གཡུ་སྒང་དགེ་འདུན།
ངས་འདིར་ཕྱི་ལོ་ ༢༠༢༡ སྲིད་སྤྱི་གཉིས་ཀྱི་ཐད་མང་ཚོགས་ཀྱི་གོ་རྟོགས་དང་སྲིད་སྐྱོང་འོས་མི་ཚོས་བསྒྲགས་ཚིག་ལས་ད་ལྟའི་ང་ཚོའི་སྤྱི་ཚོགས་འདི་ད་དུང་སྣོད་ཀྱི་སྐྱོན་གསུམ་གྱི་ཞགས་པས་བསྡམས་པའི་སྤྱི་ཚོགས་ཤིག་ཡིན་པ་གསལ་པོ་རེད། འདིར་ཉོག་བཤད་མེད་པར་མདོར་བསྡུས་ཤིག་བརྗོད་པར་བྱ།
༡ ༽ སྣོད་ཁ་སྦུབ་པ། ༸གོང་ས་ཡིད་བཞིན་ནོར་བུས་ཕྱི་ལོ་ ༡༩༧༣ ནས་ཐུགས་བསམ་ཟབ་མོ་བཏང་སྟེ། ད་ལྟའི་བར་དུ་དབུ་མའི་ལམ་ལས་ལྷག་ཅིག་མེད་པ་དང་། དེ་ལ་རྒྱལ་སྤྱིའི་སྒང་ལ་ནུས་པ་ཆེ་ཤོས་དང་། བོད་པའི་ངོས་ནས་བཤད་ནའང་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ཐུབ་པའི་ཐབས་ལམ་ཡག་ཤོས་ཡིན་པར་ངོས་རང་ཡིད་ཆེས་ཡོད་ཅེས་སོགས་བཀའ་སློབ་སྩལ་བ་མང་མེད་ནའང་ཉུང་མེད་པ་ཞིག་ཡོད། ད་དུང་དོལ་རྒྱལ་གྱི་སྐོར་ལའང་བཀའ་སློབ་མང་ཐག་ཆོད་ཅིག་སྩལ་ཡོད་ལ། རྒྱལ་བ་རིན་པོ་ཆེ་འདེམས་ན་དོལ་རྒྱལ་དོར་དགོས་པ་དང་། དོལ་རྒྱལ་འདེམས་ན་རྒྱལ་བ་རིན་པོ་ཆེ་དོར་དགོས་པའི་གསུང་གསལ་ཐག་ཆོད་ཡོད་པ་རེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་འདིར་གསུང་དེ་འགོ་དམངས་མང་པོ་ཞིག་གི་རང་རང་སོ་སོའི་བསམ་བློའི་སྣོད་དུ་ཉར་མེད། དེ་ཉར་མེད་པའི་རྐྱེན་གྱིས་སྤྱི་ཚོགས་འདིར་མི་ནུས་པ་ཅན་འགའ་ཡིས་མང་ཚོགས་ཁྲོད་དབུ་མའི་ལམ་ནི་རྒྱལ་བའི་དགོངས་དོན་ཇི་བཞིན་མ་ཡིན་པར་ཨུ་ཐུག་པའི་ཐབས་བྱུས་ཡིན་ཚུལ་སོགས་རང་སྣང་གང་དྲན་དུ་བཤད་ཀྱང་དེ་ལ་རྒྱག་གཅིག་མཆོང་གཅིག་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད། མཐའ་ན་༸གོང་ས་མཆོག་གིས་གཅིག་འདེམས་ན་གཅིག་དོར་དགོས་པའི་བཀའ་སློབ་སྩལ་ཡོད་ནའང་། ད་དུང་མེ་ཆུ་མཉམ་དུ་འཇོག་འདོད་ཀྱིས་ཀུན་སློང་སྟོན་མཁན་དག་ལའང་དུང་ཞེན་དང་དགའ་སྣང་བྱེད་མཁན་ཡང་མང་པོ་འབྱུང་གི་ཡོད། དེར་བརྟེན་འདི་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློའི་སྣོད་ཀྱི་སྐྱོན་ཁ་སྦུབ་པའི་ངན་རྟགས་རེད།
༢༽ སྣོད་ཞབས་རྡོལ་བ། ༡༩༧༣ དང་ ༡༩༧༤ ནས་བཟུང་ཐུགས་བསམ་བཏང་ནས་ཐོག་མར་ང་ཚོ་ལ་བདེ་སྐྱིད་དགོས་ཞེས་གསུངས་ཤིང་། དེ་ནས་རིམ་པས་རིམ་པས་དབུ་མའི་ལམ་ལ་ཕྱིན་པའི་བརྒྱུད་རིམ་སོགས་གསུངས་པ་ཉུང་ཉུང་མིན་མོད། དེ་དག་གི་དགོངས་དོན་ཡིད་ལ་མ་བཟུང་བའི་རྐྱེན་གྱིས་འགོ་དམངས་མང་པོ་ཞིག་ཁ་གདངས་མིག་གཅེར་ནས་འགྲོ་དགོས་པ་ཞིག་འབྱུང་བཞིན་ཡོད། ད་ལྟའི་ང་ཚོའི་འགོ་དམངས་མང་པོ་ཞིག་གིས་དབུ་མའི་ལམ་གྱི་གོ་དོན་བཤད་དགོས་ན་ཆུ་ཁའི་ཝུ་བ་ལྟ་བུ་ལས་བཤད་མི་ཤེས་ལ། མཐའ་འདེད་བྱས་ན་རང་ཉིད་ཀྱང་ཐེ་ཚོམ་དུ་གྱུར་ཏེ། ཡིད་བཞིན་ནོར་བུའི་ཐུགས་དགོངས་ཟབ་མོ་དེ་ལའང་ཡིད་ཆེས་བློས་འགེལ་མ་ཐུབ་པར་གནས་ཡོད། དེ་དག་ནི་བོད་མིའི་བསམ་བློའི་སྣོད་ཀྱི་ཞབས་རྡོལ་བའི་མཇུག་འབྲས་རེད།
༣༽ སྣོད་མི་གཙང་བ། ༸གོང་ས་མཆོག་གིས་མང་གཙོའི་ལམ་བུ་འདིར་བསྐྱོད་ན། དྲང་བདེན་དང་། གཞན་ཕན། ལྷག་བསམ། འདྲ་མཉམ། ཤེས་ཡོན། རང་རྒྱལ་གཞན་ཕམ་གྱི་བསམ་བློ་མེད་པ་བཅས་ཀྱི་བཀའ་སློབ་ལྷུན་པོ་ལས་དཔངས་མཐོ་ཞིང་། རྒྱ་མཚོ་ལས་གཏིང་ཟབ་པ་ཞིག་གསུངས་ཡོད། ཡིན་ནའང་འདིའི་རིགས་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད། རང་རྒྱལ་གཞན་ཕམ་གྱི་ཀུན་སྤྱོད་གཙོ་བོར་བཟུང་སྟེ། ང་ཚོ་དང་ཁྱོད་ཚོ་ཞེས་ཆོལ་ཁ་ཆོས་བརྒྱུད་ཀྱི་མིང་བྱང་འཁྱེར་ནས་ངས་ཤེས་ངས་འཇོན་གྱི་བསྒྲགས་གཏམ་སྤེལ། མང་ཚོགས་དཀྱུས་མའི་མང་གཙོའི་བསམ་བློ་བྱིས་པ་ལོ་གསུམ་གྱི་གོམ་པའི་ཐག་སྣེར་འཇུས་ཏེ། ༸གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེ་སྣང་མེད་དུ་བཞག དེ་ལས་ལྡོག་ཕྱོགས་ཀྱི་ལམ་ཁ་སྐྱི་གཡའ་བ་ཞིག་ལ་ཁྲིད་འདོད་ཀྱི་ཀུན་སྤྱོད་རྩིང་པོས་ཡོད་ཚད་རང་ཉིད་ཀྱིས་བསམ་པ་ལྟར་ཡིན་དགོས་པར་ཨུ་ཚུགས་བྱས་ཏེ་བཙན་བྱོལ་སྤྱི་ཚོགས་ཀྱི་ར་བ་ཆུང་ཆུང་དེ་ཁ་འཐོར་དགུ་འཐོར་དུ་གཏོང་གྲབས་བྱེད་པ་དག་ཡིན། དེ་ནི་སྣོད་མི་གཙང་བའི་མཐའ་སྡོམ་རེད།
ཅེས་གཡུ་སྒང་དགེ་འདུན་གྱིས། ༢༠༢༠ ཟླ་ ༡༢ ཚེས་ ༢༨ ཉིན་བྲིས།
༸གོང་ས་མཆོག་གི་བཀའ་དགོངས་ཤར་བསྐྱོད་བྱེད་མཁན་ཞིག་དགོས་ན། སྤེན་པ་ཚེ་རིང་ལ་འོས་འཕེན།
དབུ་མའི་ལམ་ལ་བརྒྱ་ཆ་བརྒྱ་ཐམ་པ་འགྲོ་མཁན་ཞིག་དགོས་ན། སྤེན་པ་ཚེ་རིང་ལ་འོས་འཕེན།
མངས་གཙོའི་ལམ་ལ་ཚད་མཐོ་བོར་འགྲོ་མཁན་ཞིག་དགོས་ན། སྤེན་པ་ཚེ་རིང་ལ་འོས་འཕེན།
སྲིད་སྐྱོང་འོས་མིར་འོས་ཆོས་མང་ཤོས་དང་ལེགས་ཤོས་དེ་དགོས་ན། སྤེན་པ་ཚེ་རིང་ལགས་འོས་འཕེན།