བོད ལྷ་ཀླུ་གཉན་གསུམ།
བལྟས་ནས་རྒྱང་རིང་ཞིག་གི་ཁྱེད་ལ་བལྟས།།
ཉན་ནས་རྒྱང་རིང་ཕྱོགས་ཀྱི་ཁྱེད་ལ་ཉན།།
སྒུག་ནས་ཡུན་རིང་གྱེས་པའི་ཁྱེད་ལ་སྒུག།
མི་ལོ་བཅུ་གསུམ་ལྷག་གི་འཚོ་བ་གཟད།།
དྲན་པའི་གོར་མོ་སེམས་ཀྱི་ཨ་ལོང་ཞིག།
བལྟས་པའི་མིག་གི་རྒྱ་མོ་གཉེར་མས་ལྟེབས།།
མི་ཚེ་གསར་བའི་སྟེགས་པའི་སྒོ་འགྲམ་ན།།
ཁྱེད་རང་ཉེ་སའི་མི་ལ་དབང་འདུག་སྐད།།
བྲིས་ནས་ཤོག་སྨྱུག་རི་རབ་བརྩེགས་ན་ཡང་།།
ཀློག་མཁན་ཨ་ཐང་ཆད་པའི་སྔ་གཞུག་ན།།
སྙིང་གི་གསང་བ་ཤོར་བའི་ཁྱེད་ཉིད་དེ།།
སེམས་ཀྱི་ངལ་བ་སངས་པར་རེ་བ་ཡོད།།
མི་བཤིག་དམ་བཅའི་རི་མོ་སེམས་ལ་བྲིས།།
རིག་པའི་གཏིང་མཐའ་ཟབ་མོ་རྒྱ་མཚོར་དྲངས།།
མུན་པའི་ལམ་ཕྲན་སྐྱ་བོའི་འཁོར་ངན་ཁྲོད།།
རང་གི་རོ་སྐོག་འདི་ལ་སྙིང་རེ་རྗེ།།
ཁ་གཏགས་དཀར་པོ་ཞིག་གི་ཚབ་མིན་ཡང་།།
སྙིང་གི་གཤིས་ཚིག་ཞིག་གི་ཚབ་མཚོན་དུ།།
རྒྱང་རིང་རྒྱང་རིང་ཡུལ་གྱི་ཁྱིམ་གསར་དེར།།
ཁྱེད་ཉིད་བདེ་སྐྱིད་ཡོང་བར་སྨོན་ལམ་ཡོད།།
མྱི་ལྡང་། སྒྲུང་དང་ཟིན་བྲིས་རེ་སྤེལ་དང་། ཁྱོད་ཀྱི་ཆེད་དུ་བྱ་བའི་ལས་འགན་ནི་དེ་ཚོ་རེད་བསམ་གི ཚིག་བཅད་འདི་ཉམས་མྱོང་ཅན་ཞིག་གིས་བྲིས་ན་མ་གཏོགས་དེང་སང་གི་མགོ་མཁྲེགས་ཚོས་བྲོ་བ་མྱོང་ན་འདོད་ནི་མ་རེད། དེ་ལས་སྒྲུང་སྔོན་མ་ཚོ་ལྟ་བུ་རེ་ཕྲིས་དང་མགོ་མཁྲེགས་ཚོའི་མགོ་ཤ་ཡང་ཇེ་ལྷོད་དུ་འགྲོ་གི་རེད།
སེམས་ཁམས་དྲང་མོས་ཚིག་བརྒྱ་ཞུ་བ་ལས། །
ཁ་ལྕེ་བདེ་མོས་ཚིག་འགའ་བཤད་དང་ན། །
དེང་དུས་བུ་མོ་ཕལ་ཆེར་འགུགས་སླ་བར། །
ཕོ་རྒོད་ཁྱོད་ཀྱི་ཡིད་ལ་དྲན་པ་མཛོད། །
བཟུང་བར་བརྩམས་ཚེ་རིང་ནས་རིང་དུ་འབྲོས། །
ཐག་རིང་གཏོང་དུས་གམ་ན་ལྷོད་དེ་སྡོད། །
གང་ཞིག་བྱས་ཀྱང་ལྷོད་ཅིག་མ་ཕབས་འདི། །
རང་སེམས་མཛངས་མར་ཤོར་བའི་རྟགས་མིན་ནམ། །
ཀླུ་སྨྱོན་འབོར་ནས་ཡུན་རིང་འགོར་ན་ཡང་།།
སེམས་ཀྱི་གཤིས་དེ་ཡུན་རིང་འདྲིས་དྲགས་སྟབས།།
དེ་རིང་འདི་ནས་མཇལ་བ་སྤྲོ་བཞིན་ཡོད།།
རྗེས་སུ་ཡང་ཡང་ཕེབས་རྒྱུར་བལྟས་དེ་འདུག།
རྩམ་དྲི་མ་ཡལ་ལུས་དྲོད་མ་ཉལ་པའི།།
དགའ་བའི་གྲོགས་ཤིག་རྒྱང་གི་ཕྱོགས་བཞུགས་པ།།
དངོས་སུ་མཇལ་མྱོང་མེད་ཀྱང་བསམ་མཐུན་མཁན།།
དུས་ཚོད་དམ་འཛིན་བྱས་པ་དགའ་ནས་ཡོད།།
མེ་ལྕེ་དམར་པོ་མཆེད་པ་མ་མཐོང་ཡང་།།
ཏོག་ལྟར་ཡིད་འོང་རྒྱང་གི་རིགས་མཐུན་པ།།
དཀར་ཞིང་གཙང་བའི་རང་གཤིས་ལྷད་མེད་ཅན།།
པོ་ཏྰ་ལ་ནས་ལྷན་འཛོམ་ཡོང་བར་སྨོན།།
བོད་ཡིག་གཏན་གྱི་གྲོགས་སུ་ཁུགས་པའི་བུ། །
ཤ་གཟན་མོ་དང་སྤྲེའུའི་རིགས་བརྒྱུད་དེ། །
ཁྲག་དྲོན་ཁོག་ནས་ཁོལ་བའི་ངར་རྒོད་ཅན། །
རུས་བཟང་ལྷ་ཡི་བུ་ཁྱོད་རྒྱལ་གྱུར་ཅིག །
མེ་ལྕེ་ལྟ་བུའི་ལྷག་བསམ་འབར་བ་སོགས། །
ཏོག་ལྟར་བཀུར་ལེགས་ཆ་མ་མ་ཆིས་མོད། །
དཀར་པོའི་རིགས་དགའ་ཞེན་ཆེ་ཙམ་འདི། །
པོ་ཏ་ལ་ཡི་མགོན་དེའི་བྱིན་རླབས་ངེས། །