ཐེ་བོ་སངས་རྒྱས།
ཕྱི་ཟླ་༡༡ ཚེས་༣ གཟའ་མིག་དམར། ཞོགས་པའི་ཆུ་ཚོད་༧
གནམ་ངོ་སྐྱ་ཤར་ཤར་དང་། ཁོར་ཡུག་གི་ཤིང་ལོ་ཡོད་ཚད་ལ་སེར་ཐིག་བབ་ཅིང་སྟོན་མཇུག་གི་རྣམ་པ་ཤར། ཁམས་ཀྱང་དེ་འདྲ་དྭངས་རྒྱུ་མི་འདུག གནམ་གཤིས་དང་མིའི་སེམས་ཁམས་བར་འདི་འདྲའི་འབྲེལ་བ་ཡོད་དོན་ཅི་ཡིན་ནམ་སྙམ། ག་ལེར་ཁྲུས་ཁང་ནང་སོ་བཀྲུ་ཞོར་རྒྱལ་སྤྱིའི་གསར་འགྱུར་ལ་ཉན།
ཨ་རིའི་སྲིད་འཛིན་འོས་ཤོག་གི་ཉིན་མོ་རེད་ཅེས་འུར་གྱིན་འདུག འདི་ནི་འཛམ་བུ་གླིང་བའི་མགོ་རྒྱལ་པོ་དང་ཕྱུག་བདག་ནས་མཇུག་ལྷམ་བཙེམ་དང་སྤྲང་པོའི་བར་གྱི་བྱུས་གཏོགས་ཡོད་མེད་ཀུན་པོའི་གླེང་གཞི་གཙོ་བོར་གྱུར། མཐར་དེད་ན། དེ་ནི་རྐུབ་བཀྱགས་ཤིག་གི་གནད་དོན་མ་ཡིན་ནམ། གློ་བུར་དུ་ངའི་སེམས་ལ། ཇེ་ནེའུ་ཝར་རྒྱལ་ཚོགས་ཀྱི་ཐང་ཆེན་སྟེང་གི་རྐུབ་བཀྱགས་རྐང་ཆག་མ་དེ་དང་། པེ་ཅིང་དུ་ལིའུ་ཞའོ་པའོ་ཡི་འདྲ་པར་སྐྱ་བོ་བཤམས་པའི་རྐུབ་བཀྱགས། མེཀ་ལོར་གྷན་ཇིའི་བྱུས་གཏོགས་རྐུབ་བཀྱགས་སོགས་འཕྲོ་རིམ་འཕྲོར་དྲན། རྐུབ་བཀྱགས་དེ་དག་གི་རྒྱབ་ཏུ་དབང་ཤུགས་དང་། མཚོན་དོན། རིན་ཐང་སོགས་ཡེ་ནས་མི་འདྲ་ཞིང་ཇི་འདྲའི་རྙོག་འཛིང་ཆེ་བ་ལ་ཨང་ཞེས་ཁ་ནས་ཤོར། མཚམས་དེར། རང་རེ་ཡུལ་གྱར་སྤར་བ་གང་པོ་འདིས་ཀྱང་ཤོར་ཟིན་པའི་བླ་མའི་རྒྱལ་ཁབ་ཀྱི་སྲིད་སྐྱོང་གི་རྐུབ་བཀྱགས་དེ་རྩོད་ཀྱིན་པ་མ་ཡིན་ནམ་དྲན་པའི་མུར། བཀའ་གདམས་བླ་མ་གོང་མ་དག་གིས་”གྱོང་ལྟོ་གོས་གཏམ་གསུམ་ལ་སྐུར” ཞེས་པ་འདི་དང་དེང་སང་གི་རྩོད་བཞིན་པའི་རྐུབ་བཀྱགས་གཉིས་ལ་འབྲེལ་བ་དམ་ཟབ་ཡོད་པའི་ངེས་ཤེས་ཀྱང་རྙེད།