ཨ་འདུས་པས།
ཙོང་ཁའི་ཡུལ་ནས་སྔར་མེད་བུ་ཞིག་འཁྲུངས།།
ལྟེ་ཁྲག་འཐོར་སར་ཙན་དན་ལྗོན་པ་སྐྱེས།།
ལོ་འདབ་རེ་ལ་བདེ་གཤེགས་སྐུ་རེ་གསལ།།
བྱིས་པ་དེ་ལ་ཀུན་དགའ་སྙིང་པོ་གསོལ།།
དབུས་སུ་ཕེབས་ཏེ་རིས་མེད་དམ་པ་བསྟེན།།
རེད་འདའ་བ་ལས་དབུ་མའི་གོ་བ་རྙེད།།
ཤེས་རབ་རྣོ་བས་གྲུབ་མཐའ་གསར་པ་བརྩམས།།
དམ་པ་དེ་ལ་བློ་བཟང་གྲགས་པར་འབོད།།
ངག་དབང་གྲགས་པ་ལ་སོགས་ཐུགས་སྲས་བསྐྱངས།།
དགེ་འཕེལ་རི་བོའི་རྩེ་རུ་གདན་ས་བཏབ།།
བོད་ཀྱི་རྒྱལ་སར་ཆོ་འཕྲུལ་སྨོན་ལམ་བཙུགས།།
མི་བོ་ཆེ་དེར་ཙོང་ཁ་པ་ཞེས་བྱ།།
ལམ་གཙོའི་གཞུང་བཟང་རིས་མེད་འགྲོ་ལ་བྱིན།།
བསྟོད་སྤྲིན་རྒྱ་མཚོས་བསྟོད་ཚིག་མེ་ཏོག་བཀྲམ།།
རྟག་ངུའི་རྟོགས་བརྗོད་སྲིད་ན་སྙན་པར་བསྒྲགས།།
སྙན་ངག་པ་དེར་ཨ་མདོ་སྣ་བོར་འབོད།།
ལུང་དང་རིགས་པའི་རལ་བ་ལྗིད་ཆེ་བས།།
མཁས་གྲུབ་མང་པོའི་ང་རྒྱལ་མེ་ལོང་བཅག།
ཞི་དུལ་མཚན་དཔེའི་དཔལ་གྱིས་འཛུམ་པ་ཡི།།
སྐྱེས་མཆོག་གང་དེ་དྲན་ན་གློ་བ་དགའ།།
མེ་ཏོག་རྐང་གཅིག་གི་དོད་དུ་ཨ་འདུས་པས།
སྔོན་ཚེ་ཐུབ་པའི་དྲུང་དུ་ཤེལ་དཀར་ཕུལ། །
གངས་ལྗོངས་ཆོས་དུང་དཀར་པོའི་སྒྲ་དབྱངས་ཀྱིས། །
ལེགས་བཤད་རྨད་འབྱུང་བཅོ་བརྒྱད་ཚང་བར་བཞག །
འཇམ་དབྱངས་དགེ་སློང་གཟུགས་བྱོན་བཀའ་དྲིན་ཆེ། །
ས་རྙིང་བཀའ་བརྒྱུད་དབང་ལུང་ཚང་བར་ཞུས། །
འཇམ་དབྱངས་དངོས་དང་རྗེ་བཙུན་རེད་གདའ་སོགས། །
བླ་མ་ཡོད་ཚད་བསྟེན་ཞོར་རང་ཉིད་ཀྱིས། །
མདོ་རྒྱུད་གསུང་རབས་ཀུན་ལ་མཐའ་དཔྱོད་མཛད། །
དགའ་ལྡན་ལྔ་མཆོད་ཐོག་ཁའི་རྩེ་རུ་ཡོད། །
ཐུག་པ་བག་ཐུག་རང་ཤག་ཐབ་ཁར་ཡོད། །
མར་མེ་བལྟར་ཕྲེང་གང་འོས་ས་ལ་སྤོར། །
དམིགས་བརྩེ་བཞི་སྐོར་ཁ་ནས་གང་ཐོན་གྱིས། །
དེ་རི་དགའ་ལྡན་ལྔ་མཆོད་ཉིན་མོར།
་
ཁ་བ་རི་པའི་མུན་པའི་སྨག་རུམ་དུ། །
ཞི་བ་འཚོ་དང་ཨ་ཏི་ཤ་གཉིས་དང་། །
བློ་བཟང་གྲགས་པ་ཁྱེ་གསུམ་མ་ཕེབས་ན། །
འདུལ་བསྟན་དར་གནས་འཕེལ་བའི་སྐབས་མེད་པས། །
བཀའ་དྲིན་ཆེའོ་རྗེ་བཙུན་ཙོང་ཁ་པ། །
གསོལ་བ་འདེབས་སོ་རྗེས་སུ་བཟུང་དུ་གསོལ། །
་
ཀརྡོས།