བཀྲ་ཤིས་རྣམ་རྒྱལ།
༄༅།། སྐུ་ཞབས་གཞུང་ཞབས་ཟུར་པའི་མིང་འཛིན་བཀྲ་ཤིས་གང་དེའི་དྲུང་དུ།
ཆེད་ཞུ། སྐུ་ཉིད་ཀྱིས་ཁ་བརྡ་དྲ་རྒྱའི་ཐོག བཀའ་ཤག་དང་དབུས་འོས་བསྡུ་ལས་ཁང་ལ་ཡོངས་བསྒྲགས་ཀྱིས་ཕུལ་བའི་སྙན་ཞུ་ཞེས་པའི་མིང་བྱང་འོག་ལྡི་ལི་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཁྲིམས་སྒྲིག་དང་འགལ་ཚུལ་གནས་ཚུལ་མང་དག་ཅིག་བྲིས་འདུག དེར་གསལ་བཤད་ཅིག་མ་ཞུས་ན་དེང་སང་སྣང་བ་གང་དྲན་བྱེད་མཁན་རྣམས་གང་གསུང་གསུང་ཡིན་བསམ་པའི་ལངས་ཤོར་ཐེབས་ཉེན་འདུག ཐོག་མར་མཁྱེན་དགོས་པ་ཞིག་ལ་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་མཐའ་དག་དབུས་འོས་བསྡུ་ལས་ཁང་ལ་འབྲེལ་བ་ཡོད་པ་ལས་སྲིད་སྐྱོང་བློ་སེང་དང་བཀའ་ཤག་སུ་ལའང་ཐད་ཀའི་འོས་འགན་མེད། དེ་ཙམ་ཡང་མཁྱེན་གྱི་མེད་རུང་། གཞུང་ཞབས་ཟུར་པའི་མིང་ཁུར་འོག་ཡིབ་ནས་ཤེས་ཀྱི་ཡོད་མདོག་བྱེད་མཁན་ཞིག་རེད་འདུག
བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་རེ་གསུམ་པ་སྲིད་སྐྱོང་གི་འོས་ཆོས་ཞེས་པའི་ནང་གསེས་བཅུ་པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཞེས་པའི་ལས་བྱེད་དེ། གཞུང་ཞབས་འདེམས་ལྷན་གྱི་སྒྲིག་གཞིའི་དོན་ཚན་བཅུ་པར་གསལ་བ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས་རྫོགས་འགན་འཛིན་སྡེ་ཚན་གྱི་ལས་བྱེད་དང་། ལས་བྱའི་སྡེ་ཚན་གྱི་ལས་བྱེད་གཉིས་སུ་གཏོགས་དགོས། དེ་བཞིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་སོ་དགུ་པ་བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས་ཞེས་པའི་ནང་གསེས་བཅུ་པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅེས་པ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང་གཤམ་འོག་ལས་ཁུངས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་གཏན་འཇགས་ལས་བྱེད་དང་། ཆོད་གན། དམིགས་བསལ་ལས་བྱེད་བཅས་ལ་གོ་དགོས། ཞེས་གསལ་བ་དེ། འགན་འཛིན་སྡེ་ཚན་དང་ལས་བྱའི་སྡེ་ཚན་ནང་དུ་གསུང་གི་ཡོད་ཅིང་། ད་ལྟའི་ལས་བྱེད་ཁྲོད་དུ་ཕལ་ཆེ་བ་གཏན་འཇགས་ལས་བྱེད་དང་། དེ་ནས་ཆོད་གན། ཉུང་ཤོས་དེ་དམིགས་བསལ་ལས་བྱེད་རེད། ད་དུང་དེ་ལས་ཁ་གསལ་བ་ནི་ཁྱེད་ཀྱིས་དྲངས་པའི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞིའི་དོན་ཚན་བཅུ་དགུ་པ་དམིགས་བསལ་བསྐོ་གཞག་ཅེས་པའི་ནང་གསེས་དང་པོར། ་་་་་ (ཕྱི་རྒྱལ་ཁག་ཏུ་སྐུ་ཚབ་དོན་གཅོད་རྣམས་ཀྱི་) མི་འགྲོ་ལས་བྱེད་མ་ཡིན་པ་ཞིག་ཡིན་ན་ཕོགས་རིམ་དང་ཁེ་ཕན་གཞན་དག་བསྐོ་གཞག་དང་ཆབས་ཅིག་གཏན་འབེབས་གནང་རྒྱུ་དང་། ལས་བྱེད་ཅིག་ཡིན་ན་དོན་གཅོད་ལས་རྒྱུན་རིང་དྲུང་ཆེའི་གནས་རིམ་དང་དེའི་ཐོབ་ཐང་ཡོད། ཅེས་གསལ་བ་ལས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་ལས་བྱེད་མ་ཡིན་པའི་ཁོངས་ནས་ཡིན།
དེ་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་ཉེར་བཞི་པ་དངུལ་དངོས་སོགས་ལྐོག་རྔན་སྤྲོད་ལེན་དང་རྒྱུད་སྐུལ་ཐབས་ཤེས་ཞེས་པའི་ནང་གསེས་བརྒྱད་པའི་ཀ་པར། འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་བཅས་ཀྱིས་རང་ཉིད་དང་སྐྱེ་བོ་སུ་རུང་འོས་གཞིར་ཞུགས་པའི་ཆེད་སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འོས་བསྡུ་དང་འབྲེལ་པའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག་ཅེས་གསལ་བའི་སྒྲིག་དོན་འདི་ནི་སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་བཅས་ལ་ཁྱབ་ཀྱི་ཡོད་པ་ལས། ལས་བྱེད་ལ་ཁྱབ་ཀྱི་མེད། ཁྲིམས་སྒྲིག་ལ་འཁྱོག་བཤད་དང་ལོག་འགྲེལ་བྱས་ན་ཡག་པོ་མ་རེད། དེ་བཞིན་འདིར་ “གཞུང་འབྲེལ་གྱི་ངོ་བོར་” ཞེས་པའི་ཚིག་གི་ནུས་པས་གཞུང་འབྲེལ་མིན་པར་སྒེར་ངོས་ནས་བཅར་ཆོག་པ་གསལ་བར་མཚོན།
དེས་ན་སྐུ་ཉིད་ཀྱིས་དྲངས་པའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་ཉེར་ལྔ་པ་འོས་བསྡུའི་ལས་དོན་ལ་འགལ་རྐྱེན་བྱེད་པོར་ཉེས་ཆད་ཅེས་པའི་ནང་གསེས་བརྒྱད་པར། འོས་མི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ་ཞེས་པ་དེ་ཡོང་ཐབས་མེད་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པ་སྲིད་སྐྱོང་དང་བཀའ་བློན་གྱི་འོས་ཆོས་ཞེས་པའི་ནང་གསེས་བཅུ་པར། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ་ཞེས་མི་འགལ་བ་ལས་འགལ་བའི་རིགས་ཏིལ་འབྲུ་ཙམ་ཡང་མེད་པ་དེ་མཁྱེན་དགོས། དེ་དག་ནི་མང་ཚོགས་དབུ་མ་འཁོར་ཆེད་གསལ་བཤད་ཞུས་པ་ཙམ་ཡིན།
འདིར་གསལ་པོ་བཟོ་དགོས་པ་ཞིག་ལ། སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་འོས་བསྡུ་དངོས་གཞིའི་འོས་མིར་སླེབས་ན་འོས་ཁོངས་སུ་ཞུགས་རྒྱུའི་ཞལ་བཞེས་གནང་བ་ཙམ་ཡིན་པས། ད་ལྟ་སྲིད་སྐྱོང་འོས་གཞིའི་འོས་ཆོས་ཚང་མིན་རྟོག་ཞིབ་བྱ་རྒྱུའི་དུས་ལ་སླེབས་མེད།
སྐུ་ཉིད་ལ་རེ་སྐུལ་གསལ་འདེབས་ཞུ་རྒྱུ་ཞིག་ལ། དངོས་གནས་ཁྲིམས་སྒྲིག་དང་འགལ་འཛོལ་སོང་བ་མང་པོ་ཡོད་ཀྱང་། དེ་ཚོ་བཏང་སྙོམས་སུ་བཞག་སྟེ་གསལ་སྟོན་མ་གནང་བར། མེད་ས་དེ་ལ་བཙན་འགེལ་གནང་ཐབས་གནང་ན་ཚུལ་མཐུན་ཡིན་ནམ། དེང་སང་མང་ཚོགས་རྣམས་སྤྱན་ཆེ་ཙམ་ཕྱེ་ནས་གཟིགས་བཞིན་ཡོད་པ་དེ་དག་མགོ་སྐོར་གཏོང་མི་ཐུབ། གཅིག་བྱས་ན་ཁྱེད་ཀྱི་འོས་མི་དེ་ཕམ་ཁ་འགྲོ་ཉེན་མཐོང་སྟེ་ལྐུགས་པ་ཨུ་ཚུགས་ཀྱིས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་འདྲུད་ཐབས་གནང་གི་ཡོད་སྲིད། གལ་ཏེ་དམིགས་ཡུལ་བཟང་པོ་ཡོད་ན་ཐབས་ལམ་ཡང་བཟང་པོ་བསྟེན་དགོས་པ་དང་། དེ་ལས་གྲུབ་འབྲས་བཟང་པོ་ཡོང་རྒྱུ་ཡིན་པ་སྨོས་མེད་རེད།
མཐར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱེད་ངེས་ཡིན་ཚུལ་བཀོད་ཐད། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དོན་ཚན་བརྒྱད་པ་དབུས་འོས་བསྡུ་ལས་ཁང་གི་འགན་དབང་ཞེས་པའི་ནང་གསེས་གཉིས་པར། འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་བྱུང་ལ་ཞིབ་འཇུག་དང་ཐག་གཅོད་ཆ་ཚང་དབུས་འོས་བསྡུ་ལས་ཁང་ནས་བྱེད་དགོས། དབུས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱས་ཚེ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་མ་གཏོགས་གཞན་ལ་ཞུ་གཏུགས་མི་ཆོག་ཅེས་གསལ་བ་བཞིན་དེ་དོན་ངེས་པར་གནང་འོས། སྡིགས་ར་ཙམ་བསྐུལ་ནས་མ་བཞུགས་པར་ཁྲིམས་མཐུན་བརྒྱུད་ལམ་ཁག་ལ་ངོ་གདོང་བསྟན་ནས་ཞུ་གཏུགས་གནང་ན་བདེན་རྫུན་གསལ་ཁ་ཡོང་ངེས་དགོངས་མངའ་ཞུ། བཀྲ་ཤིས་རྣམ་རྒྱལ་གྱིས་ ༢༠༢༠ ཕྱི་ཟླ་ ༡༢ ཚེས་ ༩ ལ་ཕུལ།། །།
༸སྤྱི་ནོར་༸གོང་ས་མཆོག་གི་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་༣༡ འཁོར་བར་ཚང་མར་བཀྲིས་བདེ་ལེགས་ཞུ།
ཇི་སྐད་དུ་ས་པཎ་གྱིས། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཞེས་གསུངས་པ་ལྟར། བཀྲིས་རྣམ་རྒྱལ་ལགས་ཀྱིས་བོད་མིའི་ཁྲིམས་སྒྲིག་ལ་གཞི་བཅོལ་ཏེ་གཞུང་ཞབས་ཟུར་པ་མིང་ཕྱེད་འཛིན་པ་ལ་གསལ་བཤད་རྫུན་མཐིལ་རྟོལ་བ་ཞིག་ཞུས་འདུག་པས། ཐུགས་རྗེ་ཆེ། ཁྱེད་རྣམ་པས་མི་ཐེབས་ཆག་དེ་རིགས་ལ་བློ་དང་རིགས་པས་རྒྱུ་མཚན་ཁུངས་ལྡན་དང་བཅས་ནས་བསྒྲུབ་རྒྱུ་དེ་མི་དཀར་པོ་ནག་པོ་མི་བཟོ་བའི་ཆེད་དུ་ཕན་ཐོགས་ཆེ། མི་དེ་རིགས་ཀྱིས་བཙན་བྱོལ་གཞུང་གི་ལས་བྱེད་ཡིན་ཁུལ་གྱིས་རྫུན་བསྒྲིགས་བྱས་པ་དེ་ཡིས། བཙན་བྱོལ་གཞུང་གི་ལས་བྱེད་ལ་མཐོང་ཆུང་དང་། བརྙས་བཅོས་བྱས་པ་དང་། རང་གི་རྫུན་བསྒྲིགས་དེ་བཙན་བྱོལ་གཞུང་གི་ལས་བྱེད་ཁ་ལ་འཁྱེར་ནས་ཁུངས་འཁྱོལ་ཡོང་བསམས་པ་རེད། ལས་ཀ་དེ་ནི་མ་རབས་ཀྱི་རང་བཞིན་དང་། མི་དཀར་པོར་ཞྭ་མོ་ནག་པོ་གཡོག་ཐབས་བྱས་ཀྱང་། འབྱུང་པོའི་བྱ་བཞིན་ལོང་བར་འགྱུར་བ་ཡིན་ནོ།། བོད་རྒྱལ་ལོ།།
བོད་མི་རྣམས་ནས་དཔྱད་རྩོམ་འབྲི་སྐབས་གང་ཟག་ཅི་འདྲའང་རུང་ནག་པོ་བཟོ་བའི་ཐབས་སུ་མ་གནང་རོགས། ང་ཚོ་བོད་མི་རྣམས་ལ་ནག་པོ་བཟོ་མཁན་པད་༥༠ ཅན་གྱི་རྒྱ་མིའི་དམག་མི་ཞེས་པ་ཟུར་དུ་ཡོད་པས། དོགས་ཟོན་གལ་ཆེའོ།།
་་་་་་་་་་་་་་་་་་་་་་་་་་་་ ཅེས་གསལ་བ་ལས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ནི་ལས་བྱེད་མ་ཡིན་པའི་ཁོངས་ནས་ཡིན། ་་་་་་་་་་་་་་་་་་་
ཕྱི་རྒྱལ་དོན་གཅོད་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལ་རྩི་གི་ཡོད་རེད་མེད་རེད་།
ལས་བྱེད་བླང་དོར་གྱི་སྒྲིག་གཞིའི་ཁྱབ་ཚད་འོག་ཕྱི་རྒྱལ་དོན་གཅོད་ཚོ་ཡོད་རེད་མེད་རེད་།
གསལ་པོ་མཁྱེན་མཁན་ཡོད་ན་གསུང་ཐུབ་ན་མི་མང་པོ་ལ་ཕན་ས་རེད་།
ཧཧཧ ད་ནི་ལྟད་མོ་འདུག
གལ་སྲིད་སྤེན་པ་ཚེ་རིང་འབྲོང་ཆུང་ཤུལ་ན་ཡོད་པ་ཡིན་ན། སྤེན་པ་ཚེ་རིང་ལ་ཆོལ་ཁ་གསུམ་ནས་ཁ་རྡུང་གྲངས་ལས་འདས་པ་འབྱུང་མི་སྲིད་དམ། ཧ་ཧ་