོགས། །
ཆགས་སྡང་ཆུ་བོ་རྒྱས་པའི་འདོད་ཡོན་ཚོགས། །
རྒྱལ་སྲས་ཁྱོད་ཀྱིས་བང་གི་སྤྲུལ་བཞིན་སྤངས། །
རིན་ཆེན་སྣ་དགུས་གྲུབ་པའི་རྒྱན་ཆ་དང་། །
ཟ་འོག་རི་མོས་མཛེས་པའི་ན་བཟའ་སོགས། །
ཁྱིམ་པའི་ཆ་ལུགས་ཐམས་ཅད་རིང་དོར་ནས། །
རང་གི་དབུ་སྐྲ་རང་གིས་དུམ་བུར་བཅད། །
དེ་ལྟར་མཆོད་རྟེན་རྣམ་དག་དྲུང་དེར་ནི། །
རྒྱལ་བའི་སྲས་ཁྱོད་རབ་ཏུ་བྱུང་བའི་གཏམ། །
ལྷ་དང་བཅས་པའི་སྙན་དུ་སོན་པ་ན། །
རབ་འབྱམས་ཞིང་ཀུན་གྲགས་པས་སྒུལ་བར་བྱས། །
བཅུ་གསུམ་པ། དཀའ་བ་སྤྱད་པའི་རབ་བྱེད།
མེ་ལྔ་བསྟེན་དང་རྩེ་གསུམ་བཞོན་པ་སོགས། །
མུ་སྟེགས་ལུགས་ཀྱིས་བསྐྱེད་པའི་དཀའ་སྤྱད་དག །
བྱང་ཆུབ་སྒྲུབ་པའི་ལམ་བུར་མ་གཟིགས་པས། །
གདུལ་བྱའི་སླད་དུ་དཀའ་ཐུབ་བསྟེན་པ་ན། །
རྙོག་མའི་རྒྱུན་བྲལ་ནེ་ར་ཛ་ཉའི་འགྲམ། །
ཉིན་རེར་འབྲུ་རེ་གསོལ་བའི་བརྟུལ་ཞུགས་ཀྱིས། །
དཀྱིལ་དྲུང་གཅིག་གིས་ཏིང་འཛིན་བསྒོམས་པ་ལ། །
ལོ་དྲུག་དཀའ་བ་ཞེས་པའི་སྙན་པ་འབར། །
དེ་ཚེ་སྤྱན་ཟུང་འདབ་མ་གཏིང་དུ་ལྷུང་། །
སྐུ་ཡི་མདོག་ཀྱང་ཙམ་པ་ཀ་བཞིན་སྐྱ། །
རྩ་རྒྱུས་ཕྱི་རུ་མངོན་པའི་རུས་སྒྲོམ་ནི། །
དཀའ་ཐུབ་སྤྱོད་པ་རྣམས་ཀྱི་ཏོག་ཏུ་གྱུར། །
བཅུ་བཞི་པ། ལེགས་སྐྱེས་མའི་རབ་བྱེད།
སྟོང་ཕྲག་བ་ཡི་ནོར་གྱིས་གཞིས་ཀ་ཕྱུག །
ཡིད་འོང་ཀུན་སྤྱོད་གཙང་མས་རང་གཤིས་མཛེས། །
ཞིམ་མངར་འོ་སྤྲི་བསྲུབས་པ་སྤྲང་རྩིའི་བཅུད། །
འདྲེན་མཁས་སུ་ཇ་ཏ་ཁྱོད་སྐལ་བ་བཟང་། །
རྗེ་བཙུན་སྒྲོལ་མའི་དཔའ་མཛངས་ཀུན་ཚང་བའི། །
བྲམ་ཟེའི་རིགས་འཛིན་ལེགས་སྐྱེས་གཞོན་ནུ་མས། །
དད་གསུམ་སོར་རྩེས་བཏེགས་པའི་འོ་ཐུག་གིས། །
ཏིང་འཛིན་མཚོ་མོ་སྔར་ལས་གསལ་བར་བྱས། །
དེ་ཚེ་སྐུ་མདོག་གསེར་མདངས་བཙོ་མ་ཡིས། །
རྨད་བྱུང་མཚན་དཔེའི་ལང་ཚོ་མཛེས་པ་ན། །
རྩྭ་འཚོང་བཀྲ་ཤིས་ལ་སོགས་འཁོར་རྣམས་ཀྱང་། །
ཟག་མེད་ཐུགས་རྗེའི་རོ་ཡིས་བཟི་བར་བྱས། །
བཅོ་ལྔ་པ། བདུད་བཏུལ་བའི་རབ་བྱེད།
སྨག་རུམ་མུན་པ་སྟུག་པའི་ས་སྲོད་དེར། །
སྐྱེ་རྒུའི་ཡིད་ཀྱི་དྲན་ཤེས་གསོད་པ་ཡི། །
འདོད་ལྷའི་དཔུང་གིས་ཁྱེར་བའི་མདའ་ལྔ་པོ། །
ཁྱོད་ཀྱི་བསམ་གཏན་དཀྲིགས་ལ་ཆས་པ་ན། །
མཛེས་མའི་གཡོ་འཕྲུལ་ཏིང་འཛིན་ཟེར་གྱིས་བཅོམ། །
སྲིན་མོའི་རྔམ་ཟིལ་འཚེ་མེད་ཐུགས་ཀྱིས་བཤིགས། །
འཇིགས་རུང་བདུད་དམག་བྱེ་བའི་དཔུང་ཚོགས་ཀྱང་། །
བྱམས་བརྩེའི་དགྱེས་འཛུམ་གཅིག་གིས་ཞི་བར་བྱས། །
སོད་དང་རྒྱོབ་ཀྱི་འཇིགས་པའི་སྒྲ་དག་ཀྱང་། །
ཞི་བའི་དབྱངས་དང་རྩེད་འཇོའི་གར་དུ་གྱུར། །
མདའ་མདུང་རལ་གྲི་གངས་རིའི་ཕྲེང་བའི་ཆར། །
ཐུབ་པ་ཁྱེད་ཀྱིས་མེ་ཏོག་སིལ་མར་གཟིགས། །
བཅུ་དྲུག་པ། སངས་རྒྱས་པའི་རབ་བྱེད།
ལྗོན་པའི་དབང་པོ་བྱང་ཆུབ་ཤིང་དྲུང་དེར། །
རྡོ་རྗེའི་ཏིང་འཛིན་གདན་དུ་བྱས་པ་ན། །
མི་འཇིགས་རྣམ་བཞིའི་གཙང་པོ་གཞིབས་པ་ཡི། །
རྣམ་འདྲེན་ཆུ་གཏེར་ཆེན་པོ་ཡང་ཡང་དྲན། །
བསམ་གཞིགས་རེ་རེའི་འོད་ཀྱིས་ཉོན་མོངས་སངས། །
ཏིང་འཛིན་རེ་རེའི་ངོགས་ནས་ཤེས་རབ་རྒྱས། །
ཐབས་ཤེས་ཟུང་གིས་བདུད་དཔུང་མ་ལུས་བཅོམ། །
སྲིད་ཞིའི་ཡོན་ཏན་མ་ལུས་ཁྱོད་ལ་ལྡན། །
ཚོགས་གཉིས་ཤེས་བྱའི་སྐར་ཚོམ་རྒྱན་དུ་བཏགས། །
དོན་གཉིས་ཀུན་དའི་ཚལ་ཆེན་དབང་དུ་བསྡུས། །
བདེན་གཉིས་བསིལ་ཟེར་ཕྱོགས་བཅུར་འགྱེད་པ་ཡི། །
སྐུ་གཉིས་དུང་གི་ཟླ་བ་ཚེས་པ་ན། །
སྨིན་མཚམས་མཛོད་སྤུའི་འོད་དཀར་བྱིན་དུ་ཆགས། །
ཕྱག་ཞབས་འཁོར་ལོའི་སྨིན་དྲུག་ལྷང་ངེར་བཀྲ། །
དབུ་ཡི་གཙུག་ཏོར་སྐུ་ཡི་འོད་སྣང་སོགས། །
ངོ་མཚར་མཚན་དཔེ་འབུམ་གྱིས་མཛེས་དེར་འདུད། །
ཤེས་རབ་སྤྱན་གྱིས་འགྲོ་འདི་བོར་མ་མྱོང་། །
བརྩེ་བའི་ཐུགས་རྗེས་མ་རྣམས་བརྗེད་མ་སྤོབས། །
ཁྱེད་ཀྱི་ཞབས་རྗེས་འོད་དུ་འཚེར་བའི་རླབས། །
ལན་གཅིག་དྲན་པའི་སྐལ་བ་བདག་ལ་ཐོབ། །
བཅུ་བདུན་པ། གཟུགས་ཅན་སྙིང་པོའི་རབ་བྱེད།
མི་དབང་ཁྱོད་ཀྱི་བློ་རྒྱ་ཆུ་གཏེར་དང་། །
རང་གཤིས་བརྟན་པས་གསེར་གྱི་ལྷུན་པོ་ཉིད། །
མཐའ་བཞིའི་ཁྱབ་འབངས་ཚུལ་བཞིན་བསྐྱངས་པ་དེས། །
སྲོང་བཙན་མི་ཡི་དབང་པོ་དྲན་པར་བྱས། །
མིག་སྟོང་ལྡན་པའི་ལག་ནས་མ་འཕྲོག་ཅིང་། །
ཀླུ་ཡི་དབང་པོའི་ཡུལ་ནས་མ་བརྐུས་པ། །
ངོ་མཚར་སྡེ་བཞིའི་ཕུན་ཚོགས་མཚར་བའི་དཔྱིད། །
ཕྱོགས་ཀྱི་ས་སྐྱོང་འདུལ་བའི་མཚོན་དུ་གྱུར། །
གཅེས་པའི་བུ་ཆུང་དགྲ་རུ་སྐྱེས་གྱུར་ཀྱང་། །
ཆོག་ཤེས་ནོར་གྱིས་ཐུགས་ཀྱི་རྒྱ་མཚོ་གཏམས། །
ཐ་མར་བུ་ཡིས་བཙོན་དུ་བཅུག་ནའང་། །
ཐུབ་པའི་མན་ངག་བསྒོམས་པས་གྲོལ་བར་གྱུར། །
བཅོ་བརྒྱད་པ། ཨ་མྲ་སྐྱོང་མིའི་རབ་བྱེད།
སྙན་འཇེབས་གླུ་སྒྲས་ཚངས་དབྱངས་དམན་སར་བཀོད། །
གར་དགུའི་ཉམས་ཀྱིས་སྐྱེ་རྒུ་བཟི་བར་བྱས། །
ཡིད་འོང་ལང་ཚོའི་གྲགས་པ་དགུང་དུ་འཕྱུར། །
མཛེས་ལྡན་ཨ་མྲ་སྲུང་མ་ཟླ་གཞོན་འདྲ། །
འཛུམ་མདང་གཅིག་གིས་གཟུགས་ཅན་སྙིང་པོ་བཀུགས། །
བརྩེ་བའི་མདའ་མོས་མ་སྐྱེས་དགྲ་ཡང་བཅོམ། །
ལང་ཚོའི་དཔལ་གྱིས་གཞན་ཡིད་བཟི་ནུས་པའི། །
མཛངས་མ་ཁྱོད་ནི་དགུན་ཆང་མངར་མོ་འདྲ། །
རིགས་ཀྱི་མྱུ་གུ་འཚོ་བྱེད་གཞོན་ནུ་བཙས། །
དད་པའི་མེ་ཏོག་བདེ་གཤེགས་དྲུང་དུ་ཕུལ། །
ཡངས་པ་ཅན་དུ་རིགས་ཞེན་མེ་དཔུང་སྤར། །
ཨ་མྲ་སྐྱོང་མའི་སྒྱུ་འཕྲུལ་བློ་ལ་འགོངས། །
བཅུ་དགུ་པ། ཆོས་འཁོར་བསྐོར་བའི་རབ་བྱེད།
ཐུབ་པ་མཆོག་དེ་མངོན་འཚང་རྒྱས་པ་ན། །
རེ་ཞིག་ནགས་སུ་མི་སྨྲའི་བརྟུལ་ཞུགས་ཀྱིས། །
ཟབ་ཞི་སྤྲོས་པའི་མཐའ་བརྒྱད་བྲལ་བ་ཡི། །
ཆོས་འདི་སུས་ཀྱང་རྟོགས་པར་དཀའ་ཞེས་གསུངས། །
དེ་ཚེ་གདོང་བཞི་པ་དང་མིག་སྟོང་ཅན། །
ཆོས་ཀྱི་དུང་དང་རྩིབས་སྟོང་འཁོར་ལོ་བཅས། །
སྐྱེ་རྒུའི་སླད་དུ་ཆོས་ཀྱི་འཁོར་ལོ་ཆེ། །
སྐོར་ཞེས་དད་པའི་ཐལ་མོ་ལན་མང་སྦྱར། །
གནས་ཀྱི་མཆོག་གྱུར་ཝཱ་རཱ་ཎ་སི་རུ། །
ཞབས་ཟུང་པདྨའི་ཟེའུ་འབྲི་བཀོད་པ་ན། །
ལོག་རྟོགས་རྙི་རུ་ཚུད་པའི་ལྔ་སྡེའི་ཁྱུས། །
བློ་གྲོས་དམན་པའི་གཡར་དམ་ཅི་ཡང་བྱས། །
དེ་ལྟ་ནའང་བདེ་གཤེགས་གདོང་ལྔ་པའི། །
རྔམ་བརྗིད་གོམ་པའི་སྟངས་སྟབས་རེ་རེས་ཀྱང་། །
མཐར་འཛིན་སྐྱེས་བུའི་རི་དྭགས་འཇིགས་བྱས་པས། །
གཅེས་པའི་ལུས་སྲོག་མི་འབུལ་དཔྱོད་ལྡན་སུ། །
མཛེས་པའི་སྐུ་ནི་མཚན་དཔེའི་མདངས་ཀྱིས་ཕྱུག །
སྙན་པའི་གསུང་ནི་བདེན་བཞིའི་ནོར་གྱིས་གཏམས། །
མཐའ་ཀླས་ཡེ་ཤེས་རླབས་ཕྲེང་གཡོ་བ་ཅན། །
བདེ་གཤེགས་སྙིང་རྗེའི་རྒྱ་མཚོ་ལྟ་ན་སྡུག །
ཉི་ཤུ་པ། སོར་མོའི་ཕྲེང་བའི་རབ་བྱེད།
རང་གཤིས་བརྟན་ཅིང་ངང་རྒྱུད་ཆུ་བཞིན་རིང་། །
ཀུན་སྤྱོད་འཇམ་ཞིང་བདེན་པ་སྨྲ་ལ་དགའ། །
མཆོག་གི་དངོས་གྲུབ་འཚོལ་བའི་སྐྱེས་བུ་དེས། །
གནོད་མེད་ཅེས་པའི་མིང་གི་ཅོད་པན་འཛིན། །
འོན་ཀྱང་བཤེས་གཉེན་ངན་པའི་ལོག་བཤད་ཀྱི། །
དུག་ཆུས་ཡིད་ཀྱི་རྫིང་བུ་སྙོགས་པ་ན། །
གཏི་མུག་རལ་གྲི་ལག་ཏུ་ཐོགས་ནས་ནི། །
ཉེས་མེད་སྐྱེ་བོ་གསོད་པའི་གཤེད་མར་གྱུར། །
རྣོན་པོའི་རལ་གྲི་སྲོག་གི་གཤེད་དུ་སྤྱད། །
ལག་ཟུང་འཇམ་པོ་དམར་པོ་ཁྲག་གིས་བརྫབས། །
ནགས་ཁྲོད་མི་རོས་བཀང་བའི་འུར་སྒྲ་ཡིས། །
ཡངས་པ་ཅན་གྱི་རི་གྲོང་གཡོ་བར་བྱས། །
ཉིན་རེ་བཞིན་དུ་བསད་པའི་མི་རོ་ཡི། །
སོར་མོའི་ཕྲེང་བ་མགུལ་གྱི་རྒྱན་དུ་བཅངས། །
སྐྲ་ལོ་གཟེངས་ཤིང་བཞིན་རས་མི་སྡུག་པའི། །
མི་དེར་སོར་ཕྲེང་ཅན་ཞེས་བྲེད་བཞིན་འབོད། །
གསལ་རྒྱལ་ལ་སོགས་སྟོབས་ལྡན་རྒྱལ་པོ་དང་། །
ཡངས་པ་ཅན་གྱི་དཔའ་མཛངས་དམག་དཔུང་ཡང་། །
སོར་མོའི་ཕྲེང་བའི་མིང་ཙམ་ལ་འཇིགས་ཏེ། །
རེ་ཞིག་རང་རང་གནས་སུ་ཧད་པར་གྱུར། །
འགྲོ་བའི་མགོན་དེས་སོར་ཕྲེང་འདུལ་བའི་སླད། །
ཞབས་ཀྱི་ཉི་ཟེར་ནགས་སུ་བཀྱེས་པ་ན། །
ང་རྒྱལ་རལ་གྲི་དབང་མེད་སར་ལྷུང་ཞིང་། །
བདེན་བཞིའི་དེ་ཉིད་མཐོང་བའི་མིག་ཟུང་སྩལ། །
ཉེར་གཅིག་པ། མཆོག་ཟུང་གཉིས་ཀྱི་རབ་བྱེད།
དྲི་མེད་པད་རྫིང་གཅིག་ལས་འཁྲུངས་པ་ཡི། །
མཁས་གྲུབ་འདབ་མ་སྟོང་ལྡན་མཆོག་ཟུང་གཉིས། །
བདེ་གཤེགས་ཉི་མས་ཇི་ལྟར་བསྐྱངས་པའི་ཚུལ། །
འཕགས་བོད་མཁས་པའི་ངག་ན་ལྷག་ཏུ་མཛེས། །
བྱིས་པའི་ཚེ་ན་རིགས་པའི་ལང་ཚོ་རྒྱས། །
གཞོན་ནུའི་དུས་སུ་འཚོ་བའི་གནས་ལུགས་བཙལ། །
དར་ལ་བབ་ཚེ་ངེས་འབྱུང་ལམ་བུ་རྙེད། །
ལུང་རིགས་སྒྲོན་མེ་སྤར་མཛད་མཆོག་ཟུང་གཉིས། །
ངག་ལ་ཅ་ཅོའི་དྲི་མ་མི་མངའ་ཞིང་། །
ཐུགས་ཀྱིས་བསམ་གཏན་ཚེར་མ་གཅོག་པ་ཡི། །
ཤེས་རབ་ཀུན་དའི་སྐྱེད་ཚལ་རྒྱས་མཛད་པའི། །
ཟླ་གཞོན་བྱེ་བའི་མདང་འཛིན་ཤཱ་རིའི་བུ། །
རྫུ་འཕྲུལ་སྟོབས་ཀྱིས་སྟོང་གསུམ་ཡུད་ཙམ་བསྐོར། །
འགྲོ་བའི་སླད་དུ་མནར་མེད་གྲོང་ཡང་འགྲིམས། །
སྣ་ཚོགས་སྒྱུ་འཕྲུལ་སྟོན་ལ་མངའ་བརྙེས་པའི། །
མོའུ་གལ་བུ་ཡི་མཐུ་སྟོབས་བློ་ལས་འགོངས། །
དེ་ལྟར་ཐུབ་དབང་ས་འཛིན་ལྷུན་པོའི་འགྲམ། །
མཆོག་ཟུང་ཉི་ཟླའི་གཟི་བརྗིད་འབར་བ་ན། །
རྒྱལ་བསྟན་སྨན་གྱི་ལྗོན་ཤིང་ཡངས་པའི་ཚལ། །
མང་ཐོས་གཉིས་སྐྱེས་ཚོགས་ཀྱིས་ཁེངས་པར་གྱུར། །
ཉེར་གཉིས་པ། ཉེ་བར་འཁོར་གྱི་རབ་བྱེད།
འཚོ་བ་དབུལ་བོའི་ཁྱིམ་དུ་འཁྲུངས་ནའང་། །
ཡ་རབ་གཞུང་དྲང་ཆོག་ཤེས་ནོར་གྱིས་ཕྱུག །
ངེས་འབྱུང་ཟབ་མོས་འཁོར་བའི་ལས་སྤངས་ཏེ། །
རབ་ཏུ་བྱུང་མཛད་ཉེ་བར་འཁོར་ལ་འདུད། །
སྟོན་པའི་དྲུང་ནས་ཟབ་ཆོས་མ་ལུས་གསན། །
ཆོས་འདུལ་རྒྱ་མཚོ་སྙིང་པོ་ཐུགས་སུ་འཁྱིལ། །
དགྲ་བཅོམ་ལྔ་བརྒྱའི་བཀའ་བཞིན་བསྡུ་བ་མཛད། །
ཉེ་བར་འཁོར་གྱི་བཀའ་དྲིན་བརྗོད་ལས་འདས། །
ཉེར་གསུམ་པ། མགོན་མེད་ཟས་སྦྱིན་གྱི་རབ་བྱེད།
བྱིན་ཅིག་ཅེས་པའི་འབོད་སྒྲ་ཐོས་ཙམ་གྱིས། །
ཐུགས་ལ་དགའ་བདེའི་དཔྱིད་དཔལ་རྒྱས་པ་ཁྱེད། །
རབ་དགའི་སར་བཞུགས་རྒྱལ་བའི་སྲས་པོ་བཞིན། །
སྦྱིན་པ་རྣམ་བཞིའི་དཔལ་གྱིས་རྟག་ཏུ་མཛེས། །
ཆོས་ཀྱི་དོན་དུ་རང་གི་སྲོག་ཀྱང་གཏོང་། །
འབྱོར་བས་དབུལ་རྣམས་ཟས་དང་ནོར་གྱིས་སྐྱོང་ །
གཞན་དོན་འབའ་ཞིག་སྤྱོད་པས་སྨྱོས་པ་ཁྱེད། །
སྦྱིན་པའི་གཏེར་དུ་གྱུར་པ་ཨེ་མ་ཧོ། །
རིན་ཆེན་དང་པོ་ཐང་མར་བརྡལ་བ་ལས། །
རྒྱལ་བྱེད་ཚལ་དུ་ཀུན་དགའ་ར་བ་བཏབ། །
རྟག་ཏུ་མཆོད་སྦྱིན་གེ་སར་ལ་རོལ་བའི། །
སྐལ་ལྡན་ར་ཡིག་གཉིས་པའི་གཏམ་རྒྱུད་སྙན། །
ཁྱེད་ཀྱིས་བསྐྲུན་པའི་པད་ཚལ་ཡངས་པ་རུ། །
ཐུབ་དབང་ཉན་ཐོས་ངང་ངུར་བྱེ་བའི་ཁྱུ། །
ཐེག་གསུམ་རྫིང་བུར་སྤྱོད་པའི་བྱུང་རབས་ཀྱིས། །
འཕགས་ཡུལ་འཛིན་མའི་དཀྱིལ་འཁོར་དོག་པོར་བྱས། །
ཉེར་བཞི་པ། ཉེ་བར་འཁོར་གྱི་རབ་བྱེད།
འཚོ་བ་དབུལ་བོའི་ཁྱིམ་དུ་འཁྲུངས་ནའང་། །
ཡ་རབ་གཞུང་དྲང་ཆོག་ཤེས་ནོར་གྱིས་ཕྱུག །
ངེས་འབྱུང་གཤའ་མས་འཁོར་བའི་ལས་སྤངས་ཏེ། །
རབ་ཏུ་བྱུང་མཛད་ཉེ་བར་འཁོར་ལ་འདུད། །
སྟོན་པའི་དྲུང་ནས་ཟབ་ཆོས་མ་ལུས་གསན། །
ཆོས་འདུལ་རྒྱ་མཚོ་སྙིང་པོ་ཐུགས་སུ་འཁྱིལ། །
དགྲ་བཅོམ་ལྔ་བརྒྱས་བཀའ་བཞིན་བསྡུ་བ་མཛད། །
ཉེ་བར་འཁོར་གྱི་བཀའ་དྲིན་བརྗོད་ལས་འདས། །
ཉེར་ལྔ་པ། རྩྭ་འཚོང་བཀྲ་ཤིས་ཀྱི་རབ་བྱེད།
བྱང་ཆུབ་འབྲས་བུ་འདོད་པའི་ཐུགས་བསྐྱེད་ཀྱིས། །
ནེ་ར་ཛ་ཉའི་གཙང་འགྲམ་ཉུལ་བ་ན། །
གཞན་ཕན་ར་ཡིག་ཚོགས་ཀྱིས་འཁྱུད་པ་ཡི། །
བཀྲ་ཤིས་པདྨ་གཞོན་ནུ་ཤར་བར་གྱུར། །
བཀྲ་ཤིས་གཞོན་ནུའི་ཀུ་ཤ་བཀྲ་ཤིས་པས། །
ཉིན་ཡང་བཀྲ་ཤིས་མཚན་ཡང་བཀྲ་ཤིས་ཤིང་། །
རྟེན་འབྱུང་ཆོས་ཀུན་བཀྲ་ཤིས་གྱུར་ཉིན། །
བཅོམ་ལྡན་ཉིན་མོར་བྱེད་པ་འཆར་བར་རྩོམ། །
དད་པའི་ནོར་ལྡན་སྐྱེས་བུ་བཟང་པོ་དེར། །
དེ་རིང་ཁྱོད་ཀྱི་རྩྭ་ནི་དོན་ཡོད་ཅེས། །
བྱང་ཆུབ་ཤིང་གི་དྲུང་ན་གདན་བཅས་ཏེ། །
མི་གཡོའི་ཏིང་འཛིན་བསྒོམས་ལ་ཞུགས་པར་གྱུར། །
ཉེར་དྲུག་པ། མ་སྐྱེས་དགྲའི་རབ་བྱེད།
སྔོན་གྱི་ལས་དང་ཚེ་འདིའི་གྲོགས་ངན་གྱིས། །
རང་གི་བློ་གྲོས་རང་ལ་མི་དབང་ཞིང་། །
ཡབ་ཀྱང་དགྲ་རུ་ལྟ་བའི་ལས་ངན་པོ། །
མ་སྐྱེས་དགྲ་དེ་སྙིང་རྗེའི་ཡུལ་དུ་གྱུར། །
བརྩེ་ལྡན་མ་ལོའི་བྱིན་རླབས་མ་ཐོབ་ཅིང་། །
སྟོབས་ལྡན་ཕ་ཡི་བཀའ་དྲིན་མ་ཚོར་བར། །
རྒྱལ་སྲིད་ཕོང་ལ་སྦྱོར་བའི་སྐྱེས་བུ་དེར། །
མ་སྐྱེས་དགྲ་ཞེས་སྐྱེ་རྒུས་དམོད་པར་བྱེད། །
འོན་ཀྱང་བདེ་གཤེགས་ཐུགས་རྗེའི་ནམ་མཁའ་རུ། །
རིགས་དྲུག་སྐྱེ་བོ་རང་དབང་རྩེན་པ་ཡི། །
བྱིན་རླབས་གཤོག་ཟུང་སྩལ་པའི་སྐལ་བཟང་དེས། །
རང་ཉེས་མཐོང་སྟེ་བདེན་པའི་ལམ་དུ་ཞུགས། །
ཉེར་བདུན་པ། འཁོར་ལྔ་སྡེའི་རབ་བྱེད།
སྲིད་པའི་ཕུན་ཚོགས་མཆིལ་མའི་ཐལ་བཞིན། །
སྤོང་མཛད་གཞོན་ནུ་དོན་གྲུབ་དྲན་མ་ཐག །
ཆུང་ནས་རྒྱལ་བུར་འགྲོག་པའི་ལྔ་སྡེས་ཀྱང་། །
སོམས་ཉི་སྤངས་ཏེ་རབ་བྱུང་ལམ་བུར་ཞུགས། །
དམ་ཆོས་ཆུ་གཏེར་ཐོག་མར་འཁྱིལ་བའི་སྣོད། །
རིན་ཆེན་གསེར་གྱི་ས་གཞི་ལས་ལྷག་པའི། །
སྐལ་བ་མཆོག་ལྡན་བློ་གྲོས་མཚུངས་མེད་པ། །
ལྔ་སྡེ་བཟང་པོའི་ངོ་མཚར་སྲིད་ལས་བརྒལ། །
གནས་ཀྱི་མཆོག་གྱུར་ས་ར་ན་ཐ་རུ། །
ཆོས་ཀྱི་ཡང་རྩེ་བདེན་བཞིའི་གནད་ཟབ་མོ། །
འཁོར་གྱི་ཐོག་མ་ལྔ་སྡེ་བཟང་པོ་ལ། །
ཇི་ལྟར་སྩལ་བའི་བཀའ་དྲིན་བརྗེེད་པར་དཀའ། །
ཝར་ཎཱ་ཟུང་གི་གཙང་པོ་བཞུར་བའི་འགྲམ། །
དྲང་ལྷུང་བ་རི་དྭགས་ནགས་ཚལ་དུ། །
བདེན་བཞིའི་སྦྲང་ཆར་བསིལ་མ་ཕབ་པ་ན། །
མཆོག་གསུམ་ཨུ་དུམ་ཝ་ར་འཁྲུངས་པར་གྱུར། །
ཤེས་རབ་ཟླ་མེད་ཀུན་ཤེས་ཀོ་ཊའི་ནྱ། །
སྤྱོད་པས་རབ་མཛེས་འཕགས་པ་རྟ་ཐུལ་དང་། །
གནས་བརྟན་རླངས་པ་མིང་ཆེན་བློ་བཟང་ལྡན། །
དགྲ་བཅོམ་རྣམ་ལྔ་ཐུབ་བསྟན་རྒྱན་དུ་མཛེས། །
ཉེར་བརྒྱད་པ། རིང་འཕུར་དང་ལྷག་སྤྱོད་ཀྱི་རབ་བྱེད།
བརྟུལ་ཞུགས་སྤྱོད་པའི་ནགས་སུ་རྒྱུ་བ་ཡི། །
སྡེ་བཞིའི་རིག་བྱེད་སཱ་ལ་བྱེ་བའི་བདག །
རིང་འཕུར་དང་ནི་ལྷག་སྤྱོད་མཁས་སོ་ཞེས། །
སྙན་པའི་རླུང་བུ་གཡོ་དེར་མཇལ་བ་ན། །
དད་གུས་སྦྲང་བུས་ཞབས་ཟུང་པདྨོའི་རྡུལ། །
རེ་ཞིག་འཐུང་བའི་ངང་ཚུལ་བཟུང་ནའང་། །
ཁྱེད་ཀྱི་མཁྱེན་རབ་ཉིན་མོར་བྱེད་པའི་གཟི། །
སྐྱོད་པའི་ནམ་མཁའ་སླར་ཡང་འཚོལ་དགོས་བྱུང་། །
རིང་འཕུར་རིང་དུ་གྲགས་ཤིང་བརྩེ་བས་ཕྱུག །
ལྷག་སྤྱོད་སྤྱོད་པ་དུལ་ཞིང་ཏིང་འཛིན་ཟབ། །
དེ་ལྟ་ན་ཡང་ཐར་བའི་ལམ་པོ་ཆེ། །
དམ་པ་དེ་དག་ལས་ཀྱང་ཐོབ་མ་གྱུར། །
སྲིད་པའི་མཚོ་མོ་སྐྱིལ་བྱེད་སྡུག་ཀུན་གཉིས། །
ཐར་བའི་གྲོང་གི་ཐེམ་སྐས་འགོག་ལམ་ཟུང་། །
ཕན་ཚུན་རྒྱུ་དང་འབྲས་བུར་འཆར་བ་ཡི། །
ཤེས་རབ་དེ་ཀོ་སྒོམ་སྟོབས་ཁོ་ནས་རྙེད། །
ཉེར་བརྒྱད་པ། རིང་འཕུར་དང་ལྷག་སྤྱོད་ཀྱི་རབ་བྱེད།
བརྟུལ་ཞུགས་སྤྱོད་པའི་ནགས་སུ་རྒྱུ་བ་ཡི། །
སྡེ་བཞིའི་རིག་བྱེད་སཱ་ལ་བྱེ་བའི་བདག །
རིང་འཕུར་དང་ནི་ལྷག་སྤྱོད་མཁས་སོ་ཞེས། །
སྙན་པའི་རླུང་བུ་གཡོ་དེར་མཇལ་བ་ན། །
དད་གུས་སྦྲང་བུས་ཞབས་ཟུང་པདྨོའི་རྡུལ། །
རེ་ཞིག་འཐུང་བའི་ངང་ཚུལ་བཟུང་ནའང་། །
ཁྱེད་ཀྱི་མཁྱེན་རབ་ཉིན་མོར་བྱེད་པའི་གཟི། །
སྐྱོད་པའི་ནམ་མཁའ་སླར་ཡང་འཚོལ་དགོས་བྱུང་། །
རིང་འཕུར་རིང་དུ་གྲགས་ཤིང་བརྩེ་བས་ཕྱུག །
ལྷག་སྤྱོད་སྤྱོད་པ་དུལ་ཞིང་ཏིང་འཛིན་ཟབ། །
དེ་ལྟ་ན་ཡང་ཐར་བའི་ལམ་པོ་ཆེ། །
དམ་པ་དེ་དག་ལས་ཀྱང་ཐོབ་མ་གྱུར། །
སྲིད་པའི་མཚོ་མོ་སྐྱིལ་བྱེད་སྡུག་ཀུན་གཉིས། །
ཐར་བའི་གྲོང་གི་ཐེམ་སྐས་འགོག་ལམ་ཟུང་། །
ཕན་ཚུན་རྒྱུ་དང་འབྲས་བུར་འཆར་བ་ཡི། །
ཤེས་རབ་དེ་ཀོ་སྒོམ་སྟོབས་ཁོ་ནས་རྙེད། །
ཉེར་དགུ་པ། དགེ་སློང་མ་ཨུཏ་པ་ལའི་རབ་བྱེད།
མཉན་ཡོད་གྲོང་གི་མཛེས་མའི་ཡང་རྩེ་རུ། །
ང་རྒྱལ་རྐང་སེན་འགོད་པའི་མི་མོ་ཁྱེད། །
ལང་ཚོའི་མེ་ཏོག་སད་ཀྱིས་མ་བཅོམ་བར། །
སྲིད་པའི་ཕུན་ཚོགས་བསླུ་བར་མ་གོ་ཨང་། །
ཕ་མས་ཕྱུག་པོའི་བག་མར་བྱིན་ནའང་། །
མཛའ་གྲོགས་སྤྲང་པོ་བློ་ཡིས་མ་ཐོང་བར། །
ཆུང་ནས་ས་མཐའ་འགྲིམ་པའི་མཛངས་མ་ཁྱེད། །
འཁོར་བའི་རང་མཚང་འཚོལ་བར་ཆས་པ་འདྲ། །
བརྩེ་བའི་མཛའ་བོ་གདུག་ཅན་སྤྲུལ་གྱིས་བསད། །
སྙིང་གི་བུ་གཉིས་གླག་དང་གཙང་པོས་ཁྱེར། །
ཁྱིམ་གྱི་ཕ་མ་འབྱུང་བཞིའི་གནོད་པས་བརླགས། །
དམྱལ་བའི་དུ་ཁ་ཁྱོད་ལ་མངོན་སུམ་གྱུར། །
དེ་ལྟར་སྤྲུལ་གདུག་ཚང་དུ་ཉལ་འདྲ་བའི། །
སྡུག་བདེན་རྒྱ་མཚོའི་རླབས་ཀྱིས་ནོན་པ་ན། །
ངེས་འབྱུང་མིག་གི་ནོར་བུ་འཚོལ་བ་ཁྱེད། །
ཐུབ་པའི་དྲུང་ནས་རབ་བྱུང་ལམ་བཟང་རྙེད། །
རིང་ཕུར་ལྷག་སྤྱོད་གཉིས་ལས།
་
ཉེར་དགུར་སོན་པའི་གཞོན་ནུ་དོན་གྲུབ་ཀྱིས། །
རྒྱལ་ཁམས་བཞག་ནས་ནགས་སུ་བདེན་འཚོལ་སྐབས། །
རིང་འཕུར་ཞི་གནས་ལྷག་སྤྱོད་ལྷག་མཐོང་གསན། །
དེ་དག་བསྒོམས་པས་འཁོར་བར་མ་གྲོལ་གཟིགས། །
་
འདི་ལ་ཁུངས་གང་ནས་བརྙེད་ཐུབ་བམ། ལགས།
ཡང་ན། རིང་འཕུར་ལྷག་སྤྱོད་གཉིས་ལས།
་
དོན་གྲུབ་ནགས་སུ་བདེན་འཚོལ་སྐབས། །
རིང་འཕུར་ལྷག་སྤྱོད་གཉིས་དག་ལས། །
བསམ་གཏམ་གཟུགས་མེད་ཆོས་འཁོར་གསན། །
བསྒོམས་པས་འཁོར་བར་མ་ཐར་གཟིགས། །
་
འདི་གཉིས་ལ་ཁུངས་གང་དུ་ཡོད་དམ། ལགས།