གཡག་རྫི།
གཅིག
རྒྱུས་མངའ་མེད་པའི་མི་ཞིག་གི་གནས་ཚུལ་དང་ལོ་རྒྱུས་གླེང་སློང་བའམ་ཡི་གེར་འབྲི་བ་ནི་དོན་དག་མེད་ས་ནས་ཁ་མཆུ་ཉོ་བ་དང་བྱུར་གྱི་སྣ་འདྲེན་ཞིག་ཡིན་ལས་ཆེ། འོན་ཀྱང་རང་ཉིད་ཀྱིས་གང་མཐོང་བ་དང་ཐོས་པ་རྣམས་མ་གསང་དྲང་པོར་བརྗོད་ན་དེ་ཡང་ལུགས་དང་མི་མཐུན་པ་ཞིག་མིན་པར་འདོད། མི་ཡི་མི་ཚེ་ནི་ཟུར་མང་པོ་ཅན་དང་། ངོས་སྣ་ཚོགས་ཅན། ཆ་དུ་མ་ཅན་ཞིག་ཡིན་པས་མཐའ་གཅིག་ཏུ་ནག་པོ་ནག་རྐྱང་དང་ཡང་ན་དཀར་པོ་ཡུག་གཅིག་ཅན་གྱི་མི་ཚེ་ཞིག་འཇིག་རྟེན་འདིར་ཡོད་པར་འདོད་ན་དེ་ནི་ཆ་མ་ཚང་བའི་བསམ་བློ་ཕྱིན་ཅི་ལོག་པ་ཞིག་ཡིན་པར་སྙམ། དེའི་ཕྱིར་བླ་མ་གུ་རུའི་མི་ཚེ་ལའང་ངོས་དང་ཟུར་མང་པོ་ཡོད་ངེས་ཀྱང་ད་ལན་འདི་ནས་བྱས་ཤེས་དྲིན་གཟོའི་ཚུལ་དུ་ཁོང་གིས་ང་ཚོའི་སྤྱི་ཚོགས་སུ་བཞག་པའི་བྱས་རྗེས་རླབས་ཆེན་དག་གི་ཟུར་སྣེ་ཅུང་ཙམ་གླེང་ན་འདོད། དེ་ལས་གཞན་ཁོང་གང་ནས་ཡིན་མིན་དང་སུ་ལ་དད་མིན་ཅི་ཞིག་ལ་དགའ་མིན་སོགས་ནི་བརྗོད་ཀྱང་མི་ཤེས་ལ་ཤེས་ཀྱང་བརྗོད་འདོད་མེད།
ཁོང་གིས་རྩོམ་སྒྲིག་དང་དཔར་བསྐྲུན་གནང་བའི་དཔེ་ཆ་མང་པོ་ཞིག་གི་མཇུག་ཏུ་ཁོང་རང་གི་མཚན་ལ་རྒྱལ་ཡོངས་ས་ཆེན་ནས་ཚར་གྲྭ་གུ་རུས་ཞེས་བྲིས་ཡོད་ལ། རྒྱུན་དུ་མི་རྣམས་ཀྱིས་ཁོང་ལ་བླ་མ་གུ་རུ་ཞེས་འབོད། མ་གཞི་རྒྱལ་ཡོངས་ས་ཆེན་ཞེས་པ་ནི་ཁོང་གི་ལས་ཁུངས་ཀྱི་མིང་ཡིན་པ་དང་། ཁོང་གི་མཚན་ངོ་མ་གུ་རུ་ཞུ་བ་ཡིན་ཚོད་འདུག་ལ། ཚར་གྲྭ་ཞེས་པ་ནི་ས་སྐྱ་པའི་ཆོས་བརྒྱུད་ལ་ནང་གསེས་ས་ངོར་ཚར་རྫོང་བཞི་ཡོད་པའི་ནང་ནས་ཁོང་ཚར་པའི་ཆོས་བརྒྱུད་ཀྱི་གྲྭ་པ་ཞིག་ཡིན་པས་དེ་ལྟར་བཏགས་པར་ངེས། བླ་མ་གུ་རུ་ཞེས་པ་ཡང་ཡུལ་ལུང་མང་པོར་གྲྭ་པའི་མཚན་ལ་བླ་མ་ཞེས་འབོད་སྲོལ་ཡོད་པ་ལྟར་ཁོང་གི་མཚན་གྱི་ཐོག་མར་བླ་མ་ཞེས་བསྣན་པ་ཙམ་ལས་ཁོང་ལ་བླ་ཐོབ་ཡོད་པས་བླ་མིང་ཐོགས་སོང་བ་དེ་འདྲ་ཡིན་ཚོད་མི་གདའ།
གཉིས།
མི་སུ་ཞིག་གིས་དཀའ་བ་བརྒྱ་ཕྲག་དང་ངལ་བ་སྟོང་ཕྲག་གིས་བསྒྲུབས་པའི་དངོས་པོའི་དཔལ་ཡོན་མིག་གིས་མཐོང་བཞིན་དུ། དེ་ལོངས་སུ་སྤྱོད་བཞིན་དུ་ད་དུང་དེ་མ་མཐོང་བ་དང་མི་ཤེས་པའི་ཁུལ་གྱིས་ཇི་མི་སྙམ་པར་འཇོག་པ་ནི་བྱས་རྗེས་ཅན་ལ་ཆེ་མཐོང་མ་བྱས་པ་ཙམ་ཞིག་མིན་པར་སྤྱི་ཚོགས་གང་དེའི་ཁ་ཐུར་ལ་འཁོར་ནས་ཉམས་རྒུད་ཀྱི་ལམ་དུ་མུ་ནས་མུ་རུ་སྐྱོད་བཞིན་པ་མཚོན་པར་བཤད། དེས་ན་མ་བསྐུལ་དང་བླང་གིས་ཁོང་གི་བྱས་རྗེས་ཀྱི་ཆ་ཤས་ཅུང་ཙམ་རེ་བརྗོད་ཨེ་ཤེས་བལྟ་ན་འདོད་སོང་།
ང་ཚོའི་སྤྱི་ཚོགས་སུ་བླ་མ་གུ་རུས་དཔར་བསྐྲུན་གནང་བའི་གླེགས་བམ་དག་དང་རིན་མེད་དུ་བཀྲམ་པའི་ཡི་གེའི་དཔར་རྩ་རྣམས་ལྟ་ཀློག་དང་བེད་སྤྱོད་བྱེད་མཁན་ཧ་ཅང་མང་ན་ཡང་བླ་མ་གུ་རུ་ཞེས་པ་སུ་ཞིག་ཡིན་པ་དང་། ཁོང་གིས་ལོ་ཟླ་མང་པོར་དཀའ་སྤྱད་སྡུག་རུས་ཇི་ཙམ་བྱས་ནས་ཡང་ན་མི་ཚེའི་ཆ་ཤས་མང་དག་ཅིག་སྤྱི་ཚོགས་སུ་བསྔོས་པའི་གྲུབ་དོན་ད་གཟོད་ང་ཚོས་གཞི་རྒྱ་ཆེ་བའི་གསུང་རབ་འདི་དག་ཀློག་ཐུབ་པ་དང་། དཔང་མཐོ་ཞིང་གཏོས་ཆེ་བའི་པོ་ཏི་འདི་དག་ཅི་ཞིག་བྱས་ནས་མཇལ་རྒྱུ་རག་པ་ཡིན་ཤེས་མཁན་ཉུང་ཉུང་ཡིན་པར་སྣང་།
མ་གཞི་བླ་མ་གུ་རུ་ནི་རང་ཉིད་ཀྱིས་རང་ཉིད་ཁྱབ་བསྒྲགས་བྱ་རྒྱུ་ལ་དགའ་མཁན་ཞིག་ཡིན་ཚོད་མ་རེད། རྒྱུ་མཚན་ནི་ཁོང་ཁྲི་ཐོག་གདན་ཐོག་གི་བླ་ཆེན་གང་ཞིག་དང་མཉམ་དུ་ཐོད་པ་གཏུགས་པའི་འདྲ་པར་དང་། ཟ་ཁ་སྡེར་ཁ་ནས་མི་ཆེན་སུ་ཞིག་དང་མཉམ་ཟ་མཉམ་འཐུང་བྱས་པའི་བརྙན་སོགས་གང་ཡང་མཐོང་རྒྱུ་མེད་ལ། “བསྒྲུབ་རྒྱུ་མི་གཙོ་བསྒྲག་རྒྱུ་གཙོ་”བའི་དེ་རིང་གི་མི་དག་དང་མི་འདྲ་བར་བླ་མ་གུ་རུས་སྤེལ་བའི་དཔེ་ཚོགས་འགྲེམས་བརྡ་དང་། དཔེ་བདེ་དབུ་འབྱེད། དཔར་སྐྲུན་སྔོན་བརྡ་སོགས་ཀྱི་དྲིལ་སྒྲོག་ལས་འགུལ་གང་ཡང་མིག་ལམ་ལ་མཐོང་རྒྱུ་མེད། མི་ཚོགས་འདུ་ས་སྨོན་ལམ་དང་། གསུང་ཆོས། མཛད་སྒོ་སོགས་ཀྱི་སྐབས་སུ་ཡང་ཁོང་ལ་གདན་ཐོབ་དང་གོ་གནས་དམིགས་བསལ་བ་གང་ཡང་མེད་པས་གྲྭ་རྐྱང་དཀྱུས་མ་ཞིག་གི་ཚད་ལས་སྤྱི་ཚོགས་ཀྱི་མིག་ལམ་ལ་རྒྱུན་དུ་མངོན་བསྡད་པ་དེ་འདྲ་ཞིག་གཏན་ནས་མ་རེད།
ངས་ཀྱང་མི་ཚེ་འདིར་བླ་མ་གུ་རུ་མཐོང་བ་ཐེངས་གཅིག་ཡིན། དེ་ནི་ཕྱི་ལོ་༢༠༡༤ལོའི་དབྱར་མཇུག་གི་ཕྱི་དྲོ་ཞིག་རེད། ངས་གསལ་བོ་དྲན་གྱི་འདུག །དགོང་ཕྱི་དྲོའི་ཉི་འོད་སྒེའུ་ཁུང་ནས་ནང་དུ་འཛུལ་ཏེ་བར་སྣང་ལ་ལྡིང་སྐོར་རྒྱག་བཞིན་པའི་རྡུལ་རྣམས་དང་ལྷན་དུ་རས་ཐགས་ཡུག་ཅིག་གི་ཟོལ་གྱིས་བརྐྱངས་ནས་ཡོད་པའི་སྣེ་མོར། ཅོག་ཙེ་སྟེང་གི་དཔེ་དེབ་དང་། སྨྱུག་སྣོད། ད་དུང་དེབ་གཟེར་སོགས་ཀྱི་གྲིབ་མ་རིང་ཐུང་མི་མཉམ་པ་དག་ཕན་ཚུན་སྣོལ་ནས་འདུག །མཐོང་མྱོང་བའི་གྲྭ་རྒན་ཞིག་གིས་གཏན་ནས་མཐོང་མྱོང་མེད་པའི་གྲྭ་རྒན་ཞིག་ཁྲིད་ནས་གློ་བུར་དུ་ང་ཚོའི་ལས་ཁུངས་སུ་འཛུལ་ཡོང་སོང་། རོགས་པ་འགས་ཁམས་འདྲི་བྱས་ཤིང་ཁོང་གཉིས་ཀ་རྐུབ་བཀྱག་སྟེང་དུ་ཙོག་ནས་ཅུང་ཙམ་ངལ་གསོ་བའི་ཚུལ་བྱས་ཏེ་རོགས་པ་ཚོ་དང་མཉམ་དུ་སྐད་ཆ་ཤབ་བི་ཤུབ་བི་འགའ་བཤད་སོང་མོད་ངས་ནི་ཅི་ཞིག་བཤད་མ་ཚོར་ལ་ཁ་ཡང་མ་གྲགས་པར་རང་གི་ལས་ཀར་འཐོམས་ཏེ་མདུན་གྱི་གློག་ཀླད་ལ་ཅེར་ནས་བསྡད་པ་ཡིན། ཅུང་མ་འགོར་བར་གྲྭ་རྒན་གཉིས་ཀ་བུད་སོང་ལ། ཁོང་གཉིས་སོང་རྗེས་རོགས་པ་ཞིག་གིས་བླ་མ་གུ་རུ་ཟེར་བ་དེ་རེད་ཟེར། ངའི་སེམས་ལ་ཕངས་སེམས་ཤིག་ངང་གིས་སྐྱེས་ཤིང་འགྱོད་པ་ཞིག་དབང་མེད་དུ་ཤོར་མོད་སུ་ལའང་ལེ་བདའ་བྱ་ས་མེད་པས་ཅི་ཞིག་བྱ། དེ་ནི་གཞན་གང་ཡང་མིན་པར་རང་ཉིད་ཀྱི་ལས་ཀ་དང་འབྲེལ་བའི་དཔེ་ཆ་དང་ཡི་གེའི་དཔར་རྩ་འགའ་བླ་མ་གུ་རུ་ལ་སློང་མོ་བྱེད་འདོད་པས་ཡིན། འོན་ཀྱང་དུས་ཚོད་ཀྱིས་ང་མི་སྒུག་ཅིང་ངས་གོ་སྐབས་དམ་འཛིན་མ་ཐུབ་པར་ཤོར་སོང་བ་རེད།
གསུམ།
ས་སྐྱ་པ་ལ་མཚོན་ན་བླ་མ་གུ་རུ་ནི་གནད་ཡོད་མི་སྣ་གལ་ཆེན་ཞིག་ཡིན་པར་འདོད། སྤྱིར་གནད་ཡོད་མི་སྣ་ཞེས་པའི་ངོས་འཛིན་ལུགས་ལ་རིགས་སྣ་ཚོགས་ཤིག་ཡོད་པར་སྣང་སྟེ། མི་ལ་ལ་ཞིག་གིས་གནད་ཡོད་མི་སྣ་ཟེར་བ་ནི་དགོན་པ་དང་སློབ་གྲྭ་སོགས་ཚོགས་སྡེ་ག་གེ་མོའི་འགན་འཛིན་དང་སློབ་སྤྱི་སོགས་ཡིན་དགོས་པར་འདོད་པ་དང་། ཡང་ལ་ལས་བླ་མ་དཔོན་པོ་སྤྲུལ་སྐུ་མཁན་པོ་སོགས་ཀྱི་མིང་དམིགས་བསལ་བ་ཞིག་ཐོགས་ནས་བཟུང་སྟེ་གནད་ཡོད་མི་སྣར་འགྱུར་འགྲོ་བ་དང་། གཞན་དག་ཕྱི་རྒྱལ་སོགས་སུ་ཆོས་ཚོགས་ཟེར་བའི་ཁྱིམ་གཞིས་ཤིག་ཡོད་ཅིང་དེར་སློབ་མའམ་སྦྱིན་བདག་གི་འཁོར་གྱིས་བསྐོར་ན་དེ་ཡང་དེ་ཡིན་པར་འདོད་པ་དང་། ཡང་འགའ་རེས་བླ་ཆེན་དཔོན་ཆེན་དག་དང་ཐད་ཀར་འབྲེལ་པ་ཞུ་ཆོག་ཅིང་ཁོང་ཚོ་དང་འགྲོགས་འདྲིས་ཅུང་ཙམ་རེ་ཡོད་ན་རང་ཉིད་གནད་ཡོད་མི་སྣ་ཟེར་བ་དེ་ཡིན་པར་རློམ་མཁན་སོགས་དུ་མ་ཞིག་ཡོད་ནའང་།
ངས་ནི་ཁྱོད་ཀྱིས་མི་ཚེ་འདིར་སྤྱི་ཚོགས་སུ་སྨན་པའི་ལས་ཀ་གང་ཡང་མ་བྱས་པའམ། ཁྱོད་ཤི་སོང་ན་སྤྱི་ཚོགས་འདིར་སྲིད་འབྱོར་རིག་གསུམ་གང་གི་ཐད་ནས་གྱོང་གུད་ཅི་ཡང་མེད་ན་ཁྱོད་ལ་མིང་དང་ཐོབ་སོགས་ཅི་ཞིག་ཡོད་རུང་ཁྱོད་གནད་ཡོད་མི་སྣ་ཟེར་བ་དེ་གཞར་ཡང་མིན་ནོ་ཞེས་བརྗོད་པར་འདོད། དེས་ན་བླ་མ་གུ་རུ་ཟེར་བའི་གྲྭ་བ་གྲྭ་རྐྱང་དེས་མི་ཚེ་གང་བོར་ང་ཚོའི་སྤྱི་ཚོགས་ལ་སྨན་པའི་བགྱི་བ་བགྱིས་ཡོད་ལ། གལ་སྲིད་བླ་མ་གུ་རུ་ཟེར་བའི་གྲྭ་རྐྱང་དཀྱུས་མ་འདི་མེད་ཚེ་དེ་རིང་གི་ང་ཚོའི་མིག་སྔའི་ཆོས་རྩིག་བྲག་རི་མ་འདི་ཚོ་འདི་ལྟར་གྲངས་འབེལ་བོ་དང་སྟབས་བདེ་མོ་བྱས་ནས་མཇལ་མི་ཐུབ་པ་སེམས་ཐག་ཡིན་ས་རེད།
བཞི།
དུས་དང་དུས་སུ་བླ་མ་གུ་རུས་གཞི་རྒྱ་ཆེ་ལ་གྲངས་ཀ་མང་བའི་ས་སྐྱ་པའི་གསུང་རབ་འདི་དག་གི་ཆེད་དུ་རང་ཉིད་བློས་གཏོང་གིས་ལོ་དང་ཟླ་བ་མང་པོའི་རིང་ལ་དཀའ་ཚེགས་དང་འོ་བརྒྱལ་ཇི་ཙམ་ཞིག་མྱངས་ནས་བྱ་བ་རླབས་ཆེན་པོ་འདི་དག་བསྒྲུབས་ཡོད་ཨང་སྙམ་ན་ལས་སླ་བོར་བློ་ཡུལ་དུ་ཤོང་ཐུབ་པ་ཞིག་མ་རེད། རྒྱུ་མཚན་ནི་ལོ་འདི་དག་གི་རིང་ལ་ང་ཚོས་གློག་ཀླད་དུ་ཡི་གེ་བཏགས་ཤིང་། ཡི་གེ་ལ་ཞུ་དག་བགྱིས། གློག་ཀླད་ཀྱི་ཁ་གཏད་དུ་འགྲེང་སྟེ་ལས་ཀ་བྱེད་པའི་དུས་ཡུན་ཐུང་ཐུང་རེའི་ནང་དུ་ཡང་རྒྱབ་ན་ཞིང་མིག་ཚ་བ་དང་། ཉོབ་སྣང་དང་སུན་སྣང་གིས་གདུང་ཡོང་བས་ཡི་གེའི་ལས་ཀ་བྱ་རྒྱུ་ནི་དེ་འདྲ་སྩ་མོ་ཞིག་གཏན་ནས་མ་རེད། ཁ་འཁོབ་ལག་འཁོབ་ཏུ་གྱུར་པའི་ང་དང་ངའི་ལས་རོགས་ཚོས་ཡི་གེའི་ལྷུ་ལག་ཅུང་ཙམ་རེ་སྒྲིག་ན་ཡང་མ་བསམ་ས་ནས་ཆད་འགྲོ་བ་མ་ཟད་བསམ་བཞིན་དུ་ཡིག་ནོར་འབྲི་བ་དང་། མི་ཤེས་པ་དེ་ཚོ་ལྟ་ཅི་ཅུང་ཙམ་ཤེས་པ་དག་ཀྱང་ཡིག་ནོར་དང་ཆད་སྐྱོན་གྱི་ལམ་ལ་ཤོར་འཇོག་པ་འདི་ལ་བལྟས་ན་ངོ་མ་དཀའ་མོ་ཡིན་ས་རེད།
དེ་ཙམ་མ་ཟད་ད་དུང་འུ་ཚོའི་བཤད་གྲྭ་དང་ཚོགས་པ་དགོན་སྡེ་ཁག་གིས་ཐ་ན་རང་ཉིད་ཀྱི་སློབ་ཚན་ཙམ་པོ་ཡང་གཞན་གྱིས་དཔར་བསྐྲུན་བྱས་པའི་དཔེ་དེབ་དང་ཡི་གེ་དག་གཡར་ནས། དེ་ཚོ་དཔར་སློག་དང་བསྐྱར་བཤུ་རྐྱང་རྐྱང་བྱས་ནས་སྡོད་ཡོད་པ་མ་ཡིན་ནམ། ཡིད་མི་ཆེས་ན་ཁྱོད་རང་མིང་བྱང་སྙན་པོ་ཅན་གྱི་དཔེ་མཛོད་ཁང་ཟེར་བ་དེ་ཚོའི་ནང་དུ་འཛུལ་ནས་ཡར་མར་མིག་བཤེར་ཐེངས་གཅིག་གྱིས་དང་། ཁྱོད་ཀྱི་མིག་ལམ་ལ་འཆར་ཡོང་བ་མང་པོ་ཞིག་ནི་“ཐེ་ཝན་ནས་རིན་མེད་”དུ་ཁྱེར་ཡོང་བ་དེ་ཚོ་མིན་ན། “དར་ཐང་གིས་ཆོས་སྦྱིན་”དུ་གནང་བ་དག་ཡིན་ངེས། དེ་མིན་རང་ཉིད་ཀྱི་ལག་པ་འགུལ་ཏེ། ཡང་ན་སོ་སོས་འགྲོ་སོང་བཏང་སྟེ་དཔར་བསྐྲུན་བྱས་ཤིང་དགོས་མཁོ་ཆེ་བའི་གསུང་རབ་ཀྱི་གླེགས་བམ་ཇི་ཙམ་ཞིག་མཐོང་རྒྱུ་འདུག །འོ་རེད་ཁོ་ཚོས་རང་ཉིད་ཀྱིས་བརྩམས་ཤིང་རང་ཉིད་ཀྱིས་ཀློག་ཤེས་པའི་“དུས་དེབ་”དེ་ཚོ་དང་། མཛད་སྒོ་སོགས་སུ་དྲིལ་སྒྲོག་གི་ཆེད་དུ་དགྲམ་རྒྱུའི་“བརྙན་དེབ་”མཐུག་པོ་འགའ་དཔར་སྐྲུན་བྱས་ཡོད་པ་མ་ཡིན་ནམ། དེ་ལྟར་ཞིབ་ཏུ་འདང་བརྒྱབ་ཚེ་ང་ཚོའི་སྤྱི་ཚོགས་ཀྱི་མི་མང་པོ་ཞིག་གིས་དུས་ཚོད་རིང་པོ་རིང་པོ་ཞིག་ལ་ཁ་ནས་“བདེ་བླག་ཏུ་འགྲུབ་པའི་གཏམ་ཨེ་མ་ཧོ་”བྱུང་རྒྱལ་དུ་བཤད་ནས་བསྡད་པ་ལས། ལག་ནས་དོན་དག་ཡོད་པའི་བྱ་བ་ཅི་ཞིག་བསྒྲུབས་ཡོད་ཨང་སྙམ་ན་བསམ་བློ་བསྐྱར་གཏོང་ཞིག་མི་བྱ་ཐུ་མེད་ཡིན་ས་རེད།
ལྔ།
བླ་མ་གུ་རུ་ནི་ཁ་བཤད་ཆུ་ཡི་ལྦུ་བ་གང་ཐོན་ཐོན་དུ་གཤོ་མཁན་ཞིག་མིན་པར་ལག་ལེན་གསེར་གྱི་ཐིགས་པ་ཉམས་སུ་སྟར་མཁན་ཞིག་ཡིན་པས་མི་ལོ་མང་པོར་ལྷག་བསམ་རྣམ་དག་གིས་དཀའ་སྡུག་སྣ་ཚོགས་ལ་གདོང་གཏད་དེ། ས་སྐྱ་པའི་སྔོན་བྱོན་མཁས་པ་དག་གི་གསུང་རབ་ལེགས་བཤད་རྣམས་“ཡུས་མ་བཤད་”ཅིང་“འུར་མ་བརྒྱབ་”པར་ཧ་ཅང་ཁ་ཁུ་སིམ་པོའི་སྒོ་ནས་གྲ་དག་སྒྲོས་གཙང་གི་དཔེ་ཆ་ཇི་སྙེད་ཅིག་ང་ཚོའི་མིག་མདུན་དུ་བཤམས་ཡོད་པ་འདི་རེད། དཔེར་ན་ལམ་འབྲས་སློབ་བཤད། ལམ་འབྲས་ཚོགས་བཤད། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས། མཁའ་སྤྱོད་བེའུ་བུམ། གྲགས་ཆེན་བཅོ་བརྒྱད་སོགས་དཔེ་ཚོགས་ཀྱི་སྐོར་དང་། ས་སྐྱ་བཀའ་འབུམ། ངོར་ཆེན་བཀའ་འབུམ། རོང་སྟོན་བཀའ་འབུམ། ཀུན་མཁྱེན་བཀའ་འབུམ། ཤཱཀ་མཆོག་བཀའ་འབུམ། མང་ཐོས་བཀའ་འབུམ། ཨ་མེས་ཞབས་ཀྱི་བཀའ་འབུམ། ངག་ཆོས་བཀའ་འབུམ། ཞུ་ཆེན་བཀའ་འབུམ་སོགས་བཀའ་འབུམ་གྱི་སྐོར། གཞན་ཡང་གསུང་ཐོར་བུ་དང་། ཁྲིད་ཡིག་རྣམ་ཐར། ཆོས་འབྱུང་ལོ་རྒྱུས། ཆོ་ག་ཆོས་སྤྱོད། བསྙེན་ཐབས་ཞལ་འདོན་སོགས་ཉེ་བར་མཁོ་བའི་དཔེ་ཆ་སྣ་འཛོམས་ལ་གྲངས་མང་ཞིང་སྤུས་ལེགས་པ་དག་ང་ཚོས་བདེ་བླག་ཏུ་མཇལ་ཐུབ་པའི་བསོད་ནམས་འདི་ལྟ་བུ་ནི་བླ་མ་གུ་རུའི་བཀའ་དྲིན་ལས་ཐོབ་པ་མ་ཡིན་ནམ།
དཔེ་རྙིང་མྱུར་སྐྱོབ་དང་རིག་གཞུང་དར་སྤེལ་སོགས་ལ་ཁ་གཡར་ཏེ་དཔལ་འབྱོར་འཚོལ་སྡུད་ཀྱི་བསམ་བློས་རང་ཉིད་ཕྱུག་འགྱུར་གྱི་ལམ་ལ་ཆས་འདོད་པ་དག་དང་མི་འདྲ་བར་བླ་མ་གུ་རུས་ང་ཚོ་ལ་ཁོང་གིས་དཔར་བསྐྲུན་གནང་བའི་དཔེ་ཆ་མཐའ་དག་རིན་མེད་དུ་གནང་ཞིང་། གློག་ཀླད་ནང་ཡོད་པའི་དཔར་རྩ་ཡོངས་རྫོགས་ཆོག་མཆན་ཙམ་ཡང་ཞུ་མི་དགོས་པར་སྤྱི་ཚོགས་སུ་བཀྲམ་ནས་ཡོད་ཚད་ཀྱིས་བེད་སྤྱོད་ཆོག་པ་འདི་རེད། དེ་རིང་གི་དུས་སུ་ཁྱོད་མི་ཆེ་མ་ཆུང་གསུམ་སུ་ཞིག་གི་སྒོ་ཁར་མང་པོ་ལྟ་ཅི་དེབ་ཆུང་རེ་དང་ཆོས་ཚན་ཁ་ཤས་ཀྱི་དཔར་རྩ་ཙམ་ཞིག་བསླང་སར་སོང་དང་། མི་དེ་ཚོས་མ་མི་མིན་མེད་ཀྱིས་ཁེངས་པའི་སྐད་ཆ་སྣ་ཚོགས་ཤིག་བཤད་དེ་ཁྱོད་ལག་སྟོང་མཆན་ལ་བཅུག་ནས་ཕྱིར་བསློག་གི་རེད། དེའི་ཉམས་མྱོང་ང་ལ་ཡོད། ལས་སླ་བོ་ཞིག་གཏན་ནས་ཡོད་མ་རེད། ཁོ་པ་དག་གིས་དཔར་དུ་བསྐྲུན་པའི་ཆད་ལྷག་དང་ཡིག་ནོར་གྱིས་གང་བའི་དེབ་གཟུགས་ཡ་མ་བརླ་དེ་ཚོ་ལྟར་མ་ཡིན་པར། བླ་མ་གུ་རུས་དཔར་བསྐྲུན་གནང་བའི་གླེགས་བམ་དག་ནི་ཡིག་སྐྱོན་དང་ཆད་ལྷག་ཉུང་ལ་སྲོལ་རྒྱུན་རིག་གནས་ཀྱི་མདོག་མ་ཤོར་བར་མཐོང་བ་ཙམ་གྱིས་དང་བ་འདྲེན་ཡོང་བའི་དཔེ་གཟུགས་ཡིད་དུ་འོང་བ་ཤ་སྟག་རེད།
མདོར་ན་སུ་ཞིག་གིས་བླ་མ་གུ་རུས་དཔར་དུ་བསྐྲུན་པའི་གླེགས་བམ་འདི་དག་མཇལ་ཐེངས་རེ་རེར། ཡི་གེའི་དཔར་རྩ་འདི་དག་གང་འདོད་དུ་བེད་སྤྱོད་ཐེངས་རེ་རེར་ནམ་ཞག་རྒྱུན་གཏན་ཁོང་གི་བཀའ་དྲིན་བརྗེད་མི་རུང་ཞེས་ཞུ་འདོད་བྱུང་། འདིར་བྲིས་པ་རྣམས་ནི་རང་ཉིད་ཀྱིས་མཐོང་བ་དང་ཐོས་པ་དག་ཤ་ཟིན་སྤུ་ཟིན་ཙམ་ཞིག་ཡི་གེར་བཀོད་པ་ཡིན་པས་མ་འོས་པ་དང་མི་རུང་བ་གང་ཞིག་བྱུང་ཡོད་ན་བཀུར་འོས་བླ་མ་གུ་རུ་མཆོག་ལ་སྙིང་ནས་བཟོད་གསོལ་ཞུ་རྒྱུ་དང་། སླད་མར་བླ་མ་གུ་རུ་སྐུ་ཚེ་རིང་ཞིང་ཕྱག་ལས་སྔར་བཞིན་ལམ་སློང་ཡོང་བར་སྨོན། ཕྱི་ལོ། ༢༠༢༠ ཟླ། ༡༡ ཚེས། ༡༥ ཉིན་ཕུལ།
འདི་ལྟ་བུའི་སྤྱི་ཚོགས་ཀྱི་གྲྭ་ཟུར་ན་ཡོད་པའི་ཉམ་ཅུང་གིས་འཚོ་བའི་རླབས་ཆེན་དག་ཅིས་ཀྱང་གླེང་འོས། ཤིན་ཏུ་ལེགས།
དྲན་ཤེས་དྲན་དུ་བཟོ་བ་དེ་རྒྱུ་དག་ཡོད་པ་དང་ཀླད་པ་ཡོད་པའི་མངོན་རྟགས་རེད། དེང་སང་མི་ཚང་མ་སོ་སོའི་མིང་དང་སྤྲེལ་ལད་འཁྲབ་རྒྱུ་མ་གཏོགས་ལས་དོན་ལ་ལྟ་མཁན་དཀོན་པོ་རེད། ཨ་ཁུ་གཡག་རྫི་ལགས།
བླ་མ་གུ་རུ་ནི་དཔལ་ས་སྐྱ་པའི་བསྟན་པ་ལ་ལྷག་བསམ་འགྲན་ཟླ་བྲལ་བའི་གྲྭ་རྐྱང་གཉོམ་ཆུང་ཞིག་ཡིན། ཁོང་གིས་རང་གི་གཟིམ་ཤག་ཏུ་ས་སྐྱའི་གསུང་རབ་དཔར་སྐྲུན་ལས་ཁུངས་ཤིག་བཙུགས་ཏེ་ལོ་ངོ་མང་པོའི་རིང་ལ་དཔལ་ལྡན་ས་སྐྱ་པའི་གསུང་རབ་སྣ་ཚོགས་གློག་ཀླད་དུ་བཅུག་སྟེ་དཔར་སྐྲུན་བྱས་པ་དང་། དེ་ཚོའི་དཔལ་ས་སྐྱ་པའི་ཡིག་རྙིང་མང་པོ་ཞིག་འདུག ཁོ་བོས་བེ་རི་བྱམས་པ་བློ་གསལ་གྱིས་མཚམས་སྦྱོར་བྱས་འོག་མཁན་ཆེན་ཨ་པད་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་འོག་ལོ་ཤས་རིང་བླ་མ་གུ་རུའི་དཔར་སྐྲུན་ཁང་དུ་དཔེ་རྙིང་ཞུ་ཆེན་པའི་ལས་ཀ་བསྒྲུབས་མྱོང་ལ། རང་གིས་ཞུ་དག་བྱས་པའི་ཕྱག་དཔེ་བརྒྱ་ཕྲག་ཁ་ཤས་ཡོད་ཀྱང་གཙོ་བོ་དག་ནི། མང་ཐོས་བཀའ་འབུམ། ཨ་མེས་ཞབས་ཀྱི་བཀའ་འབུམ། ངག་ཆོས་བཀའ་འབུམ་སོགས་ཡིན། སྐབས་དེར་ཞུ་ཆེན་པའི་འགན་ཁུར་བའི་གྲས་སུ་རྒྱ་གར་ལྷོ་ཕྱོགས་སུ་བཞུགས་པའི་ས་སྐྱའི་མཁན་པོ་འཇམ་དབྱངས་བསྟན་འཛིན་དང་། དེང་སྐབས་བོད་དུ་བཞུགས་པའི་སྐྱེ་དགུའི་མཁན་པོ་ངག་དགའ། གུས་པ་ཀླུ་སྨྱོན་གསུམ་ཡོད་ལ་གུས་པ་ཞུ་ཆེན་པ་རྒྱུན་རིང་ཤོས་གྲས་ཡིན། གསུང་རབ་གློག་ཀླད་དུ་འཇུག་མཁན་ཨ་མདོ་ཚུལ་ཁྲིམས་དང་གཞིས་ཆགས་ཕོ་གསར་རྒྱལ་མཚན་སོགས་རེས་མོས་སུ་ཡོད། ལས་བྱེད་གཞན་དག་གིས་བླ་མ་གུ་རུར་གུས་ཞབས་ཀྱིས་ནམ་རྒྱུན་ཁུ་སིམ་སིམ་ལས་ཀ་བྱེད་ཀྱང་། བདག་གིས་ཁ་མཚར་རྩེད་མོ་རེ་བསླངས་ཚེ་བླ་མ་གུ་རུ་བཞད་གད་ཐག་གེར་འགྲོ་བ་ཐེངས་མང་ཡིན། འདི་གཉིས་སྔོན་སངས་རྒྱས་མཉན་པ་རིན་པོ་ཆེས་སྙིང་ཐིག་ཡ་བཞིའི་བཀའ་དབང་གསུང་ཆོས་ལ་བཅར་བའི་སྐབས་སུ་ཉིན་གཅིག་བླ་མ་གུ་རུ་ཡང་དེར་ཕེབས་པར་མཇལ་ནས་འཚམ་འདྲི་ཞིག་ཞུས་པ་ད་དུང་དྲན།
གནད་ཡོད་མི་སྣའི་མཚན་ཉིད་ཡག་པོ་བཞག་འདུག
ངས་ཀྱང་ཁོང་གིས་པར་རྩ་སྒྲིག་གནང་བའི་གྲགས་ཆེན་བཅོ་རྒྱད་ལོ་མང་སྔོན་ནས་ཀློག་ཀླད་ནང་དཔེ་སྤྱོད་བྱེད་ཀྱི་ཡོད། བླ་མ་གུ་རུ་སུ་ཡིན་ཤེས་མ་སོང། འོན་ཀྱང་རིན་མེད་ཐོག་སྒྲེམ་སྤེལ་གནང་བ་འདིས་དཔེ་ཚོང་བ་ཞིག་མིན་པར་ཐུགས་ཤིས་བཟང་པོ་ཞིག་ཡིན་པའི་བསམ་ལོ་ཡང་ཡང་འཁོར་མྱོང། འདི་བརྒྱུད་ནས་བླ་མ་གུ་རུ་ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་དང། སྐུ་ཉིད་ཀྱིས་ཀྱང་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ་འདོད་བྱུང།