ལྷན་འཛོམས།
རྫོགས་རྣམ་འདྲེན་ཤཱཀྱའི་རྒྱལ་པོ་དང་།།
སྐུའི་མཚན་དཔེ་ངོ་བོ་དབྱེར་མེད་པ།།
གསུང་བསླབ་གསུམ་བདུད་རྩི་འཇོ་བའི་གཏེར།།
ཐུགས་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད།།
སྔོན་བྱང་སེམས་ཀུན་གྱི་ཐུགས་སྨོན་དང་།།
ལས་ཚེ་རབས་འབྲེལ་བའི་མཐུ་སྟོབས་ཀྱིས།།
བོད་གངས་ཅན་ལྷག་པའི་ལྷ་སྐལ་དུ།།
བྱམས་སྙིང་རྗེའི་རང་གཟུགས་རྣམ་པར་གྲོལ།།
སྐུ་བཅུ་དྲུག་ལང་ཚོ་སྨིན་པ་ནས།།
དཀར་དྲི་མེད་ལྷག་བསམ་མངོན་ཕྱུངས་ཏེ།།
བོད་བསྟན་སྲིད་ཁུར་དུ་བཞེས་པ་ཡི།།
ཐུགས་གོ་ཆ་སྙིང་པོར་ལེན་པ་བརྗིད།།
སེང་གདོང་ལྔས་བཏེགས་པའི་ཁྲི་སྟེང་ནས།།
དོན་ལུགས་གཉིས་སྐྱོང་ལ་མངོན་མཐོ་ཡང་།།
དུས་སྐབས་བབ་ཡེ་ཤེས་དབྱིངས་དཔྱད་ཀྱིས།།
ལམ་མང་གཙོའི་སྲོལ་བཟང་འབངས་ལ་བསྩལ།།
སོས་དལ་ལྷོད་མེད་པའི་ཉིན་མཚན་དུ།།
བོད་ཁ་བའི་ལས་དབང་སྙིང་དུ་བརྣགས།།
དགུང་ན་ཚོད་ལོན་ཡང་སེམས་བསྐྱེད་ཀྱིས།།
བློ་རྩེ་གཅིག་གཞོལ་བའི་བརྟན་ཚུགས་སྲིང་།།
སྤྱིར་བསྟན་པ་འཛིན་ལ་དཀའ་བ་སྤྱད།།
སྒོས་འགྲོ་དྲུག་འདྲེན་པའི་ཐབས་ལ་འབད།།
དུས་ངེས་མེད་ཕན་བདེའི་ལས་མཛད་པ།།
རྗེ་བླ་མའི་བྱང་ཆུབ་ལེགས་ཚོགས་རྨད།།
ལམ་དབུ་མའི་ལྟ་བར་དབང་འབྱོར་ཞིང་།།
ཆོས་རྟེན་འབྱུང་ཚུལ་ལ་མངའ་བརྙེས་པ།།
གཞི་འཁོར་བའི་འཇུག་ལྡོག་ལེགས་འདོམས་པའི།།
འོད་མུན་སེལ་དུས་ཀྱི་འགྲོས་སུ་འཚེར།།
ས་ཆེན་པོར་བརྩེ་ཞིང་གདུང་བ་ཡིས།།
བཅུད་སེམས་ཅན་འདོད་དགུའི་དཔལ་དུ་སྐྱོང་།།
བློས་གཏོང་ལེན་ཟབ་མོ་ཆུ་བོའི་གཏེར།།
ཚེ་བསྐལ་བར་སྐོམ་པའི་ཡུལ་དུ་ལྟེམས།།
སྡུག་སྐུ་ཚེགས་ཆེ་བའི་དཀྱོགས་མཚམས་ནས།།
ལམ་ཀྱག་ཀྱོག་བཟོད་པས་སྡུན་བསུས་ཏེ།།
བྱམས་བརྩེ་བའི་རིན་ཐང་གླེང་བཞིན་དུ།།
མཚན་ཞི་བདེའི་དེད་དཔོན་བཞེས་འདི་མཚར།།
ཕྱག་པད་དཀར་བསྣམས་པའི་བྱང་སེམས་ལྷ།།
ཐུགས་བརྩེ་བ་འཁྲུངས་བའི་སེམས་དཔའ་ཆེ།།
ལས་མཐུན་མོང་གདུལ་བྱའི་སྣང་ངོ་ལ།།
མིའི་རྣམ་པར་རོལ་པས་མཛད་པ་གྲགས།།
སྤྱན་གཟིགས་རྒྱང་མི་འཛུམ་ཉམས་རྟོགས་ཀྱིས།།
སྣང་སྲིད་གསུམ་གཉེན་དུ་འཛིན་པར་རོལ།།
གླིང་རི་རབ་ཉི་ཟླས་བརྒྱན་པ་ལྟར།།
མཚན་སྙན་པ་འདི་ཀོ་སུ་ཡིས་བསྙོན།།
དེ་ལྟར་ཡང་ད་ལྟའི་དུས་མཚམས་འདིར།།
བློ་ཕྱིན་ཅི་ལོག་པའི་དཔུང་ཚོགས་ཀྱིས།།
སྨྲ་ངན་པའི་ཚིག་གིས་མཚོན་འདེབས་པ།།
དྲིན་འདུ་ཤེས་སྟོང་བའི་བརླང་སྤྱོད་དེ།།
ཁྲེལ་ངོ་ཚ་བྲལ་བའི་མངོན་ལྐོག་ཡང་།།
རྒྱུ་ཉོན་མོངས་འཁྲིགས་པའི་དགྲ་ཡིན་ན།།
སྐྱབས་བསླུ་མེད་མཆོག་གསུམ་བདེན་པ་ཡིས།།
རྨོངས་མི་བསྲུན་རྩད་ནས་གཅོད་གྱུར་ཅིང་།།
མགོན་བླ་མེད་བསྟན་འཛིན་སྐྱེས་བུ་ཡི།།
སྐུ་གསང་གསུམ་མི་ཤིགས་རབ་བརྟན་ཏེ།།
བཞེད་དོན་ཀུན་འཕྲིན་ལས་འཕེལ་བ་དང་།།
ཞལ་འཛུམ་བག་ཇི་བཞིན་འཁྱིལ་བར་ཤོག།
2020/12/10
མགོན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།། དུས་སྙིག་མའི་སྐྱབས་མགོན་ཡིད་བཞིན་ནོར།།
བོད་ཁ་བའི་རེ་ལྟོས་དྲིན་ཆེན་རྗེ།།
སྐུ་མི་འགྱུར་རྡོ་རྗེ་སྟག་བརྟན་ཤོག།།