ཨ་འདུས་སྐལ་བཟང་རྒྱ་མཚོ།
གང་དག་དམ་ཆོས་ཟབ་མོ་མི་ཤེས་ཤིང་།།
བརྩེ་བའི་བདག་ཉིད་ཅན་ལ་གུས་པ་ཡི།།
ཤར་ནུབ་སྐྱེ་བོ་མང་པོའི་གུས་ལུགས་འདིར།།
རྩུབ་མོའི་ཚིག་མཚོན་འདེབས་པ་རིགས་མ་ཡིན།།
ཡུལ་ལུང་རེ་ན་རང་གི་སྲོལ་བཟང་རེ།།
ཟ་ཁང་རེ་ན་སྣ་མང་བཟའ་བཏུང་རེ།།
སྐྱེས་བོ་རེ་ལ་འདྲ་མིན་གུས་ལུགས་རེ།།
བརྒྱ་ཁ་གཅིག་གིས་གཅོད་པ་བླུན་པོའི་སྲོལ།།
བོད་རྣམས་ཐུབ་སྐུ་སྐྱིལ་ཀྲུང་ཅན་ལ་དགའ།།
ཐེ་དང་འབར་མ་མྱང་འདས་སྐུ་ལ་དད།།
ནུབ་ཀྱི་གཞོན་ནུ་ལུས་ལ་འབྲི་བར་མོས།།
ཀུན་ཀྱང་དགའ་བས་ཡིད་ཀྱིས་དྲངས་པ་ཙམ།།
མདོར་ན་བཟང་དང་བཙོག་གི་རྣམ་དབྱེ་ཀུན།།
བསམ་པ་བཟང་པོའི་ཚོན་གྱིས་བསླད་ཐུབ་ན།།
ལུང་པ་འགའ་རེའི་སྲོལ་དང་མ་མཐུན་ཡང་།།
ཤེས་རབ་ཅན་གྱིས་དེ་ལ་སྨོད་དོན་ཅི།།
འབྲེལ་མེེད་ས་རྡོས་བཟོས་པའི་ཐུབ་སྐུ་ལ།།
བསོད་ནམས་དཔགས་མེད་ཡོད་པ་བདེན་གྱུར་ན།།
རང་ལུས་རིན་ཆེན་གདན་དུ་བྱས་པ་ཡི།།
ཁབ་གཙགས་སྐུ་དེེས་ཉེས་ཞེས་ཅི་ལྟར་འཆད།།
དགའ་བའི་གནས་སུ་བརྩེ་བས་འོ་བྱེད་ཅིང་།།
དུང་བའི་མི་ལ་ལུས་ཀྱིས་འཁྱུད་པ་སོགས།།
དད་དང་གུས་པའི་རྣམ་གྲངས་ཐ་དད་ཀུན།།
མདོར་ན་བསམ་པ་བཟང་པོའི་རྣམ་འགྱུར་ཡིན།།
སྣ་མང་འགྲོ་བའི་ཁམས་དང་མོས་པ་ནི།།
ཐུབ་པ་ཉིད་ཀྱིས་མཁྱེན་གྱི་གཞན་མིན་ན།།
གང་དག་སྟོན་པའི་སྤྱན་ཟུང་མཇལ་བ་དག།
རིང་མིན་བྱང་ཆུབ་ལམ་དུ་གཤེགས་གྱུར་ཅིག།
སྔ་དྲོ་ཆིབ་ལབ་ཚབ་ཏུ་ཁ་འདོན་གྱིས། །
ཉིན་དགུང་ཤ་གཟན་ཚབ་ཏུ་སྔོ་ཚལ་ཟོས། །
ཕྱི་དྲོའི་ཁ་ཟས་ཚབ་ཏུ་ཇ་ཆང་འཐུང་། །
མཚན་མོར་གཉིད་ལབ་ཚབ་ཏུ་མ་ཎི་དྲོངས། །