ཁ་བའི་སྒྲོལ་མ་དཀར་མོ།
༡༽ རྣམ་ཀུན་གྱི་བསམ་བློ་འཛིན་སྟངས་ཤིག
མི་ཚད་ལྡན་ཞིག་བྱ་ན། ཤེས་ཡོན་པ་ལ་ཚད་བརྒལ་གྱི་སྡིགས་དམོད་བྱ་མི་རུང་། ཆབ་སྲིད་པར་ཚད་བརྒལ་གྱི་བསྟོད་པ་བྱེད་མི་རུང་། དེ་གཉིས་ཀྱི་རྗེས་སུ་འགྱོད་པ་ཡོང་བ་མ་ཟད། རང་ཚིག་བླ་རྩ་མེད་པར་འགྱུར་སྲིད། ཤེས་ཡོན་པའི་ཐལ་སྤྱོད་ཀྱི་རྒྱབ་ཏུ་བདེན་དོན་གྱི་ཞལ་རས་ཡོད་ལ། ཆབ་སྲིད་པའི་བཟང་སྤྱོད་ཀྱི་རྒྱབ་ཏུ་ལྐོག་ཇུས་ཀྱི་ངོ་གདོང་ཡོད་པས་སོ། །ཆབ་སྲིད་པས་ལས་ཀ་བཟང་པོ་བརྒྱ་ཡི་རྒྱབ་ཏུ་གནག་ལས་སྟོང་གི་བང་རིམ་བསྒྲིགས་ཡོད་ལ། ཤེས་ཡོན་པས་ཐལ་སྤྱོད་བརྒྱ་ཡི་དུད་སྤྲིན་གྱི་གསེང་ནས་གནས་ལུགས་སྟོང་གི་ཟེགས་མ་གཏོར། དེའི་ཕྱིར། ཤེས་ཡོན་པའི་ཐ་སྙད་ཅན་ཚོས་གནས་ལུགས་དང་མི་མང་ལ་འགན་འཁུར་དགོས་པ་ལས་འོས་མི་ཁོ་ནར་འགན་འཁུར་མི་རུང་། མིག་བཙུམ་ནས་ལྕེ་དམར་རྐན་ལ་བརྡབ་ཏེ་འོས་མི་གཅིག་སངས་རྒྱས་སུ་བསྒྲུབ་ཀྱང་དེ་ལ་སྙིང་བོ་ཅི་ཡང་མི་འདུག ངས་དེ་ལྟར་བསམ།
༢༽ ངའི་འཆར་སྣང་ལ་མ་སྙོབས་པའི་འོས་མི་འགའ།
ང་ནི་སྲིད་དབང་ཤེས་ཡོན་པས་འཛིན་པར་རེ་བཞག་ཆེན་པོ་བཅངས་མཁན་ཞིག་ཡིན། བོད་ཀྱི་བྱུང་རབས་དེ་བྱུང་གི་ལོ་རྒྱུས་ལ་བལྟས་ནའང་བཀྲ་ཤིས་པ་ཆ་ཚང་སྲིད་དབང་ཤེས་ཡོན་པས་བཟུང་དུས་ཤ་སྟག་ཡིན་ལ། སྣ་ནག་མ་ཡོད་ཚད་སྲིད་དབང་ཤེས་ཡོན་མེད་པའི་ཆབ་སྲིད་པས་འཛིན་དུས་ཞེ་གཅིག་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་འཛིན་དུས་ནས་མར་དེད་ན་མཁས་དབང་ཟམ་གདོང་བས་འཛིན་དུས་ནས་ཡར་དེད་ན། ཤེས་ཡོན་པས་འཛིན་དུས་སུ་གང་ལ་དེ་འཚམ་གྱི་ལེགས་པོ་ཡོད། དེའི་ཕྱིར། ངས་ད་ལོའི་སྲིད་སྐྱོང་འོས་མིར་ཐུབ་བསྟན་སྦྱིན་པ། ཝ་ནཱའི་ངེས་སྟོན་པ་ངག་དབང་བསམ་གཏན། དགེ་བཤེས་ལྷག་རྡོར་ལྟ་བུའི་མཁས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་མོད། དེ་ལྟ་མིན་པར་ཆབ་སྲིད་པ་ཁ་ཤས་ཀྱིས་འཚང་ཁ་བསྐྱོན་སོང་། དེའི་ཕྱིར། ངས་དེ་ཚོའི་གཅིག་ལའང་ཚད་བརྒལ་གྱི་བསྟོད་པ་མི་བྱེད། སྨད་པའང་བྱེད་དོན་མེད། ལྟོས་བཅས་ཀྱིས་བཤད་ན་བོད་གཉན་འཕྲང་གི་སྐབས་སུ་བོད་དོན་ཁུར་ལ་ལེན་མཁན་འགའ་ཡིན་པས་དོ་ཁུར་དང་རྒྱབ་སྐྱོར་བྱེད་འོས།
༣༽ སྤེན་སེང་གདོང་ཐུག ཁྲིམས་གཏུགས། གྲོས་ཚོགས་འཐོར་བ། བློ་སེང་གི་འཇོན་ཐང་། རྒྱ་རི་དང་བཀྲས་མཐོང་གི་ཨབ་ཕྲུག
སྤེན་པ་ཚེ་རིང་དང་བློ་བཟང་སེང་གེ་གཉིས་རྒྱལ་བ་རིན་པོ་ཆེས་ལག་མགོར་ཁྲིད་ནས་རྒྱལ་སྤྱིའི་མི་སྣ་རྣམས་སུ་ངོ་སྤྲོད་བྱས་པ་རེད། དེ་བཞིན་དུ་གསར་བུ་དེ་གཉིས་ཀྱིས་བོད་ཀྱི་མང་གཙོ་ཆེས་ཚད་མཐོ་བའི་རྩེ་མོར་བསྐྱལ་ཞིང་། ཨ་རིའི་སྲིད་འཛིན་འོས་མིའི་གདོང་ཐུག་ལྟ་བུའི་སྣང་བརྙན་ཞིག་བོད་ལ་བཞག་པ་རེད། མི་ཁ་ཤས་ཀྱིས་གནམ་ཐང་ནས་ཀི་འདེབས་དགོས་བྱུང་ཞིང་། ཁ་ཤས་ཀྱིས་ཁ་ཐུམ་རྒྱག་དགོས་བྱུང་། འདི་ལ་རང་དབང་ཟེར་བ་རེད། མང་གཙོ་ཟེར་བ་རེད། མང་གཙོའི་སྤྱོད་པ་ནི་འདི་འདྲ་ཞིག་ལས་བཟང་བོ་སྤྱོད་པའི་སྨོན་ལམ་དང་སྤྱོད་འཇུག་ལས་གསུངས་པ་ལྟ་བུ་ཞིག་ཡིན་ནི་མ་རེད། ལྷག་པར་དུ་སྤེན་ཚེས་”བཀའ་ཤག་གི་རྒྱབ་སྐྱོར་མེད་པ་ཞིག་ལ་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་པའི་བདེན་པ་གསལ་འདོན་བྱས་པ་”དེས། བོད་ཀྱི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་བདེན་དཔང་བྱས་པ་རེད། འདི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་བྱས་པ་ཞིག་རེད། བཤད་ཕོད་པ་འུ་ཚང་གི་སྐུ་ངོ་ཆ་ཚང་ཡིན་ནའང་སྒྲུབ་ཕོད་པའི་སྤེན་པ་འདི་ད་ལོའི་འོས་མི་ཀུན་ལས་རྫིག་ཤོས་དེ་རེད་འདུག་སྙམ་སོང་།
གྲོས་ཚོགས་ཀྱི་རྙོག་དྲའི་སྐབས་སུའང་སྤེན་ཚེས་སྤོབས་པ་ཆེན་པོས་མཐོ་རིམ་དཔོན་རིགས་ཚོའི་ཕྱོགས་ཞེན་གྱི་རྣམ་པ་དང་ཕྱོགས་བསྒྲིགས་ཀྱི་ཟློས་གར་སྐྱུག་བྲོ་བོ་གསལ་འདོན་བྱས་ཡོད། སྐབས་དེར་སྐལ་བཟང་རྒྱལ་མཚན་གྱིས་ལས་རིམ་རྣམ་གཞག་བླངས་ཏེ། ཚོགས་གཙོས་ཕྱིར་འཐེན་གྱིས་ཞེས་སྐྱག་མགོར་ས་ཚུབ་བྱེད་རྩིས་བྱས་ནའང་སྤེན་པས་ཉན་འཇོག་བྱས་མེད། དུས་དེ་ནས་བཟུང་སྟེ། མི་མང་གིས་བདམས་པའི་མཁོ་ཁྲིད་ཀྱིས་མི་མང་ལ་འགན་མ་ཁུར་བར་ཕྱོགས་ཁ་ལ་འགན་འཁུར་བ་ངོས་ཟིན་ཡོད། སྤེན་ཚེ་ནི་སུན་འབྱིན་གྱི་བློ་སྤོབས་དང་འཇོན་ཐང་ཅན་ཞིག་ལ་ངས་སྙམ་གྱིན་ཡོད། ད་ནི་སྤེན་ཚེ་སྲིད་སྐྱོང་ལ་བཞེངས་ནའང་བླུན་པོ་འུར་ཞོག་གིས་ངོ་རྒོལ་བྱས་ན་གནམ་ལྕགས་ཀྱི་འཁོར་ལོ་རང་གི་ཀླད་པར་འཁོར་བར་སྤེན་པར་མི་དགའ་བ་ཚོས་ཀྱང་ངོས་ཟིན་ཡོད་སྙམ། དེའང་བོད་ཀྱི་སྲིད་སྐྱོང་གི་ཆ་རྐྱེན་ཞིག་རེད་སྙམ།
གསལ་བོ་བཤད་རྒྱུ་ཞིག་ལ། བློ་བཟང་སེང་གེ་་ཁྲིམས་གཏུགས་སྐབས་སུ་ཕམ་སོང་བ་དང་སྤྱོད་པ་མཚར་པོ་རྣམས་སུའང་ང་ཧང་སངས་ཀྱིན་མེད། བློ་བཟང་སེང་གེ་དགོན་པ་གསེར་ཏོག་ཅན་ནས་འཚར་ལོངས་བྱུང་བའི་ངར་འཛིན་དགྲ་ཡི་དང་མར་ལྟ་བའི་སློབ་གསོ་འོག་ནས་ནར་སོན་པ་མ་རེད། སྐྲ་ལོ་གསེར་མདོག་ཅན་གྱི་སྤྱི་ཚོགས་འགྲིམས་ཏེ་ངར་འཛིན་བདེ་ལེགས་ཐམས་ཅད་ཀྱི་རྩ་བར་ཁས་འཆེ་བའི་སློབ་གསོའི་ཁོར་ཡུག་ནས་ཡར་ལངས་པ་རེད། ངོས་འདི་ནས་བལྟས་ན། ངས་བློ་སེང་གི་བྱ་སྤྱོད་དག་ཀྱང་བཏང་སྙོམས་སུ་འཇོག་ཐུབ་ཀྱིན་འདུག
དེ་དག་ཡོང་སྲིད་པ་ཞིག་དང་བློ་སེང་གིས་ཀྱང་ལོ་བཅུའི་རིང་གང་ལ་དེ་འཚམ་གྱི་ཕྱག་ལས་ཡག་པོ་གནང་སོང་བའི་སྣང་ཚུལ་བྱུང་ཡོད། དེའི་ཆ་ནས་ངས་བློ་སེང་ལ་དམོད་མོ་བྱེད་འདོད་ཀྱི་ཡི་ག་གཞར་ཡང་མེད། བཀྲས་མཐོང་དང་སྤེན་ཚེར་ཐོབ་ཡོད་ནའང་། ནོར་འཛོལ་བྱུང་ཡོད་སྲིད་ལ། བློ་སེང་ལས་ལྷག་ཅིག་བྱེད་པའི་ངེས་ཤེས་ང་ལ་མེད། ལྷག་པར་བློ་སེང་ལགས་རྒྱལ་སྤྱིའི་བརྒྱུད་ལམ་ནས་མངོན་དུས་ཉམས་དགའ་བ་ཞིག་ཡིན། འདི་ཙམ་ཡང་ཁས་མི་ལེན་ན་མངོན་སུམ་ལ་བསྙོན་པ་རེད། དེ་དག་ལ་གནས་ལུགས་ཀྱི་ལྕེ་དམར་གཡུག་པ་ནི་ངལ་བའི་ལས་ཀ་ཞིག་ཡིན། ལྷག་པར་ཉེ་ཆར་ཕོ་བྲང་དཀར་པོ་ནང་དུ་ཕྱིན་པའི་སྐོར་ལ། དགག་རྩོམ་མང་དུ་ཡོང་གིན་པ་ནི། རྒྱལ་བ་རིན་པོ་ཆེའི་སྐུའི་གཟི་བརྗིད་ཁུར་ནས་རྒྱ་རི་དང་བཀྲས་མཐོང་ཕོ་བྲང་དཀར་པོར་བསྐྱོད་པ་ནུས་མེད་བྱས་སོང་སྙམ་པའི་སེམས་ཁྲལ་གྱིས་འུར་གྱིན་པ་རེད་སྙམ། འདིའི་སྐོར་མང་དུ་བཤད་རྒྱུ་ཡོད་མོད། གནས་སྐབས་སྲིད་སྐྱོང་འོས་མིའི་སྐོར་གླེང་འདོད།
༤༽ ཟམ་གདོང་རིན་པོ་ཆེ་འཁྲབ་པ། དགོངས་ཞུའི་དོན་རྐྱེན། མི་ཆེན་གྱི་རྒྱབ་སྐྱོར།
ད་ལོའི་འོས་མི་ཚོའི་ཁྲོད་ནས་རྒྱ་རི་དང་འབྲོང་ཆུང་སྤེན་ཚེ་གསུམ་ལས་གཞན་དག་ལ་ཐོབ་རེ་ཡོད་པར་མ་མཐོང་། དེ་གསུམ་ལས་རྒྱལ་སྤྱིའི་འབྲེལ་ལམ་ཐད་ནས་གླེང་ན་སྤེན་ཚེ་ལས་གཞན་གཉིས་ལ་རེ་བ་བཅངས་སའི་གཞི་རྩ་མེད། དབྱིན་སྐད་ཀྱང་ཚུར་གོ་ཙམ་དང་ལས་སླ་བོའི་རིགས་ཕར་བཤད་ཐུབ་ཙམ་ལས་གནད་འགག་ཅན་གྱི་གཏམ་བཤད་ཐུབ་པའི་རིགས་མ་རེད། དེ་ལྟར་ཐུབ་སྲིད་ཀྱང་དེ་ལ་དེ་འཚམས་ཀྱི་ཉམས་མྱོང་དགོས་པས་ཁོ་གཉིས་ལ་དེའི་ཕྱོགས་སུ་རེ་བ་བྱེད་ས་མེད། ཡིན་ནའང་། དེ་ཡོད་མདོག་མདོག་ཅིག་ལ་ཉེ་ཆར་དབྱིན་ཡིག་གི་རྩོམ་ཞིག་འབྲོང་ཆུང་གིས་བྲིས་ཞེས་བརྒྱུད་ལམ་ཞིག་ལ་བཀོད་པ་བསྒྲགས་ཀྱིན་འདུག རྩོམ་དེའང་ངོ་སྤྲོད་རྩོམ་ཡིག་ལས་དཔྱད་གཞིའི་རིན་ཐང་ཅན་དང་གསར་བ་གཅིག་ཀྱང་མི་འདུག རྒྱལ་བ་རིན་པོ་ཆེ་ལ། ཆོས་གོས་གྱོན་པའི་སྤྱང་ཀི་ཟེར་མཁན་གྱི་རྒྱ་གཞུང་གི་མགྲིན་ཚབ་རྒྱ་རྒན་དེ་མིང་བཟུང་བྱས་འདུག ང་ལ་མཚོན་ན་དེ་ཙམ་ལས་གསར་བ་གཅིག་ཀྱང་མ་མཐོང་། རྩོམ་དེའང་ལྡི་ལི་གསར་བའི་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་མིང་འབྲེལ་དང་བཅས་བཀོད་འདུག མིང་དེ་འབྲེལ་གྱི་རྩོམ་ཞིག་ལ་སུས་བྲིས་པར་བསྙད་ཀྱང་འགོད་ངེས་པ་ཡིན། རྒྱ་རིས་ཀྱང་ལ་དྭགས་སུ་དབྱིན་སྐད་བཤད་པའི་བརྙན་ཐུང་ཞིག་བཀྲམ་གྱིན་འདུག འདི་ཚང་མ་འོས་ཤོག་གི་ཆེད་དུ་འཇོན་ཐང་ངོམ་གྱིན་ཡོད་རེད། དེའང་འགྲིག་པ་ཞིག་རེད་དེ། ཟམ་གདོང་འཁྲབ་ཀྱིན་པའི་འབྲོང་ཆུང་གིས་ཁ་ཙམ་ལས་ཁོག་ནས་ཟམ་གདོང་འཁྲབ་ཐུབ་ཀྱི་མེད་པའི་དཔང་རྟགས་གསལ་བོ་ཞིག་རེད། འབྲོང་ཆུང་ལགས་ལ་ཟམ་གདོང་གི་འཇོན་ནུས་དང་ཡིད་ཆེས་ཡོད་ན་རྒྱབ་སྐྱོར་བ་ཚོས་དེ་འདྲའི་དཀའ་ལས་རྒྱག་དགོས་པ་མ་རེད། ང་འོས་འཕེན་ན་ལངས་ཀི་ཡིན་ཞེས་པའི་བརྡ་ཙམ་བཏང་སྟེ་ཉལ་བསྡད་ཀྱང་ཐོབ་ཀི་རེད། ཡིན་ནའང་། འབྲོང་ཆུང་དང་ཁོའི་རྒྱབ་སྐྱོར་བ་ཚོས་ཇུས་གཞི་པང་བསྒྲིགས་ནས་དཀའ་ལས་རྒྱག་གི་འདུག
ད་ལོའི་འོས་མི་སོ་སོའི་རྒྱབ་སྐྱོར་ཕྱོགས་ཁག་གམ་དྲ་ལམ་གྱི་འུར་སྒྲོག་པ་ཚོར་བལྟས་ན། ད་ལོ་འབྲོང་ཆུང་གི་རྒྱབ་སྐྱོར་བ་ཚོ་སྨྱོ་ཐལ་ཆེ་བ་ལ་ཚད་ཅིག་མི་འདུག ཤེས་ཡོན་པ་ཡིན་ཟེར་བ་ཚོས་ཀྱང་མི་རིགས་ལ་འགན་མི་འཁུར་བར་འོས་མི་ལ་འགན་འཁུར་གྱིན་འདུག འབྲོང་མིང་ཅན་གྱི་སྙན་ངག་དང་ལེགས་བཤད་ཡོད་ཚད་འཐུས་ནས་དྲ་ལམ་ལ་བཀྲམ་གྱིན་འདུག འབྲོང་ཆུང་རྒྱབ་སྐྱོར་བ་ཞིག་གིས་ངས་འདི་ལྟར་བསྒྲགས་ནས་བོད་མི་ཚོས་འོས་འཕེན་དུས་མིག་ལམ་རྣ་ལམ་ལ་རང་དབང་མེད་པར་འབྲོང་ཆུང་གྲགས་ཡོང་བ་ཞིག་བཟོ་གི་ཡིན་ཞེས་བྲིས་འདུག ངོ་མ་སྙིང་རྗེ་བའི་ཚོར་བ་ཞིག་སྐྱེས་སོང་། ལྷག་པར་དོན་གཅོད་ཁང་ནས་འབྲོང་ཆུང་གིས་བཅར་འདྲི་དང་ལེན་བྱས་པ་དེ། མངོན་གསལ་གྱི་ཁྲིམས་འགལ་ཞིག་རེད།
དོན་དངོས་སུ་འབྲོང་ཆུང་ཇི་འདྲ་ཞིག་ཡིན་ནམ་ཞེ་ན། དེ་ང་ཚོ་ཚང་མར་ལྐོག་གྱུར་རེད། ཡིན་ནའང་། མི་བཟང་པོ་ཞིག་ཡིན་པའི་ངེས་པ་ང་ཚོར་འདྲེན་གྱིན་འདུག ཁོའི་འཁོར་དང་ལག་གཡོག་གི་ལས་ཀ་བ་ཚང་མས་རྒྱབ་སྐྱོར་བྱེད་ཀྱིན་འདུག འདི་ལས་འབྲོང་ཆུང་ལགས་མི་ཡག་པོ་ཡོད་པར་མཚོན་ཐུབ་ཀི་སྙམ། ཡིན་ནའང་། འབྲོང་ཆུང་གིས་བཀའ་བློན་ནས་དགོངས་པ་ཞུས་པ་དེ་བཟང་སྤྱོད་རང་ཡིན་ཞེས་ཁོང་གིས་བཤད་ཡོད་རེད། ཟམ་གདོང་རིན་པོ་ཆེས་ཀྱང་རྒྱ་གར་མེ་འཁོར་བློན་ཆེན་དཔེར་དྲངས་ནས་བསྔགས་པ་གནང་ཡོད་རེད། ཡིན་ནའང་། འབྲོང་ཆུང་ལགས་རྒྱ་གར་གྱི་མེ་འཁོར་བློན་ཆེན་དེ་ལྟ་བུ་ཞིག་རེད་དམ་ཞེ་ན། དེ་ལ་ང་དོགས་པ་ཡོད། དོལ་རྒྱལ་བས་རྒྱལ་བ་རིན་པོ་ཆར་ཁྲིམས་གཏུགས་བྱས་པ། དུས་དབང་སྐབས་སུ་རྒྱལ་བ་རིན་པོ་ཆེའི་བཞུགས་ཁྲི་དང་འབེན་འཇོག་སའི་ས་ཐིག་ཚུན་ཆད་བླངས་པ། དོལ་རྒྱལ་བ་རྒྱལ་བ་རིན་པོ་ཆེའི་ལམ་ནང་ལ་མཆོང་བཅུག་པ། སྐུ་པར་ཕབ་པ་སོགས་ཀྱི་སྐབས་སུ་འབྲོང་ཆུང་བདེ་སྲུང་བཀའ་བློན་རེད། འདི་ཚང་མ་བདེ་སྲུང་དང་ཐད་ཀར་འབྲེལ་བའི་ལས་ཀ་རེད། འདི་དག་གི་སྐབས་སུ་དགོངས་པ་མ་ཞུས། རྒྱལ་བ་རིན་པོ་ཆེས་འཕྲོད་བསྟེན་གྱི་འཐུས་ཤོར་སྐོར་ལ་བཀའ་གནང་བ་དེ། བཀའ་བློན་དག་ལས་འཕྲོད་བསྟེན་བཀའ་བློན་དང་ཐད་ཀར་འབྲེལ་ཡོད་པ་ལས་ཁོ་ལ་འབྲེལ་བ་མེད། དེའི་ཕྱིར། ཁོས་དགོངས་པ་ཞུས་པ་དེ། བཟང་སྤྱོད་རང་དང་རྒྱ་གར་གྱི་མེ་འཁོར་བཀའ་བློན་གྱི་མཛད་སྤྱོད་དང་ལེན་གནང་བ་ཞིག་མིན་པ་གསལ་བོ་རེད། ལྷག་པར་དུ་ཁོའི་གཤམ་འོག་གི་ལས་བྱེད་པ་འགའ་དང་ཆབ་སྲིད་བཙོན་མ་འགས་ད་རེའི་འོས་ཤོག་གིས་འབྲོང་ཆུང་ལ་དྲིན་ལན་འཇལ་བྱེད་བྱེད་ཀྱིན་པ་དེ་ནི་བསམ་ཞིང་བསམ་ཞིང་ཆེས་ཅོལ་ཆུང་གི་ལས་ཀ་ཞིག་རེད། འོས་ཤོག་གིས་དྲིན་ལན་འཇལ་ནའང་སྐད་ཆ་དྲང་བོར་བཤད་ནས་འཇལ་ན་འོས་སེ་འདུག་མོད། ཁོ་ཚོས་སྤྱི་ཚོགས་ལྷིང་འཇགས། གཞིས་བྱེས་འབྲེལ་ལམ། རྒྱལ་བའི་སྐུ་ཕྱྭ་སོགས་སྐད་ཆ་ཆེན་པོ་ཏག་ཏག་གཡུགས་ནས་དྲིན་ལན་འཇལ་བ་དང་། ལས་གནས་དང་མིང་གྲགས་ཅན་གྱི་མི་སྣའི་སྐད་ཆ་བསྡུས་ནས་འོས་སློང་བ་ནི། མི་མང་གི་ཚོར་བ་འགུགས་ཐབས་ཙམ་ལས་དཔང་རྟགས་མེད་པ་དང་སྙིང་བོ་མེད་པའི་སྐད་ཆ་རང་རེད།
ཡང་གཅིག་བཤད་ན། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་མྱི་ཆེན་གྱི་རྒྱབ་སྐྱོར་ནི། དེ་ཙམ་རྟེན་འབྲེལ་འགྲིག་པོ་རང་མིན་ཐལ། དཔེར་ན། བཀྲས་མཐོང་དང་བློ་སེང་སྐབས་མི་ཆེན་ཚོས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་ཡོད། སྤེན་པ་དང་བློ་སེང་སྐབས་ཀྱང་མི་ཆེན་ཚོས་སྤེན་པར་རྒྱབ་སྐྱོར་བྱས་ཡོད། ཡིན་ནའང་། རིམ་པར་ཕམ་ཡོད། དེའི་ཕྱིར། ངས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་སྤྱི་ཚོགས་རིགས་པ་ཅན་ཞིག་དང་སྤྱི་ཚོགས་རྒོད་པོ་ཞིག་ཡིན་ཞེས་བཤད་ཀྱིན་ཡོད། ད་དུང་བཙན་བྱོལ་བོད་མིའི་མང་གཙོ་ནི་ཆེས་ཚད་མཐོ་བའི་མང་གཙོ་ཞིག་ཡིན་པའི་བདེན་རྟགས་ངར་མའང་དཔོན་ཆེན་གྱི་རྒྱབ་སྐྱོར་མེད་པའི་བློ་སེང་ལགས། སྐབས་གཉིས་རིང་སྲིད་སྐྱོང་ལ་ཐོབ་པ་འདི་རེད་སྙམ། དཔྱད་བརྗོད་པ་ཁ་ཤས་ཀྱིས་བཙན་བྱོལ་ནི་མང་གཙོ་ཞིག་མིན་པར་མི་ཚང་བཞིས་དབང་བསྒྱུར་ནས་ཡོད། མི་ཚང་བཞི་བོ་གང་དང་ཡང་འབྲེལ་བ་མེད་པའི་མི་བུ་ཞིག་གངས་སྐྱིད་ནས་གཞུང་ཞབས་ཙམ་ཡང་བྱེད་སྐལ་མེད་རབས་བཤད། ཡིན་ནའང་། དེ་ནི་དཔྱད་པ་རྒྱག་སྟངས་ཤིག་ལས་དོན་དངོས་མིན། དོན་དངོས་ཡིན་ན་ཟམ་གདོང་ལགས་ལོ་བཅུར་དབུ་གཡོན་ནས་བཞུགས་ས་མེད་ལ། བློ་སེང་ལགས་ཀྱིས་ཀྱང་ལོ་བཅུ་ལ་ལབ་བརྒྱབ་ནས་བསྡད་ས་མེད། བཙན་བྱོལ་ནི་ཕྱོགས་རིས་འཐེན་འཁྱེར་གྱི་སྡོམ་ཐག་ཅིག་དང་དགྲ་དགའ་གཉེན་སྡུག་གི་ཕུང་བོ་ཞིག་རེད་ཅེའ་འུར་མཁན་ཚང་མ་ཕྱོགས་ཞེན་གྱིས་བཟི་བའི་ཅོལ་ཆུང་ཤ་སྟག་གིས་རང་ཉིད་ཀྱི་ཞེ་འདོད་འུར་བ་ཙམ་རེད། འདི་ངའི་ལྟ་ཚུལ་ཡིན།
༥༽ རྒྱ་རིའི་ཆབ་སྲིད། སྤེན་པའི་དྲིས་ལན། ཐ་མའི་གདམ་ག
རྒྱ་རི་སྒྲོལ་མ་ལགས་ནི། ཆབ་སྲིད་པ་རྒན་པ་དང་ཆབ་སྲིད་ཀྱི་ཇུས་གཞི་རྒྱ་ཆེ་ཤོས་ཀྱི་འོས་མི་དེ་རེད་སྙམ། ནང་སྲིད་བཀའ་བློན་སྐབས་ནས་བཟུང་ཉེར་གཅིག་སྲིད་སྐྱོང་གི་འཆར་གཞི་བསྒྲིགས་ནས་གཞིས་ཆགས་ཁག་ལ་བསྐྱོད་ཅི་ཐུབ་དང་། མཐུན་རྐྱེན་བསྐྲུན་ཅི་ཐུབ་ཀྱིས་མི་མང་གི་བློ་ཁ་འགུགས་ཐབས་བྱས་ཡོད་པས། ད་ལོའི་རེ་བ་ཆེ་ཤོས་ཀྱི་འོས་མིར་གྱུར་ཡོད། ཉེ་བའི་ཆར་ཡང་སྲིད་སྐྱོང་ལ་དམིགས་བསལ་གྱིས་མཇལ་བཅར་ཁྱབ་བསྒྲགས་དང་རྒྱལ་ཞེན་དང་འབྲེལ་བསམ་འཆར་ཡིག་ཆ་ཕྱིར་འཐེན་གྱི་གླེང་སློང་། བོད་རིགས་ཚོགས་པ་ཁག་ས་འཐུས་ཀྱི་ངོ་བོར་བསྒྱུར་རྒྱུ་སོགས་ཀྱི་སྐད་ཆ་ཡོད་ཚད། འོས་འགུགས་དང་འབྲེལ་ཡོད་པས། ཐབས་ཇུས་རྒྱ་ཆེ་བ་རེད་སྙམ། རྒྱ་རིའི་རྒྱབ་སྐྱོར་བ་ཚོས་ང་ཚོར་གློག་འཐེན་སོང་། ཐང་ཁྲོམ་སྤྲད་སོང་། བཙོན་ཁང་ལས་བསྐྱབ་སོང་སོགས་ཀྱི་སྐད་ཆ་དྲང་བོར་བཤད་ནས་རྒྱབ་སྐྱོར་བྱེད་ཀྱིན་པ་དེ་བདེན་པ་བདེན་ཐུབ་རེད་སྙམ། ད་རེའི་རྒྱ་རི་སྒྲོལ་མའི་རྒྱབ་སྐྱོར་བ་རྣམས་ཀྱིས་བག་ཡོད་ཚུལ་མཐུན་གྱི་རྒྱབ་སྐྱོར་བྱེད་ཀྱིན་པའི་སྣང་བརྙན་སྤྲད་སོང་མོད། འཇམ་དབྱངས་ནོར་བུའི་སྨྱོ་བཤད་གཅིག་གིས་རྒྱ་རིའི་རྒྱབ་སྐྱོར་བ་ཡོད་ཚད་ཀྱི་རིན་ཐང་ས་ལ་བསྲེས་སོང་། དེ་ལས་ད་ལོའི་རང་བཙན་གྱི་ལྟ་བ་ཁུར་བའི་འོས་མི་མ་ཐོན་པ་དང་། རྒྱ་རིས་བསམ་འཆར་ཡིག་ཆ་ཕྱིར་བསྡུའི་གླེང་སློང་སོགས་ས་འོག་དར་ཐག་ལ་བརྒྱུན་པའི་ཆབ་སྲིད་ཀྱི་ཇུས་གཞི་ཆེན་པོ་ཞིག་གི་མཇུག་མ་ཕྱིར་བཏོན་པ་རེད་སྙམ།
ད་ལོའི་སྲིད་སྐྱོང་འོས་མིའི་བགྲོ་གླེང་གཏམ་བཤད་ཁག་ལས་ཆེས་ཉན་སྤྲོ་བ་དང་དོན་ལ་དབབ་པ་ནི། སྤེན་པ་དང་ཨ་ཕོ་ལུག་རྫི་གཉིས་ཀྱི་གཏམ་བཤད་ཁག་རེད། ཨ་ཕོ་ལུག་རྫི་ནི་ལུག་རྫི་ཙམ་མིན་པར་ཆབ་སྲིད་ཀྱི་གོ་རྟོགས་ཅན་ཞིག་དང་དོ་སྣང་ཅན་ཞིག འཆར་སྒོ་ཡངས་ཤིང་ཁ་ལྕེ་བདེ་བོ་ཞིག་རེད། དཔེར་ན། ཁོའི་སྡོམ་ཚིག་འགའ་འདིར་དྲངས་ན། “ཟམ་གདོང་མཁས་པས་སྟོང་གཏམ་བཤད་ནས་ལོ་བཅུ་བསྐྱལ། བློ་སེང་སྤྱང་པོས་སྤྱང་རྟགས་བསྟན་ནས་ལོ་བཅུ་བསྐྱལ།”ཞེས་དང་། “དེང་སྐབས་དབུ་མའི་ལམ་དང་མ་ཎི་འདྲ་བོ་ཆགས་འདུག ” ཅེས་དང་། “བདེ་སྲུང་བཀའ་བློན་ལ་མྱི་ཞིག་ཡིན་ན་འགྲིག” ཅེས་སོགས་ནི་དོན་ལ་དེ་ལྟར་མིན་ཡང་། སྣང་ཚུལ་ལ་འཆར་སྒོ་ཡངས་པོས་སྡོམ་བསྐྱོན་པ་ཞེ་གཅིག་རེད།
སྤེན་ཚེ་ལགས་ཀྱི་གཟའ་སྤེན་པའི་མུ་འབྲེལ་གཏམ་བཤད་ནི། རིན་ཐང་ཆེ་བའི་ཟབ་སྦྱོང་ཐེངས་ཤིག་རེད་འདུག མི་མང་སྨོས་ཅི་དགོས། སྲིད་སྐྱོང་འོས་མི་གཞན་དག་གིས་ཀྱང་ངེས་པར་ཉན་དགོས་པ་དང་། ཉན་ན་ལམ་སྟོན་གྱི་ཡིག་ཆར་འོས་པ་ཞེ་གཅིག་ཡིན་པའི་ཚོར་སྣང་ཞིག་སྤྲད་སོང་། སྤྱི་སྙོམས་དྲང་བདེན། ནུས་པ་མཉམ་སྤུངས། གོམ་པ་མདུན་སྤོ་ལྟ་བུར་མཚོན་ནའང་འབོད་ཚིག་ཙམ་མིན་པར། ཁོའི་ལས་དོན་ཆ་ཚང་དེའི་འོག་ནས་འཁོར་སྐྱོད་ཐུབ་པ། ཆབ་སྲིད་རིག་པའི་བརྡ་ཆད་ལྟ་བུའི་ཁྱད་ཆོས་ཡོད་པས་གཞན་དག་གི་འབོད་ཚིག་དག་ལས་ལྡབ་ཀྱིས་ལྗིད་ཁོག་ཆེ་བ་འདུག ད་དུང་བདུན་ཕྲག་རེ་བཞིན་བཀའ་ཤག་གི་འགྲིན་ཚབ་པས་མི་མང་ལ་ལན་འདེབས་བྱེད་རྒྱུ་ཡིན་ཞེས་པ་དང་། གྲོས་ཚོགས་ལ་བརྩི་བཀུར་དང་རྩིས་་རྒྱག་པ་དང་ལན་འདེབས་པ་སོགས་ཀ་བ་གསུམ་གཅིག་ལ་གཅིག་བརྟེན་དང་། གཅིག་གིས་གཅིག་བཀུར་བྱེད་རྒྱུ་ཞེས་པ་དང་། བྱེ་བྲག་ནུབ་ཕྱོགས་ཀྱི་བོད་མི་འདུས་སྡོད་ཆེ་བའི་ཡུལ་གྲུ་ཁག་ཏུ་བོད་ཀྱི་གཞིས་ཆགས་འཛུགས་པ་དང་སློབ་གྲྭ་འཛུགས་པ་སོགས་ཀྱི་ལས་རིམ་འགྲོ་རྒྱུ་ཡིན་ཞེས་སོགས་ཀྱི་ཁས་ལེན་དང་འབྲེལ་བའི་གཏམ་བཤད་དག་ལ། གསར་འགོད་པ་དང་མི་མང་གིས་ཀྱང་དོ་སྣང་དང་ཡིད་འཛིན་གྱིས་སྲིད་སྐྱོང་ཐོབ་རྗེས་ཁ་ཚ་དགོས་གཏུགས་ཀྱི་ལས་འཆར་དག་གི་སྟེང་བཙིར་འདེད་བྱེད་དགོས་པ་རེད་འདུག་སྙམ།
དེ་ལས་གཞན་གྱི་མི་མང་དང་དྲི་བ་དྲིས་ལན་ཁག་ལས་སྤེན་པ་ཚེ་རིང་ཡུ་རོབ་ཀྱི་གཞོན་སྐྱེས་ཁག་དང་ལྷན་གྱི་དྲི་བ་དྲིས་ལན་དེ་ཧ་ཅང་རིན་ཐང་ལྡན་པར་མཐོང་སོང་། གཞོན་སྐྱེས་ཚོའི་དྲི་བའི་ཁྱབ་ཁོངས་རྒྱ་ཆེ་ཞིང་། ཕྱོགས་ཀུན་ལ་སྙོབ་པ་དང་ཁོང་གིས་ལན་གནང་བའང་དེ་ལྟར་རེད། ཡིན་ནའང་། ཁོའི་དྲིས་ལན་དག་ལས་ཉོབ་ས་ཞིག་ཡོད་པ་ནི། ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་གོམ་པ་སྤོ་གི་ཡིན་ཞེས་པ་དེ་རེད། དེ་ནི་བདེན་པ་དང་གལ་ཆེན་རེད་དེ། དོན་གནད་ཆེ་ཆུང་ཐམས་ཅད་ལ་ལན་དེ་གནང་ནའང་ཉོབ་པ་ཞིག་རེད།
སྤྱིར་ན་བོད་དོན་ཞེས་པ་རྒྱལ་སྤྱིའི་འཁོར་ཕྱོགས་དང་མ་འོངས་རྒྱང་རིང་གི་འཆར་གཞི་ལྡན་པ་ཞིག་གཞིར་བཞག་ནས་འདེམས་ན་སྤེན་པ་དྲག་སེ་ཡོད་པ་ལས། གཞིས་ཆགས་ཀྱི་ཁ་རྒྱབ་ལྟོ་གསོ་དང་རྒྱ་གར་བོད་མིའི་ཚོང་ལས་ཙག་ཙིག་ལམ་འགྲོ་ནས་མགོ་འཛུགས་དགོས་ན་རྒྱ་རི་དྲག་སེ་ཡོད་འདུག་སྙམ། འབྲོང་ཆུང་ལགས་སུ་ཕལ་ཆེར་ནུས་པ་འདི་ཙམ་ཡང་ཨེ་ཡོད་སྙམ། ཡིན་ནའང་། འབྲོང་ཆུང་ལགས་ཀྱིས་བོད་ནང་ནས་དཀའ་སྡུག་མྱངས་ཏེ་ཡོང་བའི་མི་དག་གི་སྐད་ཆ་ལ་ལོ་མང་རིང་ཉན་མཁན་ཞིག་ཡིན་པའི་ཆ་ནས་གཞིས་ཀྱི་བདེ་སྡུག་ལ་ཚོར་བ་ཟབ་མོ་དང་བསམ་གཞིག་ལྕི་མོ་ཡོད་ངེས་མོད། དེ་ལུགས་ཀྱི་འཇོན་ཐང་མེད་ན་སེམས་ཁྲལ་ཙམ་གྱིས་རྔོ་ཅི་ཡང་མི་ཐོགས།
ཁོ་བོར་མཚོན་ན། འོས་མིའི་ཐོབ་ཤོར་ལ་ཕངས་སེམས་མེད་ལ། འོས་མི་ཚང་མར་གུས་ཞབས་ཡོད་མོད་གནད་འགག་གི་སྐབས་སུ་ཤེས་ཡོན་པས་མི་མང་ལ་འགན་ཁུར་སྟངས་ནི། འདི་ལྟར་སྐད་ཆ་དྲང་བོར་བཤད་པ་དེ་ཡིན་རྒྱུ་རེད་སྙམ་ནས་འདི་ལྟར་ཐལ་བའོ། །རྣམ་པ་ཚོའང་ཅུང་ལྷོད་ལ་བོབ་དང་འཇིག་རྟེན་སང་ཉིན་ཚར་རྒྱུ་མིན་པས། དེ་འདྲའི་ངར་པོ་གནང་དགོས་པ་མ་རེད། ཧེ་ཧེ་ཧེ།
སྤྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༦ ཉིན།
་་་་་་་་་་་་་་་་་་ སྤེན་ཚེ་ལགས་ཀྱི་གཟའ་སྤེན་པའི་མུ་འབྲེལ་གཏམ་བཤད་ནི། རིན་ཐང་ཆེ་བའི་ཟབ་སྦྱོང་ཐེངས་ཤིག་རེད་འདུག མི་མང་སྨོས་ཅི་དགོས། སྲིད་སྐྱོང་འོས་མི་གཞན་དག་གིས་ཀྱང་ངེས་པར་ཉན་དགོས་པ་དང་། ཉན་ན་ལམ་སྟོན་གྱི་ཡིག་ཆར་འོས་པ་ཞེ་གཅིག་ཡིན་པའི་ཚོར་སྣང་ཞིག་སྤྲད་སོང་། ་་་་་་་་་་་་་་་
ཉར་གཅིག་གི་སྲིད་སྐྱོང་ལ། སྤེན་ཚེ་འཁོད་ཐུབ་པའི་ཁོང་ལ་རྒྱབ་སྐྱོར་དང་། ཁོང་ཐུབ་པའི་སྨོན་ལམ་ཡོད།
ཕྱོགས་རིས་ཡོ་འཁྱོག་མེད་པར་སྤྱི་སྙོམས་དབྱེ་ཞིབ་གནང་འདུག
ཡག་པོ
དེ་རིང་མ་གཏོགས་ཡག་པོ་ཞེས་པའི་ཚིག་གཅིག་པོ་གང་དུའང་བྲིས་མ་མྱོང་།
༢༠༡༦ འོས་བསྡུར་ལངས་མཁན་ཡང་སྤེན་ཚེ་རེད།
༢༠༡༦ འོས་བསྡུ་ཤོར་མཁན་ཡང་སྤེན་ཚེ་རེད།
༢༠༡༦ འོས་བསྡུ་ཤོར་པའི་སྐྱེ་བོ་ལ་སླར་།
༢༠༢༡ འོས་བསྡུ་ཐོབ་པའི་རེ་བསམ་ག་ནས་ཡོང་།
༢༠༡༦ སྤེན་ཚེར་བསྟོད་མཁན་ཞེན་ཅན་ཁྱེད་ཚོ་རེད།
༢༠༡༦ སྤེན་ཚེ་འོས་ཕམ་ཆོལ་གསུམ་དམངས་ཀྱི་བཅད།
༢༠༢༡ སྤེན་ཚེ་རྟུག་དྲི་མངར་གསང་ཁྱེད་ཚོར་རྒྱབ་ནའང།
༢༠༢༡ སྤེན་ཚེ་ཐོབ་རེ་མེད་པ་དམངས་ཀྱི་སླར་གཅོད།།
ཆོལ་གསུམ་བོད་ཀྱི་སྲིད་སྐྱོང་རེ་ལྡན་ཉིད།
ཆོལ་གསུམ་བོད་མིས་དམངས་གཙོའི་འོས་ལས་འདེམས།
ཆོལ་གསུམ་བོད་མིས་འདམ་པའི་སྲིད་སྐྱོང་ལ།
ཆོལ་གསུམ་བོད་མིས་ཡིད་ཆེ་གོང་བཀུར་ཞུ།།