བསྟན་འཛིན་རྣམ་དག
བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་གནང་བབ་འདི་ཙམ་གྱིས་ཀྱང་རང་ཅག་ལ་ཡང་དག་པའི་ལམ་ཞིག་བསྟན་མི་འདུག་གམ། རྒྱུ་མཚན་གང་གིས་ཡང་དག་པའི་ལམ་བསྟན་འདུག་ཅེ་ན།
༡༽ སྔོན་འགྲོའི་སྐབས་དྭང་བླངས་ཐོན་མེད་པ།
རང་རེའི་འོས་བསྡུའི་ལམ་སྲོལ་ལ་ཁྱད་ཆོས་འགའ་ཡོད་པ་ནི་སྲིད་དོན་ཚོགས་པ་ཅན་གྱི་ཁྱོད་ཤི་ང་གསོན་ནམ། རང་རྒྱལ་གཞན་ཕམ་ཅན་ཏེ། དངུལ་དངོས་དང་ཧམ་བཤད་བརྒྱུད་མགོ་བསྐོར་བསླུ་བྲིད་མི་ཡོང་བ་ཞིག་ཏུ་འགྱུར་ཐབས་དང་། དེ་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་བརྒྱུད། སྔོན་འགྲོར་མི་མང་གིས་འོས་མི་ཕར་བཙལ་ཏེ་རྟགས་བརྒྱབས། དངོས་གཞིར་འོས་མི་སོ་སོས་མི་མང་རང་ཉིད་ལ་འདོད་མོས་ཡིད་ཆེས་ཡོད་པ་མཁྱེན་མཚམས། ཕར་མི་མང་ལ་རང་གི་མ་འོངས་ལས་དོན་བྱེད་ཕྱོགས་འགྲེལ་བརྗོད་བྱེད་དགོས་སྲོལ། བོད་མིའི་ཡ་རབས་བཟང་སྤྱོད་དང་འབྲེལ་བ་ཁོ་ན་མིན་པར། འོས་བསྡུའི་སྒྲིག་གཞི་རང་དུའང་གསལ་ཁ་བཟོས་ཡོད་པས། རླབས་ཆེན་གྱི་དགོངས་གཞིའམ་དགོས་པ་རྒྱུ་མཚན་འདི་དག ཕྱག་བསྟར་ཇི་བཞིན་གནང་སྟེ་བཀའ་བློན་ཁྲི་པའམ་སྲིད་སྐྱོང་དུ་བཞེངས་མཁན་གཉིས་བྱུང་ཡོད་པ་ནི། མང་བཀུར་ཁྲི་ཟུར་མཁས་མཆོག་༸ཟམ་གདོང་རིན་པོ་ཆེ་མཆོག་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་རྣམ་གཉིས་རེད། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་དགོས་པ་རྒྱུ་མཚན་འདི་དག་ལ་གཟིགས་ཏེ་སྔོན་འགྲོའི་འོས་ཤོག་སློང་པའམ། འོས་ཤོག་གི་ཆེད་དུ་ཞུ་བ་འཐེན་པ། འོས་ཤོག་གི་ཆེད་དུ་ལས་འཆར་འགྲེལ་བརྗོད་སོགས་གནང་སྟེ་རང་ཉིད་མ་གཏོགས་མེད་པ་ལྟ་བུའི་དྭང་བླངས་ཐོན་མེད་པའི་རིན་ཐང་ནི་མི་མང་གིས་ངེས་པར་དུ་མཁྱེན་དགོས་ལ། མང་ཆེ་བས་མཁྱེན་གྱི་ཡོད་པའི་རྣམ་པ་ཞིག་གང་སར་མཐོང་རྒྱུ་འདུག
མི་མང་གི་བསམ་བློར་གནོན་ཤུགས་དང་ཅལ་འདྲོགས། མགོ་སྐོར། ཤོག་ཞེན་མ་འདྲེས་པར་སྤྱི་པ་ཁོ་ན་བསམས་པའི་ཡིད་ཆེས་ཀྱིས་བསླངས་པའི་སྲིད་སྐྱོང་ཞིག་བྱུང་ན། བོད་མི་རིགས་ལ་དགོས་རྒྱུ་དེ་ཡིན་ལ། ༸གོང་ས་༸སྐྱབས་མགོན་ཆེན་པོར་དགོས་རྒྱུའང་དེ་ལས་གཞན་མེད། རང་ཉིད་ཀྱིས་རང་ཉིད་ལེགས་པ་དང་རྩེ་གྲ། མཆོག་ཏུ་མཐོང་བ་ཙམ་མིན་པར་གཞན་ལ་དེ་ལྟར་ཡིན་གནས་བརྗོད་ཐུབ་ཚེ། དེ་ནི་ནང་ཆོས་དང་ཚན་རིག་གང་ནས་བཤད་ཀྱང་ནད་རྟགས་ཤིག་ལས་ཡག་རྟགས་ཤིག་མིན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཐོག་མར་སྔོན་འགྲོའི་སྐབས་རང་ཉིད་ལ་མི་མང་གིས་ཡིད་ཆེས་ངོས་འཛིན་ཅི་ཞིག་ཡོད་མེད་ལ་གཟིགས་པ་ནི། ཅི་འདྲའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་གི་གནང་སྟངས་མིན་ནམ། ཨེ་མ། ངོ་མཚར་ཆེའོ།།
༢༽ འགྲན་རྩོད་ནང་ཞུགས་ཀྱི་མེད་པ།
བལྟས་མ་ཐག་ཏུ་འདྲ་ཆགས་པོ་ཡོད་པའམ། གོ་མ་ཐག་ཏུ་རེད་རེད་བསམས་པ་ཞིག་ལ་བློ་འཁེན་མི་རུང་། འོ་ན་ཅི་བྱེད་དགོས་ཟེར་ན། མཐོང་བ་དང་ཐོས་པ་དེ་དག་ཏག་ཏག་བསྡད་ཡོད་མེད་ཐད་བསྐྱར་ཞིབ་ཡང་ཞིབ་ཀྱིས་བསམ་བློ་གཏོང་དགོས། དཔེར་ན། སངས་རྒྱས་ཡིན་མིན་དང་བྱང་ཆུབ་སེམས་དཔའ་ཡིན་མིན་ཡང་། བལྟས་མ་ཐག་དང་གོ་བ་ཙམ་གྱི་འདྲ་ཆགས་པོ་གཅིག་པུར་གཞི་བཅོལ་ན་ཤེས་དཀའ། ཉོན་མོངས་དུག་གསུམ་སྤངས་ཡོད་མེད། གཞན་དོན་ཡོངས་སུ་འཁུར་དུ་འཁྱེར་གྱི་ཡོད་མེད་ནི་མི་དེའི་སྐུ་ཚེའི་ལོ་རྒྱུས་ལ་ཞིབ་ཏུ་བལྟ་དགོས། མི་ཚེའི་ལོ་རྒྱུས་ནི་ཕྱོགས་གཅིག་ནས་བཤད་ན་གོམས་གཤིས་ཤིག་རེད། གོམས་གཤིས་དེ་བཟང་ངན་གང་དུ་མང་བ་འདྲིས་ཡོད་མེད་བརྟགས་ན། མི་དེའི་བསམ་སྤྱོད་ཀྱི་ཡོན་ཏན་མཐའ་དག་གི་རྨང་གཞིའི་རྩིག་པ་ནས་ཁྱད་པར་འཕགས་པའི་ནུས་རྩལ་བར་མཐོང་ཐུབ། ཁྱོད་ཀྱིས་རང་གི་བཟའ་ཟླ་ཞིག་འཚོལ་བའམ། ཡང་ན་གྲོགས་པོ་ཞིག་བསྒྲིག་ན། གཙོ་བོ་མི་དེའི་འདས་པའི་ལོ་རྒྱུས་ལ་གཞི་འཛིན་པ་མིན་ནམ། དེ་བཞིན་བོད་མི་ཚོ་ཕྱི་རྒྱལ་དུ་སྡོད་ཡུན་རིང་བས། ནུབ་ཕྱོགས་སྤྱི་ཚོགས་ནང་། མི་ཞིག་གིས་ལས་ཀ་ཆེ་ཆུང་གང་བཙལ་ཚེ། ཁ་ཐུག་མངོན་པའི་འདྲ་ཆགས་པོ་ལས་ཀྱང་མི་དེའི་འདས་པའི་ལོ་རྒྱུས་ལ་གཞི་འཛིན་གྱི་མི་འདུག་གམ། རྒྱུ་མཚན་དེ་དག་གི་རྐྱེན། ང་ཚོ་མི་མང་གིས་ངེས་པར་དུ་སྲིད་སྐྱོང་འོས་མི་ཚོའི་འདས་པའི་ལོ་རྒྱུས་དང་། སྒོ་གསུམ་གྱི་ཀུན་སྤྱོད་ཡོངས་སུ་ཤེས་དགོས། ཞིབ་འཇུག་ནན་ཏན་བྱེད་དགོས། དེ་ནི་འབྲས་བུ་ཡག་པོ་ཡོང་མིན་གྱི་རྒྱུ་ཁོ་ན་ཡིན་པས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་གདེང་སྤོབས་ཆེན་པོའི་ཐོག འོས་བསྡུའི་སྐེད་མཚམས་འགྲན་རྩོད་གཏམ་བཤད་འདྲ་ཆགས་པོ་བྱས་པར་རྒྱུ་མཚན་མེད་པ་མཐོང་སྟེ་འགྲན་རྩོད་ནང་ཞུགས་ཀྱི་མིན་གསུངས་པ་ནི། དོན་དམ་པའི་སྤོབས་པ་རེད་ལ། ཡང་དག་པའི་ལམ་ཆེན་ཡང་རེད། ང་ཚོ་མི་མང་གིས་ཁོང་གི་གནང་ཕྱོགས་འདི་དག་གི་རིན་ཐང་རེ་རེ་ལ་བསམ་བློ་བཏང་ཡོང་དུས། སྤོབས་པས་ཁེངས་ཤིང་དགའ་བས་སྤྲོ།
༢༠༢༠ ཟླ་ ༡༡ ཚེས་ ༢༡ ཉིན་བསྟན་འཛིན་རྣམ་དག་གིས། །