ཆུ་རླངས་འབྲུག་བྱམས།
ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོར་གསལ་ལ་མི་གསལ་བའི་ཐག་སྒྲ་ཞིག་ངའི་སྒོ་ཁར་སླེབས་ནས་སྒོ་རྡུང་སོང། ངས་སྒོ་འབྱེད་མ་ཐུབ་པར་སྒེའུ་ཁུང་གི་སྒེའུ་ཡོལ་ཡར་བཀྱགས་ནས་སྒོ་རྡུང་མཁན་དེ་སུ་ཡིན་བལྟ་སྐབས། ངོ་ཤེས་རྙིང་པ་ཡོ་རོབ་ནས་ཡོང་བའི་སློང་མོ་བ་ཇོ་རྡོ་རྗེ་ལགས་རེད་འདུག ལམ་སང་སྒོ་ཕྱེས་ནས། སྐུ་ཁམས་བཟང་ངམ། བཀྲ་ཤིས་བདེ་ལེགས། ཡར་ཕེབས་རོགས་གནོངས་ཞུས་པ་ཡིན། ཇོ་རྡོ་རྗེ་ལགས་ཀྱི་ཞལ་ནས་ཅི་ཡང་མ་གསུངས་བར། མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་བཞིན་ནང་ལ་མི་ཡོང་ཟེར་ནས་ལག་བརྡ་བྱས་སོང། ངས་ཡང་བསྐྱར་ཨུ་ཚུགས་བརྒྱབ་ནས་ཡར་ནང་ལ་ཕེབས་རོགས་གནང་ཞུས་པ་ཡིན་པས། ཇོ་རྡོ་རྗེ་ལགས་ཀྱིས་སྔར་བཞིན་ངག་ནས་ཅི་ཡང་མི་གསུངས་པར་མགོ་བོ་གཡུག་བཞིན་ནང་ལ་མི་ཡོང་ཟེར། ཨོ་ཙི་ལ། དེ་འདྲ་མ་གསུངས་རོགས། སྒོ་འགྲམ་ལ་སླེབས་ནས་ནང་ལ་མི་ཡོང་ཟེར་ན་པེ་རེད། ཇོ་རྡོ་རྗེ་ལགས། ནང་ལ་འཁྱུག་ཙམ་ཞིག་ཕེབས་རོགས་གནོངས་ཟེར་བཞིན་ལག་པས་བཟུང་ནས་ཨུ་ཚུགས་ཐེངས་གསུམ་པ་བྱས་པ་ཡིན། ཇོ་རྡོ་རྗེ་ལགས་ཀྱི་གདོང་ལ་མི་འདོད་པའི་རྣམ་འགྱུར་ཞིག་སྟོན་བཞིན་ངག་ཇེ་དམ་དུ་སོང། རྐང་པ་རྡོ་ལ་བསྟེན། མགོ་བོ་གཡོན་དུ་འཁྱོར། མིག་གཉིས་འགབ་དུ་བལྟས། མིན་མིན་ཟེར་ནས་ལག་པས་འཐེན་ནས་ཇོ་རྡོ་རྗེ་ལགས་ངའི་ལག་ནས་ཤོར་གྲབས་ཡོད་སྐབས་སུ། སྐུ་ཞབས་དབང་ཟེར་བ་ཞིག་གིས། ཚ་གེ་ཚི་གེ་བྱས་ནས་བརྗོད་རྒྱུར། ཁོང་གི་མིང་ལ་ཇོ་རྡོ་རྗེ་རེད། མི་ཡག་པོ་ཡོད་རེད། ཁོང་གིས་ངག་ནས་གང་ཡང་གསུངས་ཤེས་ཀྱི་མ་རེད། དེ་གལ་ཆེན་པོ་ཡོད་མ་རེད། འོན་ཀྱང། མི་ཡག་པོ་ཞེ་དྲགས་ཡོད་རེད། ཕ་བཟང་པོ་ཞིག་གི་བུ་རེད་ཟེར་ནས་བསྟོད་བསྔགས་ཡང་ཡང་བྱས་སོང། ད་རེས་ཇོ་རྡོ་རྗེ་ལགས་ཁྱེད་གྱི་སྒོ་འགྲམ་དུ་ཡོང་དགོས་དོན་ཕ་ཤུལ་བུ་ཡིས་འཛིན་ཏུ་ཡོང་བ་རེད། སྐུ་ཞབས་དབང་གིས་བསྐྱར་བཟླས་ཡང་བཟླས་བྱས་ནས་ཇོ་རྡོ་རྗེ་ལགས་ནི་ཕ་བཟང་པོ་ཞིག་གི་བུ་རེད་ཟེར་བ་མ་གཏོགས་དེ་ལས་ཇོ་རྡོ་རྗེ་ལགས་ཀྱི་ཤེས་ཡོན་དང་འཇོན་ཐང་། སྲིད་ཇུས་བཅས་ཀྱི་ཐད་ལ་རྒྱུས་མངའ་གང་ཡང་མེད་པ་འདྲ།
ད་དུང་ཡ་མཚན་པ་ཞིག་ལ། ཧ་ཅང་ཐག་ཉེ་ན་ཡོད་པའི་ཁྱིམ་མཚེས་སྐུ་ཞབས་བཟང་ཟེར་བ་ཞིག་གིས་ལག་པ་ཡར་བཀྱགས་ནས་ངས་ཚིག་གཅིག་གཉིས་ཤིག་བཤད་ཆོག་པ་ཞུ་ཟེར། ལགས་རེད། སྐུ་ཞབས་དབང་གིས་གསུངས་པ་དེ་ག་རང་རེད། ཇོ་རྡོ་རྗེ་ལགས་ཀྱི་ཕ་ང་ལ་ཡང་རྒྱུས་མངའ་ཡོད། ང་རྡ་རམ་ས་ལར་བསྡད་དུས་ཇོ་རྡོ་རྗེ་ལགས་ཀྱི་ཕ་ངོ་ཤེས་ཀྱི་ཡོད། མི་ཞེ་དྲགས་ཡག་པོ་ཡོད་རེད། ཁོང་མི་ཚང་མས་ངོ་ཤེས་ཀྱི་རེད། ལས་ཀ་གང་ཡིན་ཡང་ཡར་ཞུ་སྐབས་མིན་ཁྱོན་ནས་གསུངས་ཀི་མ་རེད། ཁོང་གི་མིང་ལ་ཕྱེ་མ་ཀ་ར་ཟེར། ཁོང་མི་ཞེ་དྲགས་ཡག་པོ་དང་འཇོན་པོ་ཡོད་རེད་ཟེར་ནས་ནན་སྐུལ་བྱས། སྐུ་ཞབས་དབང་དང། སྐུ་ཞབས་བཟང་ལགས་གཉིས་ཀྱིས་ངའི་སྒོ་ཁ་ནས་ཇོ་རྡོ་རྗེ་ལགས་ཀྱི་ཞལ་རས་ལ་དཀར་ཚོན་འདྲེས་མའི་ཚོན་འདྲ་བྱུགས། མཚན་ཧ་ཅང་རུབ་མོད། འོན་ཀྱང། ཟླ་བའི་གྲིབ་གཟུགས་འོག་ནས་ཇོ་རྡོ་རྗེ་ལགས་ཀྱི་ཞལ་རས་ནི་ད་དུང་སྔར་བཞིན་རེད། ཇོ་རྡོ་རྗེ་ལགས་ཀྱིས་ཡར་མར་གང་ལ་ཡང་མི་བལྟ་བར་ངའི་མདུན་ནས་དྲང་ངེར་ལངས་ནས་བསྡད། ཡུད་ཙམ་ཞིག་ནས་ཁ་ངའི་ཕྱོགས་སུ་འཁོར་ནས་རེད་མདོག་མདོག་གི་རྣམ་འགྱུར་བསྟན།
སྐུ་ཞབས་དབང་ལགས་གར་སྟེགས་སྟེང་དུ་སོང་ནས་ཨ་ཅག་སྒྲོལ་ལགས་ངོ་སྤྲོད་བྱས། ཨ་ཅག་སྒྲོལ་ལགས་ཀྱིས་ཇོ་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་བསྡུས་པ་ཞིག་བསྐྱར་དུ་ངོ་སྤྲོད་བྱས། སྔོན་གོ་མ་མྱོང་བའི་གནས་ཚུལ་གསར་པ་གང་ཡང་མི་འདུག ཇོ་རྡོ་རྗེ་འཇོན་རབས་དང་ཡག་རབས་བཤད། གང་འདྲ་བྱས་ནས་ཤེས་ན་ཤེས་རབས་དང་ཡག་ན་ཡག་རབས་ཀྱི་རྒྱུ་མཚན་སུ་ལ་ཡང་བཤད་རྒྱུ་མི་འདུག ཡིན་ནའང། ཨ་ཅག་སྒྲོལ་ལགས་ཀྱི་གོ་སྐབས་དམ་འཛིན་གྱིས་རང་ཉིད་གྱི་ཨ་མའི་ལོ་རྒྱུས་བསྡུས་པ་ཞིག་ཁྱིམ་མཚེས་ཚོ་ལ་ངོ་སྤྲོད་བྱས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་དུ་ཨ་ཅག་སྒྲོལ་ལགས་ཀྱི་ཨ་མའི་བྱས་རྗེས་ཡོད་རབས་ཟེར། ཇོ་རྡོ་རྗེ་ལགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཤིག་ཡོད་པ་ཤེས་ཡོད་ཀྱང། འོན་ཀྱང། བཅའ་ཁྲིམས་ལ་མཇལ་མ་མྱོང་ཟེར། ཁོང་གི་ཕྱག་གཉིས་ཕྱོགས་གཅིག་ཏུ་སྒྲིལ་ནས་སྨོན་ལམ་བཏབ། སྐྱབས་སུ་མཆི། དཀོན་མཆོག་གིས་མཁྱེན། སྐྱེ་བ་རྗེས་མར་བཅའ་ཁྲིམས་ལ་མཇལ་ཐུབ་པའི་སྨོན་ལམ་ཡོད། ཨ་ཅག་སྒྲོལ་ལགས་ཀྱིས་དབུགས་རིང་ཤིག་དང་མཉམ་དུ་སྐད་ངག་སྙན་མོ་དབྱངས་སུ་གྱེར་ནས་གླུ་གཞས་ཤིག་བླངས་ནས་ཇོ་རྡོ་རྗེ་ལགས་གར་སྟེགས་སྟེང་དུ་གདན་འདྲེན་ཞུས།
ང་དང་ངའི་ཁྱིམ་མཚེས་ཚོས་ཇོ་རྡོ་རྗེ་ལགས་ག་རེ་བྱས་ནས་ངའི་སྒོ་འགྲམ་དུ་ཡོང་དགོས་པའི་རྒྱུ་མཚན་ཤེས་འདོད་ཆེ། ཇོ་རྡོ་རྗེ་ལགས་གར་སྟེགས་སྟེང་དུ་བུད། དུས་ཚོད་གཅིག་ལྷག་གི་རིང་གར་སྟེགས་སྟེང་དུ་ཞབས་བྲོ་འཁྲབས། གཞས་དང་ཚིག། དབྱངས་དང་བྲོ་འཁྲབ་མཁན་བཅས་ཀྱི་བར་ལ་མ་འདྲ་ས་མང་པོ་འདུག སྤྱིར་ང་ཆེས་དགའ་ས་ནི་གླུ་གཞས་ཀྱི་ཚིག་དང་དབྱངས། སྐད་ངག་སྙན་མོ་བཅས་ཡིན། ཡིན་ནའང། དགོང་མོ་དེར། གླུ་ཚིག་དང་དབྱངས། སྐད་ངག་སྙན་མོ་དེ་དག་ངའི་སེམས་པའི་ནང་དུ་འཛུལ་མ་ཐུབ། མཚམས་རེར་གར་སྟེགས་སྟེང་དུ་གཞས་གཏོང་མཁན་གྱི་ངོས་ནས་་་ལོ་་་ཟེར་ནས་ནང་དོན་མེད་པའི་སྐད་སྒྲ་གསལ་པོ་ཞིག་མ་གཏོགས་གཞན་གང་ཡང་གོ་མ་སོང། མཚན་མོ་དེར་ང་གླུ་གཞས་དེ་དང་ཁ་བྲལ། ཡིད་ཐང་ཆད། ཧ་ཅང་གི་ཐག་རིང་ཞིག་ལ་འགྲོ་འདོད་སྐྱེས། མི་མེད་ལུང་སྟོང་ཞིག་ལ་སོང་ནས་ཁུ་སིམ་གྱི་འཚོ་བ་ཞིག་སྐྱེལ་འདོད་བྱུང། རྒྱུ་མཚན་ནི་མཚན་ཚོགས་དེས་ངའི་ལྷིང་འཇགས་ཀྱི་འཚོ་བ་དེ་དཀྲུགས་སོང། ཁ་ཕྱོགས་མེད་པ་བཟོས་སོང། ངའི་མ་འོངས་བའི་མི་ཚེའི་ནང་དུ་འདི་ལྟ་བུའི་དགོང་ཚོགས་ཤིག་མི་ཡོང་བར་སྨོན། མཚན་ཚོགས་གྲ་སྒྲིག་བྱེད་མཁན་ཚོས་མ་འོངས་པ་འདི་ལྟ་བུ་ཞིག་གོ་སྒྲིག་མི་བྱེད་པར་སྨོན།
11/3/2020