རྔ་བ་ཀུན་བཟང་།
གཏམ་འདི་ང་རང་ཉིད་ལ་མཚོན་ནས་བཤད་ན། ཆུང་བྱིས་པའི་དུས་ནས་འབྲོག་པའི་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཞིག་ཡིན། སྐབས་དེ་དུས། སློབ་གྲྭ་ནི་ངའི་རྨི་ལམ་ཀྱི་ཞིང་ཁམས་ལ་ཡང་འཁོར་མ་མྱོང་ལ། དཔེ་ཀློག་གི་འདུ་ཤེས་དང་རིན་ཐང་ག་ལ་རྟོགས། ད་དུང་།དཔེ་ཀློག་གིས་ལས་དབང་འགྱུར་ནུས་པའི་ཡིད་ཚད་དང་རེ་བ་ཞིག་གང་ནས་ཡོད། ཐ་ན་ཀ་ཁ་ཙམ་ཡང་ཀློག་མི་ཤེས། འབྲོག་མོ་ང་ནི། དབྱར་ཟླ་གསུམ་ཀྱི་ཆར་ཆུ་དང་། དགུན་ཟླ་གསུམ་ཀྱི་གྲང་ངར། སྟོན་ཟླ་གསུམ་ཡི་ཕྱུགས་རྫི་བྱས་ནས་རྙེད་དཀའ་བའི་བྱིས་པའི་ལོ་ཟླ་ཡོད་ཚད་རྟ་ནོར་ལུག་གསུམ་དང་འགྲོགས་ནས་འདས། ད་དུང་དབྱར་ཁ་སླེབས་དུས། ཚ་གདུང་ཆེ་བའི་རྫ་རི་དང་སྤང་རི་བརྒྱུད་ནས་དབྱར་རྩྭ་དགུན་འབུ་སོགས་བརྐོད་ཏུ་སོང་དུས། རང་ཉིད་ཀྱི་སེམས་ལ་དེ་ནི་འཇིག་རྟེན་འདིའི་མི་ཡོད་ཚད་ཀྱི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་དང་དམིགས་ཡུལ་མཐར་ཐུག་ཡིན་པའི་སྣང་བ་ལས་དཔེ་ཀློག་གི་སྒྲ་ཙམ་ཡང་ཐོས་མ་མྱོང་།
རེད་དེ། ང་རང་ལོ་བརྒྱད་ཀྱི་སྐབས་སུ། ཨ་མ་དང་ལྷན་དུ་ཚ་གདུང་ཆེ་བའི་ཞིང་ས་ནས་ནང་དུ་ལོག་སྐབས་ལམ་ཁ་ནས། གོས་གཙང་ལུས་ལ་གྱོན་པའི་སློབ་མ་དང་། ཁ་དོག་རྣམ་པ་མཛེས་པའི་དཔེ་དེབ་ཁྱེར་བའི་སློབ་མ་ཚོས་ཕན་ཚུན་སྒྲུང་གཏམ་བཤད་ནས་འགྲོ་བ་མཐོང་དུས། སྐབས་དེ་དུས་རང་ཉིད་ཀྱི་སེམས་ལ་གྲང་ཤུར་ཤུར་གྱི་སྐྱོ་སྣང་ཞིག་བྱུང་། སློབ་གཉེར་བྱས་ན་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་སྙམ་བྱུང་། གལ་ཏེ་ཞིང་པ་དང་འབྲོག་པའི་མྱོང་ཚོར་མེད་ན། ང་ལ་དེ་རིང་གི་འདི་ལྟ་བུར་དཔེ་ཀློག་གི་རིན་ཐང་ངོ་མ་རྟོགས་དཀའ། དཔེ་ཀློག་གི་ལས་དབང་འགྱུར་ལ་དེ་ཡང་ཡོན་ཏན་གྱི་ནུས་ཤུགས་ཡིན་པས་། དཔེ་ཀློག་ཁྲོད་ནས་ཐོབ་པའི་ཡོན་ཏན་ནི་བོར་མི་འགྲོ་ལ་རྐུ་མི་ཐུབ་ཅིང་འཕྲོག་མི་སྲིད་ལ་བསླུ་ཡང་མི་ཐུབ་པའི་རྒྱུ་ནོར་ངོ་མ་ཞིག་ཡིན་པས་དེ་ལས་རྩ་ཆེ་བ་ཞིག་ཡོད་མ་ཡིན།ཕྱོགས་གཅིག་ནས། དཔེ་ཀློག་ཁྲོད་ནས་ལས་དབང་འགྱུར་བ་དེ་རང་ཉིད་ཀྱི་ཕུགས་བསམ་དང་རྨི་ལམ་རྙེད་པའི་ལམ་ཁ་ཞིག་ཀྱང་ཡིན། དཔེ་ཀློག་ལ་བརྟེན་ནས་ཐོབ་པའི་ཤེས་བྱ་གང་དང་གང་ཞིག་ཡིན་ཡང་ཚེ་གང་ལ་འགྲོགས་ཤིང་ལོངས་སྤྱོད་མི་ཚར་བའི་རྒྱུ་ནོར་ཞིག་ཡིན་པས། རྒྱུ་ནོར་འདི་ཐོབ་པའི་མི་སུ་དང་སུ་ཡིན་ཀྱང་སྔར་ཡོད་ཀྱི་སྐྱོ་གར་དང་དཀའ་སྡུག་ཡོད་ཚད་ལ་བདེ་སྐྱིད་ཀྱི་ངོ་བོ་འཛིན་ནུས། མི་ཚེ་གཅིག་ལ་དར་རྒྱུད་གསུམ། དཔྱིད་ཉིན་གཅིག་ལ་དྲོད་གྲང་གསུམ་ཟེར་བའི་དཔེར་ལྟར།
དཔེ་ཀློག་གི་ལས་དབང་འགྱུར་བ་བདེན་ཀྱང་། བརྩོན་འགྲུས། སྙིང་སྟོབས། ཕུགས་བསམ། བཟོད་སེམས། སྡུག་རུས་ལ་སོགས་ནི་ཀློག་པ་པོ་ལ་ཁ་ཚ་དགོས་གཏུགས་གི་ཚང་དགོས་པའི་ཐོག་མའི་རྨང་གཞི་ཡིན། ལྷག་པར་ཏུ་འདས་དུས་ཀྱི་ཉམས་མྱོང་དང་གོ་རྟོགས་སོགས་ཀྱིས་གཞིར་བྱས་ནས་མ་འོངས་དུས་གསར་ཀྱི་མདུན་ལམ་དེ་ཇི་འདྲ་ཞིག་དང་། ཇི་ལྟར་འབད་དགོས་པ་སོགས་བསམ་བློ་ཕྲ་ཞིབ་ཏུ་གཏོང་བའི་ནུས་པ་སྐྱེད་ཐུབ། དཔེར་ན།རང་རི་གངས་ཅན་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རིག་གནས་ཀྱི་ལོངས་སྤྱོད་ཕྱུག་པ་སོགས་གོ་ལ་འདིར་གྲགས་ཆེ་བ་དེ་ཡང་དཔེ་ཀློག་ཁྲོད་ནས་མི་ཚེའི་ཁ་ཕྱོགས་བསྒྱུར་ནས་དཀར་དཀར་ཤོག་བུ་སྟེང་ན་ནག་ནག་ཡིག་ཆུང་འབྲི་མཁས་གྱི་མཁན་ཆེན་དམ་པ་དག་གི་བཀའ་དྲིན་ཁོ་ན་ལས་བྱུང་བ་མིན་ནམ། དཔེ་ཆ་ཀློག་ན་དཔལ་དང་ལྡན་ཞིང་བློ་སྤྱོང་ཐོབ། དཔེ་ཆ་ཀློག་ན་རྨོངས་མུན་སེལ་ཞིང་ནུས་མཐུ་སྐྱེད། ལེགས་ཚོགས་དེ་དག་ལས་ཁྱེད་ལ་སྔར་མེད་ཀྱི་འཇིག་རྟེན་ཞིག་དང་སྔར་མེད་ཀྱི་མཛེས་རྟོགས་ཀྱི་སེམས་ཁམས་དངས་མ་ཞིག་འབྱུང་ངེས།་མཛེས་རྟོགས་ཀྱི་སེམས་ཁམས་དང་སྔར་མེད་ཀྱི་འཇིག་རྟེན་འདི་ན་ཁྱེད་ལ་མཛེས་པ་དང་གཤིས་ཉམས་ལྡན། ལྷག་པར་དུ་ཕྱི་དངོས་པའི་ལོངས་སྤྱོད་ལ་ལྟ་བའི་བློ་མིག་དང་ནང་བསམ་པའི་ལོངས་སྤྱོད་ལ་རྟོགས་པའི་ཡོན་ཏན་སྐྱེད། དེ་ལྟ་བུའི་འཇིག་རྟེན་ཞིག་རོལ་འདོད་ན་ནམ་ཡང་དཔེ་ཀློག་ཁོ་ན་མ་གཏོགས་ནམ་ཡང་སྐྱེད་དཀའ།