ཨ་འདུས་པ།
བརྒྱ་ཕྲག་བསྐལ་བར་བསླབས་པའི་ཤེས་རབ་དང་།།
བགྲང་ཡས་སྲོག་གིས་ཉོས་པའི་བྱམས་བརྩེ་ཡིས།།
སྲིད་ཞིའི་ཁྱོན་འདིར་དམ་ཆོས་རྔ་བོ་ཆེ།།
རྡུང་མཛད་སྟོན་པ་མཆོག་དེ་སྙིང་ནས་དྲན།།
བགྲང་བྱ་ཉིས་སྟོང་བརྒལ་བའི་སྔོན་རོལ་ན།།
ཁྱོད་ཀྱིས་རྒྱལ་སྲིད་མཆིལ་མའི་ཐལ་བར་བརྩིས།།
མཛེས་མ་སྟོང་གི་ལང་ཚོ་སྣང་མེེད་བཏང་།།
ལྷས་བྱིན་ཁྲོས་པའི་མདའ་མོ་དུམ་བུར་བཅགས།།
ཡབ་ཀྱི་བཀའ་ལ་ཞི་བས་རྡོག་བརྫིས་བཏང་།།
ཡུམ་གྱི་མིག་ཆུ་བརྩོན་པས་ཁོང་དུ་མུད།།
བུ་དང་ཆུང་མ་གཡོག་འཁོར་མལ་དུ་བསྐྱུར།།
དེ་སྐབས་ཀུན་གྱིས་ཁྱོད་ནི་སྨྱོས་སོ་ལོ།།
དེ་ལྟར་འཁོར་བ་མེ་འོབ་ཆེན་པོ་ནས།།
གཅིག་པུར་བྱང་ཆུབ་ལམ་གྱི་གྲོང་མཆོག་དེར།།
བསམ་གཏན་ཚེར་མ་སྤངས་པའི་བརྟུལ་ཞུགས་ཀྱིས།།
ཞི་བར་གཤེགས་པའི་མཛད་པ་སླར་ཡང་དྲན།།
རྣམ་དག་དྲུང་དུ་དབུ་སྐྱེས་དུམ་བུར་བཅད།།
མུ་སྟེགས་བཟློག་ཕྱིར་ལོ་དྲུག་བརྩོན་པ་མཛད།།
མ་གཱ་དྷ་རུ་བདུད་བཞི་ཚར་བཅད་དེ།།
འགྲོ་བའི་དོན་དུ་བྱང་ཆུབ་ཆེན་པོ་བརྙེས།།
དེ་ཚེ་བྱང་ཆུབ་ཤིང་ལ་གཟི་འོད་འཚེར།།
ཉན་ཐོས་དག་ཀྱང་སྐྱེ་རྒུའི་གཉེན་དུ་གྱུར།།
ཟབ་གསང་གསུང་གི་བདུད་རྩི་གངྒ་མ།།
སྲིད་ཞིའི་བང་དུ་རྒྱུ་བའི་སྐལ་བ་བྱུང་།།
ཀྱེ་ཧུད་མགོན་པོ་ཞི་བར་གཟིམ་ཤུལ་ན།།
ཁྱོད་ལས་ང་བཟང་ང་ལས་ཁྱོད་ཞན་ཞེས།།
ཟབ་མོའི་དོན་བསྐྱུར་གྲགས་སྐམ་གཉེར་བ་ཡི།།
རྗེས་འཇུག་པ་དག་བརྩད་པའི་གཏམ་རྒྱུད་མང་།།
རྒྱ་གར་ཡུལ་ནས་བཞུགས་ཁྲི་སུ་མཐོ་རྩོད།།
གངས་རིའི་ཁྲོད་དུ་དཔལ་འབྱོར་སུ་མང་རྩོད།།
སྤུས་ཀར་མི་ལྟ་གྲངས་འབོར་སུ་མང་རྩོད།།
རྩོད་པ་འདི་དག་ཁྱོད་ཀྱི་ཆོས་ཡིན་ནམ།།
རྣམ་དག་ཚུལ་ཁྲིམས་མར་ངོའི་ཟླ་བཞིན་གྱུར།།
ཟོག་པོ་དག་གིས་སྟོན་པའི་རྒྱལ་ཚབ་བྱེད།།
ཆོས་བརྒྱུད་ཁག་གིས་སྨོན་ལམ་སུ་རིང་རྩོད།།
ཀུན་ཀྱང་སྒོར་མོའི་དོན་དུ་ཁོག་ནས་འཐབ།།
ལ་ལས་ངུར་སྨྲིག་གོས་དེ་མཛེས་རབ་བཤད།།
འགའ་རེས་སྔགས་ཆས་དེ་དག་བརྗིད་རབ་གླེང་།།
ནང་གི་དེ་ཉིད་དོར་བའི་གཟུགས་བརྙན་ཙམ།།
སྟོན་པ་ཁྱེད་ཀྱིས་གསུང་པའི་ལམ་ཡིན་ནམ།།
བྱང་ཆུབ་ཤིང་དྲུང་ལོ་མང་འགྲིམ་ན་ཡང་།།
རྡུལ་བྲལ་ལྟ་བ་སྒོམ་ཚུལ་མ་ཤེས་ཀྱང་།།
ཆོ་ག་དབྱངས་སུ་གྱེར་པའི་གླུ་བའི་ཚོགས།།
ཁྱོད་ཀྱི་ཤུལ་འཛིན་གཤའ་མ་ཡིན་ཁུལ་བྱེད།།
སྐྱབས་དང་གཡོག་གི་ཁྱད་པར་མ་ཤེས་པར།།
བདེན་བཞིའི་ལམ་གྱི་འཇུག་ལྡོག་འཁྱོལ་ན་ཡང་།།
ཨུ་ཚུགས་ཁོ་ནས་གསོན་འདྲེ་བསྟེན་པ་ཡི།།
ནང་པ་གསར་པ་རེ་ཡང་དེང་འདིར་དར།།
སློང་ལ་དམོད་པས་སྙིང་རྗེ་མིང་ཙམ་གྱུར།།
བཙུན་ལ་ཚུལ་འཆོས་ཅན་ཞེས་ཚིག་ངན་འཛེར།།
གྲུབ་ལ་སྡང་བས་དག་སྣང་ཞ་བོར་སོང་།།
ད་ནི་སྙིགས་མའི་གསེང་གི་སྙིགས་ངན་འཕྱུར།།
དགེ་བཤེས་ལ་ལས་དམར་ཟས་ཆོས་ཡིན་ཟེར།།
མཁན་པོ་འགའ་རེས་དམར་ལ་ཆོས་མེད་གསུངས།།
རྟག་ཆད་གཡང་ལ་ལྷུང་བའི་སྟོན་པ་དག།
གངས་རིའི་ཁྲོད་ན་ཉིན་བཞིན་ཇེ་མང་གྱུར།།
སེམས་འདི་རིངས་ནས་འདོད་ལ་གོམས་པ་དང་།།
ལུས་འདི་སྐྱིད་ཉལ་གཏན་དུ་ལང་ཤོར་བས།།
ཆུ་བུར་མིག་དང་རྣ་བས་གང་མྱངས་པའི།།
ནོངས་པ་ཁྱེད་ཀྱི་དྲུང་ན་འཆགས་པ་ལགས།།
——— ཞེས་པའང་ཨ་འདུས་པས་ཏུ་སྟོན་པ་སྙིང་རྗེའི་བདག་ཉིད་ཀྱི་མཛད་བཟང་ཡིད་ལ་དྲན་ཀྱིན་ཡུལ་དབུས་མ་གཱ་དྷིའི་ཇ་ཁང་ཞིག་ཏུ་བྲིས་ལ་ཅུང་ཁ་སྣོན་དང་བཅས་སྤེལ་བའོ།།
གཞོན་ནུ་དོན་གྲུབ་གཞོན་ནུའི་ཁྱུ་མཆོག་མཛད། །
རྣམ་དག་དྲུང་དུ་ངེས་འབྱུང་རྗེན་པར་བསྟན། །
ལོ་དྲུག་དཀའ་སྤྱད་བྱང་སེམས་འགྲན་མེད་ཀྱིས། །
ཤིང་དྲུང་བྱང་ཆུབ་བརྙེས་ལ་གུས་ཕྱག་འཚལ། །