ཐེ་ཤེས་རབ།
བོད་བལ་གཉིས་ནི་བསྐལ་པ་ཆགས་ནས་བཟུང་ཁྱིམ་མཚེས་བྱས་ནས་བསྡད་པ་རེད། བོད་བལ་མི་རིགས་གཉིས་ཀྱང་ཕན་ཚུན་འབྲེལ་བ་ཧ་ཅང་ཟབ་སྟབས་ཕྱོགས་གཉིས་ཀར་འདྲེས་མའི་རིགས་རྒྱུད་དུ་མ་ཞིག་ཡོད། དཔེར་ན་བལ་ཡུལ་རྒྱལ་ཁོངས་སུ་་ཡོད་པའི་རྟ་མང་མི་རིགས་དང་། ཤར་པ་མི་རིགས། སྒོ་རུང་མི་རིགས། བླ་མ་མི་རིགས། ཡོལ་མོ་མི་རིགས། གཉི་ཤང་མི་རིགས་སོགས་མི་རིགས་མང་པོ་ཞིག་བོད་ནས་མཆེད་པ་ཡིན། བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བལ་རྒྱལ་གྲགས་ཅན་ཨམ་ཤོ་ཝརྨའི་སྲས་མོ་བྲྀ་ཀོ་ཊིའམ་བལ་བཟའ་ཁྲི་བཙུན་སྲོང་བཙན་སྒམ་པོའི་བཙུན་མོར་བཞེས་ཏེ་བོད་བལ་གཉེན་ཚན་གྱི་འབྲེལ་བ་བྱུང་། ད་དུང་བོད་བལ་བར་ཆབ་དཔལ་རིག་གསུམ་གྱི་འབྲེལ་བ་དམ་ཟབ་ཡོད་པ་རེད། བོད་དུ་དུས་འགྱུར་ཆེན་པོ་བྱུང་རྗེས་བོད་མི་ཁྲི་ཕྲག་དུ་མ་ཞིག་རྒྱ་བལ་འབྲུག་གསུམ་ནང་དུ་བཙན་བྱོལ་དུ་འབྱོར་ཞིང་། རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གཙོས་པའི་བོད་མི་བཙན་བྱོལ་བར་སྣེ་ལེན་གནང་བ་བཞིན་བལ་འབྲུག་གཉིས་ཀྱིས་ཀྱང་གནང་ཡོད། བལ་ཡུལ་རྒྱལ་པོ་མཆོག་ནས་རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར། བོད་བལ་གཉིས་ཀྱི་ཁྱིམ་མཚེས་དང་ཡུན་རིང་མཛའ་བརྩེ་ལ་དགོངས་ནས་བོད་མི་བཙན་བྱོལ་བ་རྣམས་ལ་མཐུན་འགྱུར་གང་ལེགས་གནང་ཡོད། འོན་ཀྱང་བལ་རྒྱལ་སྔ་མ་ནང་མི་འཁོར་བཅས་དགོང་མོ་གཅིག་ལ་བཀྲོངས་རྗེས་ཁོང་གི་སྤུན་མཆེད་ཀྱིས་རྒྱལ་སྲིད་བཟུང་ཞིང་། དུས་དེ་ནས་བཟུང་བལ་ཡུལ་གནས་སྡོད་བོད་མི་ཚོར་དཀའ་ངལ་འཕྲད་འགོ་བརྩམས། ལྷག་པར་དུ་རྒྱལ་པོ་ཁྲི་ལས་ཕབ་སྟེ་མང་གཙོའི་སྲིད་གཞུང་བཙུགས་རྗེས་བོད་མི་ཚོར་། ཉིན་རེ་ནས་ཉིན་རེར་དཀའ་ངལ་ཇེ་ཆེ་ནས་ཇེ་ཆེར་གྱུར། ཁོ་བ་ཚོས་བོད་མི་ཚོར་བལ་ཡུལ་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(RC)མི་སྤྲད་པ་མ་ཟད། བོད་མི་ཚོར་སྨྲ་བརྗོད་རང་དབང་དང་། ཆོས་དད་རང་་དབང་། འདུ་འཛོམས་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་འཕྲོགས་ཤིང་། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཚད་ལས་བརྒལ་བ་བྱས། བལ་ཡུལ་དུ་གནས་སྡོད་བོད་མི་ཚོར་བལ་གཞུང་གིས་སྐབས་རེར་བོད་ནང་ལས་ཀྱང་དམ་དྲག་ཐུ་བར་བྱེད་བཞིན་ཡོད། དེར་བརྟེན་བལ་ཡུལ་ནང་བོད་མི་ཚོར་གླ་ཕོགས་ཆུང་ངུའི་ལས་ཀ་ཡང་རག་མི་ཐུབ་པའི་དཀའ་ངལ་འོག་ཉིན་རེས་འཚོ་བའི་འགྲོ་གྲོན་འདང་ངེས་མེད་ཅིང་། ཐ་ན་རང་ཉིད་ལ་སྡོད་གནས་ཤིག་ཀྱང་མེད་སྟབས་། ད་བར་ལོ་ངོ་དྲུག་ཅུ་ལྷག་རིང་ལས་ཀ་ཆུང་ངུའི་་རིགས་རག་པ་རྣམས་ཀྱང་གླ་དངུལ་རྣམས་ཁང་བདག་ལ་སྤྲད་ནསབསྡད་ཡོད། བོད་མི་ཚོས་་རང་གི་བཟའ་ཟླ་དང་བུ་ཕྲུག་གསོ་མི་ཐུབསྟབས་སྐྱེས་པ་ཆང་ས་མ་བརྒྱབ་པ་མང་པོ་ཡོད། བུད་མེད་ཕལ་མོ་ཆེ་འུ་ཐུག་ནས་ཡུལ་མི་མཉམ་དུ་ཆང་ས་བརྒྱགས་དང་རྒྱག་བཞིན་ཡོད། སྐྱེས་པ་ཚོ་ཡངཡུལ་མི་མཉམ་དུ་ཆང་ས་རྒྱག་པ་ལས་བོད་པ་ནང་ཁུལ་ཆང་ས་རྒྱག་མཁན་ཧ་ཅང་ཉུང་། བལ་ཡུལ་དུ་གནས་སྡོད་བོད་མི་ཚོར་ཐ་ན་བོད་མི་ནང་ཁུལ་གྱི་འགོ་ཁྲིད་ཀྱང་འདེམ་དབང་མེད་པ་རེད། ཆབ་སྲིད་དང་འབྲེལ་བའི་དུས་ཆེན་ཁག་ཕར་ཞོག་ཆོས་ལུགས་དང་སྲོལ་རྒྱུན་དུས་ཆེན་ཁག་ཀྱང་གཏོང་ཚོག་གིན་མེད། ཐ་ན་ལོ་གསར་ཡང་མངོན་གསལ་དོད་པོ་་བྱས་ནས་གཏོང་ཆོག་གི་མེད། དེར་བརྟེན་དབུས་བོད་མིའི་སྒྲིག་འཛུགས་ནས་བལ་ཡུལ་ནང་གི་བོད་པ་ཚོའི་ཆེད་དུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་བལ་ཡུལ་གྱི་བོད་མི་རྣམས་སྡུག་བསྔལ་གྱི་གནས་ལས་སྐྱོབ་ཐུབ་པར་བྱེད་རོགས་ཞུ་རྒྱུ་ཡིན།
ཐེ་ཤེས་རབ་ཀྱི་བལ་ཡུལ་རྒྱལ་ས་ཀཐ་མན་ཊུ་ནས་ཕྱི་ལོ་༢༠༢༠ ཟླ་༡༢ ཚེས་༢༧ ལ་བྲིས།